སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སུམ་ཅུ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-09 09:29:42 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ང་དགུ་པ།
       དུས་ཚོད་ལ་འདུག་དབང་མེད་པར་མིག་རྡེབ་པ་ཙམ་གྱི་རིང་ལ་ཡང་དགུན་ཁ་སླེབས་བྱུང་། ངེད་ཚོས་སྒྲོལ་མའི་མིང་ཐོག་ཏུ་མ་དངུལ་བསྡུ་རུབ་བྱས་ནས་ཉོས་པའི་ཁང་པ་ལེགས་གྲུབ་བྱུང་བ་མ་ཟད་སྟབས་བདེའི་མཛེས་བཟོ་ཡང་བྱས་ཚར། དེ་བཞིན་ངའི་ཐོག་མའི་བྱ་བའི་བསམ་བཀོད་དེ་དག་ཀྱང་རེ་རེ་བཞིན་དོན་སྨིན་བྱུང་སོང་།
       དགུན་གནང་སླེབ་ལ་ཉེ་བས། དོན་གྲུབ་དང་ཤའོ་ཡུན་གཉིས་ཀྱི་བརྩེ་དུང་ལ་ཡང་འཕེལ་རྒྱས་གསར་པ་བྱུང་ཡོད། ཁོ་ཚོས་དྲ་ཐོག་ནས་ཁ་བརྡ་མང་དྲགས་བྱས་ཏེ་ཚང་མས་སྤྲོ་སེམས་ཆེན་པོས་ཕན་ཚུན་ཡང་བསྐྱར་ཐུག་འཕྲད་ཡོང་བའི་དུས་ལ་སྒུག་འདུག ང་དང་སྒྲོལ་མ་གཉིས་ཀྱིས་ཀྱང་གལ་ཏེ་ད་ཐེངས་ཁོ་ཚོར་འབྲེལ་གཏུགས་བྱས་ཚེ། ཡོས་ལན་གྱིས་ཀྱང་རྣམ་འགྱུར་ལེགས་བསྒྱུར་བྱེད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོ་བོས་ཡོས་ལན་གྱི་རེ་དྲོད་རེ་འཁྱག་གི་བཟོ་ལྟའི་ཁྲོད་མོས་ད་ཡང་ངོ་རྒོལ་གྱི་རྣམ་འགྱུར་བཙན་པོ་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མེད་པ་མཐོང་རྐྱེན་ཡིན། གལ་ཏེ་ཁོ་མོའི་སེམས་ཞི་མཉེན་དུ་སོང་ན། དོན་དག་འདི་ངོ་མ་པང་ལེབ་སྟེང་དུ་འཛེར་མ་རྡེབ་པ་ལྟར་གཏན་འཁེལ་བྱེད་ཐུབ་སོང་བ་མ་རེད་དམ། རེད་དེ། ཉེ་ལམ་བྱ་བ་གང་ཞིག་ཡིན་རུང་འདོད་ཐོག་ལ་རྟ་རྒྱུགས་པས། ང་ཡི་སེམས་ཁམས་ནི་དཔྱིད་ཀྱི་རླུང་བུས་བྱུགས་པ་ལྟར་དགའ་བདེའི་ཚོར་བས་ཁྱབ། དངོས་གནས་ཡོས་ལན་གྱི་ཁ་པར་འབྱོར་བྱུང་སྟེ། ང་གཅིག་པུ་ཞིང་ཆེན་གྲོང་ཁྱེར་དུ་མོ་དང་ཐུག་འཕྲད་བྱེད་དགོས་པ་དང་། དོན་དག་གལ་ཆེན་ཞིག་ལ་གྲོས་མོལ་བྱེད་དགོས་ཞེས་ཟེར། སྒྲོལ་མས། དེ་ནི་བུ་ཡི་གཉེན་སྒྲིག་གི་དོན་དག་ཡིན་ཁོ་ཐག་ཡིན་ཏེ། བལྟས་ཡོང་ན་ཁོ་མོའི་རྣམ་འགྱུར་བསྒྱུར་སོང་ཟེར།
       སྒྲོལ་མས་ང་མྱུར་དུ་དུས་ཆད་ལ་འགྲོ་བར་སྐུལ།
