གདོན་མིག་གི་སྙན་ངག་ཁག་ལྔ།

རྩོམ་པ་པོ།:གདོན་མིག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-10 08:48:34 ཀློག་གྲངས།:
རྫི་ཆུ།
 
རྟ་མཆོག་ལ་ལྕག་གིས་བཀྲབ་པ་ལྟ་བུའི
གསེར་མདོག་གི་ཡིག་ཆུང་དེ་དག
བུ་ཕྲུག་མེད་པའི
བུད་མེད་མངལ་གྱི་འཁུ་ཁྲག་བཞིན
གྲང་རླུང་གི་དྲོད་ཁོལ་ཁོ་ན་འཚོ

ད་ནི དམར་པོ་མེ་ལས་ཚ་བའི
དུངས་སེམས་གཉོར་དགོས་བྱུང་བ་ཨེ་རེད
ད་ནི ཡིད་ལ་རྦབ་རྡོ་ཉིལ་འདྲའི
རལ་སོང་བའི་བླ་སྒྲོ་བཏུ་དགོས་བྱུང་བ་ཨེ་རེད

སྒེའུ་ཁུང་སྔོན་པོ་དེ་ཡོད་ཀྱང
ད་རག་ཏུ འོད་སྣང་མཐོང་བར་མ་གྱུར
དྲག་ཏུ་སྦར་བའི་མེ་ལྕེ་ཡོད་ཀྱང
ཆར་བའི་ལག་ཟུང་གཉོམ་པོ
རྐང་གླིང་གི་རོལ་དབྱངས་ལྟར
ཤིག་ཤིག ལྷུང་ལྷུང ལྡེམ་ལྡེམ

གཟུགས་འགྱུར་བའི་ནགས་ཚལ་གྱི་དབུས་ན
མེ་ཏོག་གི་བྱ་རྒོད རྨི་ལམ་མེད་པའི་ཟོལ་གྱིས
སྤྲིན་ཡོལ་གྱི་ལྡིང་ཆ་དེ་རུ་འཕུར
སྟོང་ཁམས་ཀྱི་རླབས་རྒྱུན
རྒྱང་རིང་ནས་བལྟས་ཚེ
མྱ་ངན་མཐོ་རུ་བཏེགས་པའི
ཚེ་སྲོག་གི་རས་ཡུག་ཅིག་རླུང་གིས་བསྐྱོད་པ་བཞིན

རྫི་ཆུ མི་སྡུག་པའི་རབ་རིབ་ཁྲོད་ན
ཤིག་ཤིག ལྷུང་ལྷུང ལྡེམ་ལྡེམ

༢༠༢༥/༢/༢༥ལ།

རབ་རིབ་དང་མཛེས་སྡུག་བརྗེ་བ།

ཁ་བ་ནི་གོས་ཆེན་མིན་མོད
འོན་ཀྱང རྒྱལ་པོའི་གོས་ཆེན་ལས་ཀྱང་དྲོ
རབ་རིབ་ནི་ཁ་དོག་མིན་མོད
འོན་ཀྱང གསེར་གྱི་ཁ་དོག་ལས་ཀྱང་ཡག

རྒྱ་མཚོ་དང་ཁ་ཐག་རིང་བའི་བྱེའུ་དེ
གྲང་རླུང་འཐུང་ནས་ནར་སོན་བྱུང
གཤོག་རྡེབ་རེ་རེའི་རྗེས་ཤུལ
སྤྲིན་པའི་ངོས་སུ་ཤིན་ཏུ་ཟབ

ད་ལོའི་དགུན་ཟླ་འདི
སེམས་པའི་གཟུགས་བརྙན་འཛིན་མཁན་བཞིན
ཡིད་འོང་གི་དུར་སྒམ་དུ་དཀག་སྟེ
དུས་གཏན་དུ འདི་རུ་བཞུགས

ཉི་ནུབ་ཀྱི་མཚམས་སྤྲིན
ཟུངས་ཁྲག་ལས་ཀྱང་དམར་དོན
གཉོམ་ཆུང་བའི་སྐད་སྒྲ
རླུང་གིས་ཁུར་སོང་བ་ཡིན་ནམ

༢༠༢༤/༡༢/༢༢ཉིན་གློ་བུར་བྲིས།

ཞོགས་པའི་སྙན་ངག

ནམ་ད་དུང་གསལ་མི་འདུག
ཡིན་ནའང ཉི་མ་སྔར་ནས་ཤར་འདུག
མཁའ་དབྱིངས་སུ
སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་མོད
སྐར་ཕྲན་གྱི་འོད་ཟེར་ལས
གྲང་རླུང་གི་བྱེ་མ་འབབ

རྡུལ་འཚུབ་ཀྱི་ཡོལ་བ
རྒྱང་རིང་མཐོང་བའི་སྒེའུ་ཁུང་དང་འདྲ

རི་ལྗོངས་སྐྱ་བོས
མྱ་ངན་གྱི་ཚུལ་དུ
སྤང་ལྗོངས་ཀྱི་ལྭ་བའང་མནབས་མི་འདུག
མིན་ཏེ ཞུས་ཟིན་པའི་འཁྱག་རོམ་གྱི་ཞོགས་པ
དྲན་ཤེས་ཀྱི་དུར་ཁྲོད་ལས་འཕྱི་མི་སྲིད

སྣང་ངོར་འབྱར་བའི་རྒྱ་ཕིབས་ཀྱི་ཡིད་གདུང
ག་ལེར མཐོ་རུ་འཕགས་ཏེ
བྱ་རྒོད་ཀྱི་གཤོག་ཟུང་ལ་རྡེག
དེ་ནི རྒྱང་རིང་ནས་བལྟས་ན
ཐལ་མདོག་ཏུ་གྱུར་བའི
འཁྱོག་གཟུགས་ཀྱི་མཛེས་པ་ཞིག་རེད

 
༢༠༢༤/༡༢/༡༨ཞོགས་པར།

ཆར་བའི་ཡལ་ག

ཐལ་མདོག་གི་ཞིང་ཁ་འདི་རུ
ངས་མི་གཅིག་མཐོང་གི་ཡོད
དེ་ནི མཚན་སྙན་གྱི་ལྡེབས་རིས་སུ་དཔྱངས་པའི
ཨེ་ལུའོ་ཐི་ཡི་འཁྱོག་གཟུགས་ཀྱི་མྱ་ངན་རེད

ས་རྡུལ་གྱི་ཟེགས་མ་སྔོན་པོ་དག
བ་སྤུ་བཞིན་རླུང་གིས་འཁུར་དུས
ས་གཞི ཧ་ཅང་ཡང་བ་ཤེས

མེ་སྒྱོགས་ཀྱི་རོལ་མོས
ནུབ་ཕྱོགས་ཞིང་ཁའི་སྙེ་མའི་རྒྱུད་སྐུད་དཀྲོལ་དུས
རྣམ་ཤེས རླུང་བུའི་ནང་གི་གོམ་སྟབས་དང་འདྲ་བར
འཁྱག་རོམ་གྱི་དྲོད་ཁོལ་གཉོར

རེ་སྨོན་གྱིས་བརྫིས་པའི
ཡིད་བརྙན་གྱིས་རྨས་པའི
བྱ་རྒོད་ཀྱི་གཤོད་འོད་ཁྲ་བོ
ལག་པའི་ནང་གི་སྟོན་ཁ་བཞིན
ཟིན་དང་མ་ཟིན་མི་འདུག

ཡིན་ནའང སེམས་པ
ཆར་བའི་ཡལ་གར་བཀལ་ཏེ
དུས་ཚོད་ཀྱི་རླུང་ལ་སྒུག རླུང་ལ་སྒུག

 
༢༠༢༤/༡༢/༤ཕྱི་དྲོར།

གཉོམ་ཆུ།

ངས གྲང་ངར་གྱི་གཟུགས་བརྙན་བསྡུས་ནས
ཤི་གསོན་གྱི་ཁ་དོག་འདེབས་ཀྱིན་ཡོད
ངས བདེ་སྐྱིད་ཀྱི་ཚེར་མ་བཏུས་ནས
ཡིད་འོང་གི་སྡུག་བསྔལ་རྩིག་གིན་ཡོད

གས་ཆག་ཏུ་གྱུར་བའི་རྣམ་རྟོག་གི་ཟེགས་མ
ཁེར་རྐྱང་གི་ཚུལ་ཏུ
སྤྲིན་དཀར་གྱི་རྩྭ་ཐང་ལ་བབས
ཆར་བའི་མེ་ཏོག་རེ་རེ
ན་ཚོད་མེད་པའི་བགྲེས་པོ་ཞིག་གི་ཞལ་རས་དང་འདྲ

བཟློག་པར་དཀའ་བའི་རྦ་རླབས་ཀྱི་གྲིབ་མ
རྒྱ་མཚོའི་གོས་ཆེན་སྟེང་གི་རི་མོ་མིན
ཐལ་བར་གྱུར་བའི་ཚ་གདུང་གི་ཡིད་རིས
རྨིས་ནས་སད་མཐའ་མེད་པའི་འཁྲུལ་སྣང་མིན
ཐ་ན མངོན་སུམ་གྱི་འབར་རྡེའུ་ཁྲ་མོ་དེའང
གའུ་ཡི་དཀྱིལ་གྱི་གཡུ་བྱུར་མིན

ལྷམ་ཆུང་གི་བརྩེ་སེམས་ལྟ་བུའི
རལ་གྲི་སྔོན་མོའི་ཞི་བདེ་ལྟ་བུའི
ཁྱེད་ཀྱི་རྫོགས་ལྡན དུས་ཚོད་ཀྱི་ནང་ན་མི་འདུག
གཟུང་བར་འགྱུར་བའི་རྒྱུད་སྐུད་ཀྱི་སྟེང་དུའང་མི་འདུག

 
༢༠༢༤/༡༢/༢༧ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།