«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»བཀླགས་པ།

རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-11 08:31:19 ཀློག་གྲངས།:
དེབ་མིང་། «ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང་།»
རྩོམ་པ་པོ། ལྷ་གཡང་ནོར་བུ།
རིགས་དབྱེ། སྙན་ཞུ་རྩོམ་རིག ལྷུག་རྩོམ།
ཤོག་ངོས༢༨༦བྱོན།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༢ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས་ཤིང༢༠༢༢ལོའི་ཟླ༡༢པར་དཔར་ཐེངས་དང་པོ་བཏབ། 


ནང་དོན་གནད་བསྡུས།
       སྙན་ཞུའི་རྩོམ་རིག་དང་ལྷུག་རྩོམ། དཔེ་ཀློག་མྱོང་ཚོར་སོགས་བསྡུས་པའི«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པའི་དེབ་འདི་ནི། «དུས་ཀྱི་སྙན་དབྱངས»དང«ངག་གི་འགྱུར་ཁུག» «ཡིད་ཀྱི་མཆོད་པ» «སེམས་ཀྱི་མྱོང་བ»ཞེས་པའི་ས་བཅད་བཞི་དང་། བདེ་ལྷུན་ཚེ་རིང་གཡང་འཛོམས་བྱ་བས་བརྩམས་པའི«རྩྭ་ཐང་གི་གླུ་པ»ཞེས་པ་ལྷ་གཡང་ནོར་བུའི་བརྩམས་ཆོས་ལས་སྐྱེ་ཁམས་འདུ་ཤེས་སྐོར་རགས་ཙམ་གླེང་བ་དེབ་ཀྱི་མགོ་བརྗོད་ཀྱི་ཚུལ་དུ་བཞག་སྟེ་གྲུབ་པ་ཞིག་རེད། དེ་ལས་ས་བཅད་དང་པོ་ནི་སྙན་ཞུའི་རྩོམ་རིག་གི་ནང་དོན་འབའ་ཞིག་གིས་གྲུབ་པར་བྱས་འདུག་ཅིང་། ས་བཅད་གཞན་པའི་རྩོམ་ཡིག་ཕལ་ཆེ་བར་རྩོམ་པ་པོ་ཁོང་གིས་རང་བྱུང་སྐྱེ་ཁམས་ལ་གོ་བ་ལེན་སྟངས་དང་། རང་ཉིད་གསོ་སྐྱོང་བྱེད་མཁན་གྱི་ཕ་མ་དང་ཕ་ཡུལ་གྱི་བཀའ་དྲིན། སྲོལ་རྒྱུན་རིག་གནས་ལ་བཟུང་བའི་འདུ་ཤེས། རྩོམ་རིག་ལ་བཅངས་པའི་དགའ་ཞེན་སོགས་མངོན་པར་བྱས་འདུག
བཀླགས་བྱང་ཉུང་བསྡུས།
       ན་ནིང་ཟླ་བ་ལྔ་པར༢༠༢༤ལོའི«མི་རིགས་ཀྱི་རྩོམ་རིག»བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་ལྷ་ས་ནས་བསྡུ་སྐབས། རྩོམ་པ་པོ་དང་རྩོམ་སྒྲིག་པ་གཉིས་ཀ་ཡིན་པའི་ལྷ་གཡང་ནོར་བུ་ལགས་དང་སླར་ཡང་མཇལ་འཕྲད་བྱུང་བར་མ་ཟད། ཁོང་གི་ཕྱག་རྩོམ་དེབ«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པར་མཚན་རྟགས་དང་བཅས་པ་བཀོད་དེ་གུས་པར་ཀློག་སྐལ་དུ་གནང་བྱུང་། ཡིན་ནའང་། དམན་པ་ང་རང་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཤོར་ནས་ཏག་ཏག་ལོ་གཅིག་ཙམ་འགོར་བཞིན་པའི་དུས་ད་ལྟ་མ་གཏོགས་ཆ་ཚང་བ་ཞིག་ཀློག་མ་ཐུབ།