       ཡོས་ལན་གྱིས་ཞིང་ཆེན་གྲོང་ཁྱེར་གྱི་མཁར་ཤར་ཁུལ་གྱི་ཤིན་ཏུ་མིག་ལ་མི་ཐོགས་པའི་ཇ་ཁང་དཀྱུས་མ་ཞིག་གི་ནང་དུ་ང་ལ་སྒུག་འདུག ང་ཚོས་ཇ་འཐུང་ནས་ཁ་བརྡ་བྱས། ཁོ་བོས་རྟོགས་པ་ཡིན་ན། དེ་རིང་གི་ཡོས་ལན་གྱི་སྙིང་སྟོབས་ཞན་ཞིང་སེམས་ཁམས་མི་བརྟན་ལ། གདོང་གི་མདངས་ནི་ཀོ་གྲིབ་ཟློས་གར་ནང་གི་ཤིང་མི་དང་མཚུངས་པར་ཁ་བརྡ་བྱས་ནའང་ཤར་ནས་ཚིག་གཅིག་དང་ནུབ་ནས་ཚིག་གཅིག་སྨྲས་ཏེ། རྣམ་རིག་རབ་རིབ་དང་བརྗོད་གཞི་མེད་པར་གྱུར། དེས་ང་ཡ་མཚན་སྐྱེས་སུ་བཅུག་མོད། ཡང་དོན་དངོས་འདྲི་མ་ཕོད། དེ་ལྟར་ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ལྷག་འགོར་རྗེས་མོས་དབུགས་རིང་ཞིག་ཕྱུང་རྗེས་ངའི་བསམ་ཡུལ་ལས་འདས་ཤིང་།
གནམ་ས་གཡོ་བར་བྱེད་པའི་སྐད་ཆ་ཞིག་འདི་ལྟར་བཤད་བྱུང་སྟེ། ཤའོ་ཡུན་ནི་ཁྱོད་ཀྱི་བུ་མོ་ངོ་མ་ཡིན་ཞེས་ཟེར།
       ང་ཧད་པར་གྱུར་ཞིང་མིག་གྱེར་ནས་མོའི་ངོ་མདོག་ལ་བལྟས་ནས་མོར་ཀླད་སྐྱོན་འདྲ་བྱུང་བ་མིན་ནམ་ཞེས་མཉམ་འཇོག་བྱས་ལ། ཡང་མོས་རྨི་བཤད་འདྲ་བརྒྱག་བཞིན་པ་ཨེ་ཡིན་ནམ་ཞེས་ཐེ་ཚོམ་སྐྱེས།
       ཡོས་ལན་གྱིས་ང་ཧ་ལས་ཧང་སངས་སུ་གྱུར་བའི་རྣམ་འགྱུར་ལ་བལྟས་ནས་དེ་བས་སེམས་རྣལ་ལ་ཕབ་སྟེ། ཁྱོད་ཀྱིས་འདི་ལྟར་ང་ལ་བལྟས་ན་ཁོ་མོར་སྐྲག་སྣང་སྟེར་མོད། འོན་ཀྱང་ངས་ཁྱོད་ལ་ཁག་མེད་སྙམ་སྟེ། རྒྱུ་མཚན་ནི་དོན་དེ་ཁྱོད་ཀྱི་རྣར་གཏན་ནས་འགྲོ་ཐབས་མེད་པས་ཡིན། གཤམ་ནས་ངས་དོན་དེ་སྐོར་ཞིབ་བརྗོད་ཅིག་བྱ་ཟེར།
       ལོ་བཅོ་བརྒྱད་སྔོན་གྱི་ཉིན་འགའི་རིང་ལ། གཉེན་སྒྲིག་བྱས་ཟིན་པའི་ཡོས་ལན་ནི་རང་གི་ཁྱོ་གར་བྱིས་པ་སྐྱེད་པའི་ནུས་པ་མེད་ཅིང་བུ་ཕྲུག་མེད་པའི་སྡུག་བསྔལ་ནང་དུ་ལྷུང་སོང་། དེའི་ཕྱིར་མོ་དང་ཁྱོ་ག་གཉིས་ཀྱིས་ཁམས་དཀར་གསོག་མཛོད་ནང་གི་ཁམས་དཀར་གྱིས་མིས་བཟོས་ཁམས་སྦྱོར་བྱེད་པར་གྲོས་མོལ་བྱས། ཁྱོ་གས། ཁམས་དཀར་གསོག་མཛོད་ནང་གི་ཁམས་དཀར་ནི་སུ་དང་གང་གི་ཡིན་པ་མི་ཤེས་པས་རྗེས་སུ་རྩོད་གཞི་མེད་ཅིང་བྱིས་པ་དང་སུར་མཚོན་ནའང་དེ་ལེགས་ཅེས་པར། ཡོས་ལན་ཡང་དེར་འཐད་པ་བྱུང་། ཡིན་ནའང་སྐབས་དེར་ཡོས་ལན་གྱིས་ཚགས་པར་སྟེང་དུ་སྒྲོལ་མས་མིས་བཟོས་ཁམས་སྦྱོར་གྱི་ཐབས་ལ་བརྟེན་ཏེ་ཞི་ལི་སྙིང་རྗེ་ཞིག་བཙས་པའི་བརྡ་འཕྲིན་མཐོང་བ་དང་། བླངས་པའི་ཁམས་དཀར་ནི་ང་ལས་བླངས་པའི་ཁམས་དཀར་གསོན་པོ་ཡིན་པ་ཤེས་རྗེས། ཡང་བསམ་བློར་གཡོ་འགུལ་ཐེབས་ཏེ་སེམས་སུ་ཁམས་དཀར་གསོག་མཛོད་ནང་གི་ཁམས་དཀར་ནི་སུ་དང་གང་གི་ཡིན་པ་མི་ཤེས་མོད། འོན་ཀྱང་དེ་དག་གི་སྤུས་ཚད་ཁག་ཐེག་བྱེད་དཀའ་བས། སུ་ཞིག་གིས་ཁམས་དཀར་འདོན་སྤྲོད་བྱེད་མཁན་དེའི་སྐྱེས་གཟུགས་ག་འདྲ་ཡིན་པ་ཤེས་སམ། གལ་ཏེ་དེ་ནི་སྐྱེས་གཟུགས་ཐུང་ལ་དབང་ལྔ་སྐྱོན་ཅན་ཞིག་ཡིན་ཚེ་བཙས་ཡོང་བའི་བྱིས་པའང་ག་འདྲ་ཞིག་ཡིན་སྲིད་དམ་སྙམ་པ་དེ་རེད། གཞན་ཡང་མོ་སྔོན་ཆད་ང་ལ་དམིགས་བསལ་གྱི་བརྩེ་དུང་ཡོད་པ་དང་གནས་ཚུལ་རྒྱུས་མངའ་ཡོད་པའི་དམིགས་བསལ་གྱི་གནས་ཚུལ་འོག་ཏུ་བསམ་གཟས་ནས་ངའི་ཁམས་དཀར་འདོད་པ་རེད། དེ་ལྟ་བུའི་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་རྐྱེན་གྱིས། མོས་ཁྱོ་གས་དོགས་པ་ཟོས་ཏེ་རྗེས་ཕྱོགས་ཀྱི་འཚོ་བར་རྙོག་དྲ་བཟོ་བར་སྐྲག་པས་ཁྱོ་གར་གསང་སྟབས་ཀྱིས་ཁམས་དཀར་བརྒྱུད་འཚོང་བྱེད་མཁན་བརྒྱུད་དེ་ངའི་ཁམས་དཀར་ཐོབ་པ་མ་ཟད། ད་དུང་ཁམས་དཀར་བརྒྱུད་འཚོང་བྱེད་མཁན་བར་དུ་རང་ཉིད་ཀྱི་ཁྱོ་ག་དང་གཞན་མི་སུ་ཞིག་ལའང་གནས་ཚུལ་དེ་མི་བཤད་པའི་གྲོས་མཐུན་ཡི་གེ་བྲིས་པ་རེད། སྐབས་དེར་ང་ཡི་སྒོར་ཁུག་སྟོང་བར་གྱུར་བས་འདང་མང་པོ་མ་བརྒྱབ་པར་གླ་ནེ་གླེན་ནེར་ཁམས་དཀར་མཁོ་འདོན་བྱས་པ་ཡིན་པས། སུ་ཞིག་གིས་འདི་ལྟར་འགྱུར་བར་འདོད་དམ།
       ཡོས་ལན་གྱིས། བུ་ཕྲུག་ཚོའི་འབྲེལ་བ་ཇེ་བཟང་དུ་སོང་རྗེས། ང་དགའ་བའི་སྟེང་ལ་སེམས་ཁྲལ་གྱིས་ཁེངས་སོང་། དགའ་བ་ནི་གཅེན་གཅུང་འདི་གཉིས་མཉམ་འཛོམས་བྱུང་བ་དེ་ཡིན་ལ། སེམས་ཁྲལ་བྱེད་པ་ནི་གལ་ཏེ་ཁོ་ཚོར་འཁྲིག་སྦྱོར་གྱི་འབྲེལ་བ་བྱུང་ཚེ། དེ་ནི་བརྩེ་བ་མེད་པའི་བརྩེ་དུང་དུ་འགྱུར་རྒྱུ་དེ་རེད། དེ་ལྟར་ངའི་སེམས་ནི་དུས་རྒྱུན་འགལ་ཟླའི་ཁྲོད་དུ་གནས་ཡོད། ཁྱེད་ཚོས་ངའི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད། ད་དུང་ཤའོ་ཡུན་བརྒྱུད་ནས་ངས་དོན་དག་འདིར་བཟུང་བའི་རྣམ་འགྱུར་ལ་བལྟས། ངས་ཐོག་མཐའ་བར་གསུམ་དུ་སྐད་ཆ་སྙན་མོས་བཀག་འགོག་བྱེད་བཞིན་ཡོད། ངས་ཤེས་ཏེ་ཁྱེད་ཚོ་ངའི་སྟེང་ལ་སྡང་སེམས་སྐྱེས་བཞིན་ཡོད་ལ། ངས་ཀྱང་བྱིས་པ་ཚོའི་བརྩེ་དུང་འཕེལ་རྒྱས་སུ་འགྲོ་བའི་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད། གལ་ཏེ་ཁོ་ཚོའི་འབྲེལ་བ་མཚམས་ཆད་ཚེ་དོན་དེ་དེ་ལྟར་མཇུག་རྫོགས་པ་ཡིན་མོད། འོན་ཀྱང་ཁོ་ཚོས་བརྩེ་དུང་ཁྲོད་ལས་དབང་བཅོལ་བཞིན་ཡོད་པས་ངས་ཀྱང་ཁོ་ཚོ་ཁ་བྲལ་དུ་གཏོང་མི་ཕོད། ཉིན་འདི་དག་གི་རིང་ལ། ཐ་ན་ཁོ་ཚོར་དགའ་རོགས་དང་གཉེན་སྒྲིག་བྱེད་དུ་འཇུག་པའི་བསམ་ཚུལ་བྱུང་མྱོང་། ཚན་རིག་གི་སྟེང་ནས་བཤད་ན། ཁྲག་རྒྱུད་གཅིག་པའི་གཉེན་ཉེ་བར་གཉེན་སྒྲིག་བྱས་ན་མི་རབས་རྗེས་མར་མི་ལེགས་ཏེ། གླེན་ཞ་སོགས་བདེ་ཐང་མིན་པའི་ཕྲུ་གུ་དམར་འབྱར་སྐྱེ་སླ་བར་བཤད་མོད། འོན་ཀྱང་དེ་ལའང་ཚད་ཐིག་ཅིག་ཡོད་པར་ངེས་ཏེ་ཚང་མ་མི་བཟང་བའི་ངེས་པའང་ག་ལ་ཡོད། མི་ནི་ཚན་རིག་མི་ཤེས་པའི་ལོ་རབས་ནས་བརྒྱུད་ཡོང་བ་རེད། གལ་ཏེ་ང་ཚོའི་མེས་པོ་རྣམས་ཀྱིས་དང་ཐོག་ནས་འདི་ལྟ་བུའི་དོན་ལ་ཐེ་གཏོགས་བྱས་ནས་ཡོང་ཚེ་དེ་རིང་གི་མི་རྣམས་ཕལ་ཆེར་ཡོད་མི་སྲིད། དོན་དག་འདིའི་ཐད་དུ་བྱིས་པ་རྣམས་ཀྱིས་གནས་ཚུལ་མི་ཤེས་ལ། ཁྱོད་ཚོས་ཀྱང་གནས་ཚུལ་མི་ཤེས་པས། མི་ཤེས་ན་ཚད་བརྒལ་མི་བྱ་ཞིང་། མི་ཤེས་ན་ཉེས་པ་མི་གསོག་པས། ཉེས་པ་ཡོད་མཁན་ནི་ང་གཅིག་པུ་ཡིན་པ་རེད། ངས་ཉེས་འགན་ཡོད་ཚད་འཁུར་ནས་བྱིས་པ་རྣམས་བདེ་བླག་ངང་གཉེན་སྒྲིག་བྱེད་དུ་འཇུག་རྩིས་ཡོད་ལ། ངའི་བསམ་པར་ད་དུང་དེང་རབས་སྤྱི་ཚོགས་ཀྱི་གཞོན་ནུ་ཚོས་འདང་མང་ཙམ་བརྒྱག་ཡུལ་ནི་རང་ཉིད་ཀྱིས་བག་ཕེབས་ངང་འཚོ་བ་སྐྱེལ་རྒྱུ་དེ་ཡིན་པས། ཐབས་རྡུགས་ན་མ་འོངས་པར་ཁོ་ཚོར་ཕྲུ་གུ་མི་དགོས་པར་བྱེད་དུ་འཇུག་རྒྱུའང་བསམ་ཞེས་ཟེར།
       ངས། ཁྱོད་ཀྱིས་དེ་ལྟར་སྙམ་ན། དེ་རིང་ང་ལ་དོན་དེ་མངོན་གསལ་དུ་བཤད་དགོས་དོན་ཅི་ཡིན་ཞེས་སྨྲས།
       ཡོས་ལན་གྱིས་རེ་ཞིག་འགོར་རྗེས་བཤད་རྒྱུར། རྒྱུ་མཚན་ནི་ད་ལྟ་ང་ཡང་རྙོག་དྲ་གསར་བ་ཞིག་དང་འཕྲད་ཡོད་པས། དོན་འདི་ངའི་གཉིད་ཟས་འཕྲོག་རྐུན་ཏུ་གྱུར་ཡོད་ཟེར།