       ཐེངས་འདིར་ཟླ་བཞི་པའི་དཔེ་ཀློག་འཆར་གཞིའི་ཁྲོད་དུ་བཀོད་སྒྲིག་བྱས་པ་བཞིན་ཟླ་བཞི་པའི་བཀླགས་དེབ་གཉིས་པར་གྱུར་པ་དང་། སློབ་ཁྲིད་དང་བྱིས་སྐྱོང་སོགས་བྲེལ་འཚུབ་ཀྱི་བར་གསེང་ནས་སེམས་རྣལ་ལ་འབབ་ཅི་ཐུབ་ཀྱིས་ཞིབ་པར་བཀླགས་པ་ཡིན། འོན་ཀྱང་། ངོ་ཚ་དགོས་པ་ཞིག་ནི་གུས་པས་ད་བར་དུ་སྙན་ཞུའི་རྩོམ་རིག་གི་སྐོར་ལ་སློབ་སྦྱོང་དང་སྙན་ཞུའི་རྩོམ་རིག་སྐོར་གྱི་བརྩམས་ཆོས་དམིགས་བསལ་བ་བཀླགས་མ་མྱོང་བས། རྩོམ་པ་པོ་ལྷ་གཡང་ནོར་བུ་ལགས་ཀྱི་དེབ་འདིའི་ནང་གི་ས་བཅད་དང་པོར་བཀོད་པའི་བརྩམས་ཆོས་གསུམ་པོ་ཞིབ་ཀྱིས་བཀླགས་པ་ན། གཟོད་ཀླད་ཁྱིམ་ནང་དུའང་ད་བྱས་ན་སྙན་ཞུའི་རྩོམ་རིག་ཅེས་པ་འདི་འདྲ་ཞིག་ཡིན་འདུག་ཨང་སྙམ་པ་དང་འདི་ལྟར་འབྲི་དགོས་པ་ཡིན་འདུག་ཨང་སྙམ་པ་ལྟ་བུའི་བློ་སྐྱེད་མི་དམན་པ་བྱུང་། གལ་སྲིད་ང་རང་ནོར་སོང་བ་མིན་ན། སྙན་ཞུའི་རྩོམ་རིག་ཅེས་པ་ནི་རྩོམ་རིག་གི་ལམ་ནས་དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་སོགས་སྙན་ཞུའི་ཚུལ་དུ་འབྲི་བ་ཞིག་མིན་ནམ་སྙམ། དེ་ལྟར་མིན་ནའང་ཐང་། 
       དེབ་འདིའི་ནང་གི་ས་བཅད་གཞན་དག་ཀློག་སྐབས་ང་ལ་སྤྲད་པའི་ཚོར་སྣང་སྐྱེན་ཤོས་ནི། རྩོམ་པ་པོ་ཁོང་ཉིད་བྱང་འབྲོག་གི་འཚོ་བ་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་ཆ་རྒྱུས་གཏིང་ཟབ་ཡོད་པ་དང་། མི་སེར་ལ་འབྲེལ་འདྲིས་ཟབ་པ། དམངས་ཁྲོད་ཀྱི་རིག་གནས་ལ་འཇུག་པ་ཡངས་པ། བོད་སྐད་ལ་བྱང་ཆུབ་པ་བཅས་ཀྱི་ཁྱད་ཆོས་དམིགས་བསལ་བདོག་པར་འདོད་པ་དེ་རེད།
       རྩོམ་པ་པོ་ཁོང་ཉིད་སྐྱེས་ས་འཚར་ས་འབྲོག་ས་འབྲོག་ཡུལ་ཡིན་པར་མ་ཟད། སློབ་ཐོན་བྱུང་ནས་གཞུང་གི་ལས་ཀར་ཞུགས་རྗེས་ཀྱང་འབྲོག་ཁུལ་དུ་དུས་ཡུན་རིང་པོར་ལས་དོན་བསྒྲུབས་པས། ཁོང་ཉིད་འབྲོག་པའི་འཚོ་བ་དང་འབྲོག་པའི་རིག་གནས། འབྲོག་པའི་ཡུལ་སྲོལ་གོམས་གཤིས་སོགས་ལ་སོག་མ་ཆུ་ཡི་སྟེང་དུ་འཕྱོ་བ་ཙམ་མ་ཡིན་པར་ནོར་བུ་རྒྱ་མཚོའི་གཏིང་དུ་འབྱིང་བ་ལྟར་རྒྱུས་མངའ་བག་ཆགས་ཟབ་ཅིང་མཐུག དེ་བཞིན་དུ་རང་ཉིད་ཀྱི་དྲིན་ཆེན་ཕ་རྒན་སོགས་ཡབ་མེས་གོང་མ་ཚོའི་ངག་ནས་བརྒྱུད་ཡོང་ཞིང་། བོད་མི་རིགས་ཀྱི་རིན་ཐང་ལྟ་བ་དང་སྐྱེ་ཁམས་འདུ་ཤེས། རིག་གནས་འདུ་ཤེས། ཆོས་ལུགས་དད་མོས། འཚོ་བའི་གོམས་གཤིས། འཚོ་གནས་སྙིང་སྟོབས་སོགས་མཚོན་པའི་དམངས་ཁྲོད་ཀྱི་བཤད་པ་དང་གླུ་གཞས་སོགས་ཀྱང་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར། ཚིག་དང་དབྱངས་ཐམས་ཅད་རུས་པའི་རྐང་ལ་ཟུག་འདུག་པའི་ཚོར་བ་ཟབ་མོ་སྟེར་ཡོང་། ཁྱད་པར་དུ་རྩོམ་པ་པོ་ཁོང་གི་རྩོམ་རིག་སྐད་ཆའམ་ཡང་ན་རྗོད་བྱེད་ཚིག་ནི་གངས་ཆབ་སིལ་མའི་བཞུར་རྒྱུན་གྱིས་རང་བྱུང་ཁམས་ཀྱི་པང་ཁུག་ན་རོལ་དབྱངས་སྙན་པར་འཁྲོལ་བ་ཇི་བཞིན་རྣ་བའི་བུ་གར་སྙན་ཞིང་འཇེབས་པ་ཞིག་སྟེ། དེ་ནི་དེང་གི་གསར་སྐྱེས་ཚོའི་གཞན་འགྱུར་གྱི་སྐད་ཆ་ཤོད་སྟངས་ལས་ཡོངས་སུ་ལྡོག་པ་དང་། ཚིག་གི་འགྲོས་དང་མིང་ཚིག་བཀོལ་སྟངས། བརྗོད་པ་སྤེལ་སྟངས་སོགས་གང་ལ་གཞིགས་ཀྱང་བོད་རང་གི་སྐད་ཀྱི་གཏིང་དུ་སིམ་འདུག་པའི་ཚོར་སྣང་སྐྱིད་པོ་ཞིག་སྩོལ་ཡོང་བར་འདུག
       ཁོང་ཉིད་རྩོམ་སྒྲིག་པ་ཞིག་ཡིན་པའི་ངོས་ནས་གནའ་དེང་གི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་མཇལ་མྱོང་བའི་ཤུགས་རྐྱེན་དང་བག་ཆགས་ཡིན་ནམ་ཅི། ཁོང་གི་རྩོམ་རིག་བརྩམས་ཆོས་དེ་དག་ཀློག་ཡོང་སྐབས་ཀྱང་འབྲི་སྟངས་དང་མཚོན་ཐབས་མང་པོ་ཞིག་ལ་ཚོད་ལྟ་གནང་འདུག་པ་ཉམས་སུ་མྱོང་ཐུབ་ཅིང་། དེ་ནི་དཔེ་ཀློག་དང་སློབ་སྦྱོང་གི་འཇུག་པ་ཡངས་པའི་དགེ་མཚན་ཞིག་རེད་ཨང་སྙམ་པའང་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་། དགེ་མཚན་དེའི་དབང་གིས་ཡིན་མི་འགྲོ། ཁོང་གི་བརྩམས་ཆོས་དག་ལས་ད་རུང་ཁྱད་ཆོས་གཞན་ཞིག་མངོན་པ་ནི། བརྩམས་ཆོས་མང་པོ་ཞིག་གི་ཁྲོད་དུ་རྡོ་ཆག་བཙན་སྒྲིག་དང་གླེན་པའི་ཨུ་ཚུགས་ཙམ་མ་ཡིན་པར་ཆུ་ལ་ཆུ་བཞག་གི་ཚུལ་དུ་དམངས་ཁྲོད་ཀྱི་གཏམ་དཔེ་དང་གླུ་ཚིག་མང་པོ་ཞིག་ཐོན་ཡོད་པ་དེས། ང་ལ་དེ་ལས་ཀྱང་རྩོམ་པ་པོ་ཞིག་ཡིན་ན་སོ་སོའི་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་སོགས་ལ་བྱང་གོམས་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནས་ཡིན་པ་ཤེས་སུ་བཅུག
       རྩོམ་པ་པོ་ཁོང་གིས་རྩོམ་རིག་སྒྱུ་རྩལ་ལ་བཅངས་བའི་དུང་ཞེན་དང་འཛིན་པ། ཨུ་ཚུགས་བཅས་ཀྱིས་ང་ལའང་སྙིང་ཕུར་ཡང་ཡང་རྡེབ་ཅིང་སྤོབས་པ་ཡང་ཡང་སྩོལ་ཡོང་བས། དངོས་འབྲེལ་དགའ་ཕྱོགས་གཅིག་པ་ཟེར་བ་འདི་འདྲ་ཞིག་མིན་ན་གང་འདྲ་ཞིག་ཡིན་སྙམ་པའི་ཚོར་བ་གཏིང་ཟབ་བྱུང་། གཞན་རྩོམ་པ་པོས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་ལྟ་ཚུལ་དང་། ཕ་ཡུལ་དང་ཕ་མའི་བཀའ་དྲིན། སྐད་དང་ཡི་གེ་ལ་བཅངས་བའི་ཞེན་ཁོག རྩོམ་རིག་ལ་དགའ་བའི་འཁྲེང་སེམས་སོགས་ནི་དེབ་འདིའི་མགོ་མཇུག་བར་གསུམ་དང་ཚིག་ཕྲེང་རེ་རེའི་བར་གསེང་ནས་ཆུ་མིག་བཞིན་བརྡོལ་ཡོང་གིན་འདུག་ལ། དེ་ནི་རྩོམ་པ་པོ་ཁོང་གི་གསར་རྩོམ་གྱི་དམིགས་ཡུལ་ལམ་ཁ་ཕྱོགས་ཤིག་ཏུ་འཁུམས།
       མཇུག་མཐར་བརྗོད་འདོད་པ་ནི། རྩོམ་པ་པོ་ཁོང་ནི་དམངས་ཁྲོད་ཀྱི་རིག་གནས་འདྲ་མིན་གྱི་ཉིང་བཅུད་ཀྱིས་གསོས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། ཁོང་གི་ལུས་ཀྱི་རྩ་སྦུབས་རེ་རེ་དང་ཟུངས་ཁྲག་གི་ཐིགས་པ་རེ་རེའི་ཁྲོད་ན་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ངག་རྒྱུན་སྙན་མོ་དང་གཏམ་དཔེ་སྙན་མོ། གླུ་གཞས་སྙན་མོ་བཅས་རང་ཆས་སུ་བདོག་པ་བཞིན། ཁོང་རང་ཉིད་ཀྱང་དམངས་ཁྲོད་ཀྱི་གླུ་གཞས་སྣ་ཚོགས་ལེན་པར་སྤྲོ་བ་རབ་ཏུ་ཆེ་སྟེ། དེབ་འདིར་ཡང་ཁོང་ཉིད་ཆེས་དགའ་ཤོས་ཀྱི་རྫི་གླུ་ཞིག་བཀོད་ཡོད་པ་འདི་ལྟར། ལུག་གཡང་མོ་རི་རྩེ་འགྲིམ་པའི་དུས། །རི་རྩེ་གསུམ་ཁ་བ་འབབ་འདྲ་ཡོད། །ལུག་གཡང་དཀར་རི་སྐེད་འགྲིམ་པའི་དུས། །སྨན་བུ་མོས་དུང་ཆབ་བཅིངས་འདྲ་ཡོད། །ལུག་གཡང་མོ་ལྷས་ལ་བརྒྱབ་པའི་དུས། །ཟངས་དཀར་ལྷུ་བཞི་འོ་མས་ཁེངས་འདྲ་ཡོད། །ལུག་གཡང་མོ་ཆུ་ལ་བརྒྱབ་པའི་དུས། །དར་དཀར་པོ་ཆུ་ལ་བཤམས་འདྲ་ཡོད། །ཅེས་པའོ། །དེས་ན་རྩོམ་པ་པོ་ཁོང་ཉིད་ལ་ཐེངས་རྗེས་མར་མཇལ་སྐབས་ཁོང་གི་སྙན་མོའི་ངག་ལས་རྫི་གླུ་སྙན་མོ་འདི་ལ་ཐེངས་གཅིག་རོལ་མྱོང་བྱེད་རྒྱུའི་སྐལ་བ་ཡོད་པར་སྨོན་ཞེས་མཇུག་བསྡུ་བའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།