       ངས། དོན་དག་ཅི་ཞིག་ཡིན་ནམ་ཞེས་པར།
       ཡོས་ལན་གྱིས། ང་ལ་ཁྱོད་ཀྱི་ཕྲུ་གུ་མངལ་སྦྲུམ་པའི་རྗེས། སྐབས་རེར་ངས་ཕྲུ་གུ་སྐྱེས་པའི་རེ་སྒུག་ཆེན་པོ་བྱས་ཏེ། ཁོ(མོ)ལ་སྔ་ཙམ་ལ་བལྟ་འདོད་དང་། ཡང་ལན་རེར་ཁོ(མོ)ཕོ་བའི་ནང་དུ་ཡུན་རིང་བདེ་སྐྱིད་ངང་བསྡད་ན་བསམ། རྒྱུ་མཚན་ནི། ངའི་སེམས་སུ་ཚེ་འདིར་ང་ཚོ་བཟའ་ཟླ་དང་ཐ་ན་དགའ་རོགས་ཀྱང་བྱེད་མ་ཐུབ་མོད། འོན་ཀྱང་ངའི་ཕོ་བའི་ནང་དུ་སྦྲུམ་ཡོད་པ་ནི་ངེད་གཉིས་ཀྱི་ཁྲག་རྩ་འདྲེས་གྲུབ་ལས་བྱུང་བའི་གཅེས་ཕྲུག་ཡིན་པ་དང་། ལྷག་པར་དུ་བུ་མོ་སྐྱེས་བཞིན་སྐྱེས་བཞིན་མཛེས་སྡུག་ཡིད་དུ་འོང་ལ། སྐྱེས་བཞིན་སྐྱེས་བཞིན་གནས་ལུགས་ཇེ་རྟོགས་ཡིན་པས། ངའི་སེམས་ནི་སྦྲང་རྩི་འཐུང་བ་དང་འདྲ་བར་འཚོ་བའི་ཁྲོད་བདེ་སྐྱིད་ཀྱི་འོད་སྣང་གིས་ཁེངས་པ་རེད། རྗེས་སུ། ང་ནི་ང་ཚོའི་བྱིས་པས་དགའ་རོགས་བསྒྲིགས་ཏེ་ཕྱོགས་གཉིས་དཀའ་ངལ་གྱི་གནས་སུ་བསྐྱེལ་ཡོད་པའི་ཁྲོད་གནས་ཡོད་མོད། འོན་ཀྱང་དེས་ངར་སྡུག་བསྔལ་ཆེན་པོ་མ་བསྐྱེད། རེད་མོད་ཀྱང་ཏག་ཏག་སྐབས་དེར་སྐབས་དེ་དུས་ཀྱི་ཚོང་པ་དེས་སྒོ་ཁར་ང་བཙལ་ཡོང་སྟེ། སྐབས་དེར་ཁོའི་རོགས་སྐྱོར་ཆེན་པོར་བརྟེན་ནས་ད་ལྟ་ང་ལ་བུ་མོ་ཡིད་དུ་འོང་བ་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གྲུབ་ཏུ་བཅུག་པ་ཡིན། མིག་སྔར་ཁོ་ལ་སྒོར་མོ་དཀོན་པས། ངས་སྒོར་ཁྲི་གཅིག་བསྐྱིས་དགོས་ཟེར། ངས་ཤེས་ཏེ། དེ་ཡིས་སྒོར་བསྐྱིས་ཟེར་བ་ནི་དོན་གྱིས་བྱིན་ཟེར་བ་དེ་རེད། དེ་ལྟར་ངས་གཏོང་ཕོད་ཆེན་པོས་ཁོ་ལ་སྒོར་ཁྲི་གཅིག་བྱིན། དུས་ཡུན་ཅུང་ཙམ་མ་འགོར་བར་མི་དེར་ཡང་སྒོར་ཆད་བྱུང་ཞེས་ང་ལ་སྒོར་མོ་བསྐྱིས་སུ་ཡོང་བ་མ་ཟད། ད་དུང་ཁྲི་གཉིས་དགོས་ཟེར། ངས་ཁྱོད་ཀྱིས་སྔོན་གྱི་བསྐྱིས་སྒོར་མ་བྱིན་པར་ཡང་སྒོར་བསྐྱིས་ཟེར་བ་ཅི་རེད་ཅེས་སྒོར་སྐར་གཅིག་ཀྱང་བསྐྱིས་རྩིས་མེད་པ་ལ། ཁོའི་གཞི་ནས་གདོང་འབག་བཤུས་ཡོང་སྟེ། གལ་ཏེ་ཁོ་ལ་སྒོར་མོ་མི་སྟེར་ན། ལོ་དེའི་ཁམས་དཀར་སྡེབ་སྦྱོར་གྱི་གནས་ཚུལ་ངོ་མ་དེ་ངའི་ཁྱོ་ག་དང་ཁྱོད་ཀྱི་ཁྱིམ་མིར་བཤད་ངེས་ཞེས་ཟེར། ངས། ངེད་གཉིས་ལ་གྲོས་མཐུན་གན་རྒྱ་ཡོད་པ་མ་ཡིན་ནམ། ཁྱོད་ཀྱིས་འདི་ལྟར་བྱས་པ་ནི་སྒྲིག་སྲོལ་དང་འགལ་བ་རེད་ཅེས་པར། མི་དེས། གྲོས་མཐུན་ནི་ངེད་གཉིས་བར་ལྐོག་ཏུ་ཁ་ཆད་བྱས་པ་ཙམ་ཡིན་པས་ཕན་ཐོགས་མེད་ཅེས་པར། ང་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་ཡང་སྒོར་ཁྲི་གཉིས་བྱིན། ད་ལྟ་ངས་སེམས་འཁུར་བྱེད་བཞིན་པ་ནི་གལ་ཏེ་མི་དེས་མུ་མཐུད་དུ་ང་ལ་ཚར་རྒྱུ་མེད་པའི་བཙན་ཤེད་བྱས་ན་ངས་ཅི་ཞིག་བྱེད་དགོས་སམ་སྙམ་པ་དེ་ཡིན་ཟེར།
       ཡོས་ལན་གྱིས་རྒྱུ་མཚན་བཤད་ཚར་རྗེས། མགོ་མར་སྒུར་ནས་ཅི་ཡང་མི་ཤེས་པའི་རྣམ་འགྱུར་མངོན།
       ངས་ཤའོ་ཡུན་ནི་ངའི་བུ་མོ་ཡིན་ལ། ཡོས་ལན་ལ་ཁམས་དཀར་བསྡུས་པའི་དོན་དག་གིས་བཙན་ཤེད་ཐེབས་པའང་ཤེས་སོང་། ད་ལྟ་ཏག་ཏག་དེའི་དོན་དུ་ང་སེམས་སྡུག་གིས་མནར་བྱུང་སྟེ། སེམས་ལ་བྲོ་ལྔའི་ཤེལ་དམ་མགོ་རྟིང་སློག་པ་ལྟར་བཤད་མི་ཤེས་པའི་ཚོར་བ་ལྕི་མོ་ཞིག་གིས་མནན་ཡོད་། ངའི་སེམས་སུ་དོན་གྲུབ་དང་དང་ཤའོ་ཡུན་གཉིས་ནི་གཅེན་གཅུང་ཡིན་པ་ཤེས་བཞིན་དུ་གཉེན་འདི་མི་འགྲིག་ཁོ་ཐག་ཡིན། ད་ལྟའི་གནད་དོན་གཙོ་བོ་ནི། གདུག་རྩུབ་ཆེ་ལ་འདོད་རྔམ་ཆེ་བའི་བཙན་ཤེད་པ་དེར་ཇི་ལྟར་ངོ་རྒོལ་བྱེད་རྒྱུ་དེ་རེད། གལ་ཏེ་ཁོ་ཁྲིམས་ལ་ཞུ་གཏུགས་བྱས་ན། ཁོས་དོན་དག་འདི་དྲང་བདེན་ངང་ངོས་ལེན་བྱེད་པ་མ་ཟད། དེ་ནི་སྤྱི་ཚོགས་ལ་དོན་དག་འདི་ཡོངས་བསྒྲགས་བྱས་པ་དང་ཡང་མཚུངས་པས། མང་ཚོགས་ལ་འུར་སྒྲ་སློང་ངེས་ཡིན་ལ། ད་དུང་བྱིས་པ་གཉིས་ལ་ཁོ་ཐག་ངག་ཀྱལ་གྱི་གནོན་ཤུགས་ཐེབས་ངེས་ཡིན། གལ་ཏེ་ལྐོག་ཏུ་དྲག་ཤུགས་ལ་བརྟེན་ནས་འཇིགས་སྐུལ་བྱས་ཚེ། གནས་ལུགས་ཡོད་པའི་མི་དེ་ཉེས་ཅན་དུའང་འགྱུར་སྲིད་དེ། གསང་བ་དེ་ཕྱིར་གཏོལ་སྲིད་པ་ནི་སྔ་ཕྱི་ཙམ་གྱི་གནད་དོན་ཞིག་རེད། གལ་ཏེ་མི་དེ་ཁར་ཉན་ནས་བཟོད་བསྲན་བྱས་ན། ཁོས་མི་ཚེ་གང་བོར་བཙན་ཤེད་བྱེད་སྲིད་པས། ན་ཟུག་རིང་བ་ལས་ཐུང་ན་དགའ་ཞེས་མཇུག་མཐར་ང་ཚོས་ཁྱིམ་ཚང་ནང་ཁུལ་དུ་དོན་དག་འདི་ཡོངས་བསྒྲགས་བྱ་རྒྱུའི་ཐག་བཅད་དེ། མི་དེར་བཙན་ཤེད་གཡོ་ལེན་གྱི་གོ་སྐབས་མེད་པར་བཟོ་རྒྱུ་དང་། བརྩོན་ལེན་དགོས་ད་དུང་ཁོས་བཙན་ལེན་བྱས་པའི་དངུལ་ཕྱིར་ལེན་རྒྱུ་དེ་རེད། ཡིན་ཏེ། དེ་ལྟར་བྱས་རུང་མཇུག་འབྲས་ཅི་འདྲ་ཞིག་འབྱུང་སྲིད་པ་དེ་ད་ད་དུང་ང་ཚོ་སུ་ཞིག་གིས་ཀྱང་སྔོན་དཔག་བྱེད་དཀའ་བ་སྨོས་མེད་ཡིན་ཏེ། ཐ་ན་ཁྱིམ་གཉིས་གཞི་ནས་ཁ་ཐོར་དུ་འགྲོའང་སྲིད།
ད་ལྟ་དེ་ལྟར་བྱེད་པ་ལས་ཐབས་གཞན་མེད་དེ། དེ་ནི་ཐབས་རྡུགས་པའི་ཐབས་ཟད་ཀྱི་ལས་ཁོ་ནའོ། །
༦༩
       དུས་ཚོད་ནི་རྟ་བྱ་འཕུར་བ་ལྟར་རེ་རེ་བཞིན་དེ་མུར་ཕར་འདས། མིག་རྡེབ་དབང་ཙམ་གྱི་རིང་ལ་བྱིས་པ་སློབ་ཆུང་དུ་འགྲོ་རན། ཚེ་ལོས་བུ་ཆུང་རྫོང་གི་སློབ་ཆུང་དུ་སྐྱེལ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དེ་ལྟར་བྱས་ན་གཅིག་ནས་ཁྱིམ་བདག་གིས་རྒྱུན་དུ་ལྟ་རྟོག་བྱེད་ཐུབ་ལ། གཉིས་ནས་བྱིས་པར་སེམས་ཁྲལ་ཡང་བྱེད་མི་དགོས་པ་དེ་རེད། ཡིན་ཡང་གཡང་སྐྱིད་ཀྱིས་དེ་ལས་ལྡོག་སྟེ་ཁུལ་བཅའ་སྡོད་སློབ་ཆུང་དུ་བསྐྱལ་ན་འདོད་པ་སྟེ། དེ་ཡི་དགེ་རྒན་གྱི་དཔུང་སྡེའི་སྟོབས་ཤུགས་ཆེ་བས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་བ་དང་། འཚོ་བའི་ཆ་རྐྱེན་ཡང་མི་བཟང་རྒྱུ་མེད་ལ། དེ་བས་བྱིས་པ་ཕ་མ་དང་བྲལ་ན་རང་རྟོགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པར་ཕན་པ་མ་ཟད། ཉིན་ལྟར་ཁྱིམ་མིས་བདག་སྐྱོང་བྱེད་པའི་ངལ་བའང་བསྟེན་མི་དགོས་ཚུལ་འདོད་པ་དེ་རེད། ཚེ་ལོས་རང་ཉིད་རྟག་ཏུ་ཕྱི་རོལ་དུ་བསྡད་ནས་ཁྱིམ་དུ་ཡོང་བ་ཉུང་བ་དང་། གཡང་སྐྱིད་ཀྱིས་ཕྱོགས་གཅིག་ནས་བྱ་བ་སྒྲུབ་པ་དང་ཕྱོགས་གཅིག་ནས་བུ་ཕྲུག་ཡང་གཉེར་དགོས་ན་དཀའ་ངལ་ཧ་ཅང་ཆེ་བར་གཞིགས་ཏེ་མོས་མཐུན་བྱས།
       ཉིན་དེར། ཨྱོན་ཁུལ་དུ་གཞུང་དོན་སྒྲུབ་པར་འགྲོ་དགོས་པས། ཚེ་ལོ་ཨྱོན་གྱི་རླངས་འཁོར་ལ་བསྡད་ནས་ཁུལ་དུ་བྱིས་པ་སློབ་གྲྭར་འགྲོ་བའི་དོན་དག་ལ་འབྲེལ་གཏུགས་བྱེད་དུ་སོང་། དོན་དག་ནི་་བདེ་བླག་ངང་འགྲུབ་པ་སྟེ། ད་དུང་སློབ་འགོ་དངོས་སུ་ཚུགས་མེད་ཀྱང་། གཙོ་གཉེར་འགོ་ཁྲིད་དང་ཐོ་འགོད་བྱེད་པའི་ཞིབ་ཕྲའི་ལས་འགན་འཁུར་བའི་ལས་དོན་མི་སྣ་འགའ་ཞིག་ལས་ཚོགས་ལ་ཞུགས་ཡོད་པས། གནས་ཚུལ་གསལ་བཤད་དང་། སློབ་ཡོན་སྤྲད་པས་གཞི་ནས་ཐོ་འགོད་བྱེད་པའི་བརྡ་ཐོ་གནང་བྱུང་།
       ཚེ་ལོས་སླར་ཡང་ཨྱོན་ལ་འབྲེལ་གཏུགས་བྱས་ནས་ཁྱིམ་དུ་ལོག་རྩིས་བྱེད་སྐབས། ཨྱོན་གྱིས། བྱ་བ་བསྒྲུབས་ཚར་མོད། འོན་ཀྱང་ས་རུབ་ལ་ཉེ་ཞིང་ཐང་ཡང་ཆད་དྲག་པས། ང་ཚོ་གསེར་བཞུགས་མགྲོན་བྲང་དུ་ཞག་གཅིག་བསྡད་ནས་སང་ཉིན་མཉམ་དུ་ལོག་རྒྱུ་བྱེད་ཅེས་ཟེར། དེ་ལྟར་ཚེ་ལོས་ཨྱོན་གྱི་ཁང་བའི་གཞོགས་སུ་ཁང་པ་ཞིག་ཐོ་འགོད་བྱས་ནས་ཞག་འདུག་བྱས་པ་རེད།
       ཚེ་ལོ་དང་ཨྱོན་གཉིས་ཀྱིས་ཁ་བརྡ་བྱེད་སྐབས། ཨྱོན་གྱིBBའཕྲུལ་ཆས་གྲགས་བྱུང་། ཁོས་ཁུག་མ་ནས་བླངས་ནས་བལྟས་རྗེས། བུད་མེད་སྦྱིན་བདག་ཅིག་གིས་མགྲོན་བསུ་བྱེད་བཞིན་ཡོད་པས་ང་ཚོ་ཟ་མ་ཟ་རུ་འགྲོ་ཟེར། ཚེ་ལོས་ཅུང་ཙམ་ཐེ་ཚོམ་བྱས་པ་ལ། ཨྱོན་གྱིས་བུད་མེད་སྦྱིན་བདག་དེ་ཁྱོད་ཀྱིས་ཀྱང་ངོ་ཤེས་པས་འཛེམ་དོགས་བྱེད་མི་དགོས་ཞེས་ཟེར།
       ཚེ་ལོ་ཨྱོན་དང་མཉམ་དུ་སྒེག་ལྡན་མ་ཟེར་བའི་ཟ་ཁང་ཞིག་ཏུ་སླེབས། མ་གཞིར་དེ་ནི་རང་ཉིད་དང་ཨྱོན་གཉིས་ཀྱིས་སྔོན་ཆད་ཟ་མ་ཟོས་མྱོང་བའི་རྫབ་སིལ་ཟ་ཁང་དེའི་ཧྭ་ཧྭ་ཡིན་པ་རེད།
       ཧྭ་ཧྭ་ཡིས་ཚེ་ལོ་ངོ་ཤེས་པས། རང་འགུལ་ངང་མདུན་དུ་སོང་ནས་ཁོ་དང་ལག་འཇུ་འཚམས་འདྲི་བྱས།
       མི་གསུམ་པོས་ལུག་གི་རྩིབ་ཤ་རྒྱ་མ་དོ་དང་། ཚོད་མ་སྡེར་མ་བཞི། སེན་ཐུག་དཀར་ཡོལ་གསུམ། ཆང་རྒྱ་མ་གསུམ་བཅས་སློང་རྗེས་ཟ་ཞོར་དང་འཐུང་ཞོར་བྱས། ཟ་ཁང་གི་སྒོ་བརྒྱག་པའི་དུས་ཚོད་ལ་སླེབས་ཡོད་མོད། འོན་ཀྱང་ཨྱོན་གྱི་སེམས་ད་དུང་མ་གང་། ཧྭ་ཧྭ་ཡིས་ཡང་ཆང་རྒྱ་མ་གང་ཁྱེར་ནས་ཁོ་ཚོ་དང་མཉམ་དུ་ཨྱོན་གྱི303ཁང་བའི་ནང་དུ་སྐྱོད།
       མགྲོན་བྲང་ཟེར་མོད། དོན་དངོས་སུ་ཧ་ཅང་ཉམ་ཐག་ཅིག་རེད། ནང་དུ་ཉལ་ཁྲི་གཉིས་དང་། འབོལ་ཁྲི་ཆ་གཅིག ཅོག་ཤུར་གཅིག རྐུབ་སྟེགས་གཉིས་ལས། བརྙན་འཕྲིན་དང་། ཁ་པར་མེད་ཅིང་། ཐ་ན་ ནང་དུ་སྤྱོད་ཁང་ཡང་མེད། ཁོ་ཚོས་རྐུབ་སྟེགས་ཅོག་ཤུར་མདུན་དུ་བསྣུར་ཡོང་བ་དང་། དེམ་བུའི་ཁ་ལེབ་ཅོག་ཤུར་སྟེང་བཞག་ནས་ཆང་ཕོར་བྱས་ཏེ་ཡང་ཆང་འཐུང་མགོ་བརྩམས། ཆང་ཕོར་འགའ་མ་འཐུང་བར་འབོལ་ཁྲིའི་སྟེང་གི་ཧྭ་ཧྭས་ཞེན་ཆགས་ངང་། འགོ་ཁྲིད་གཉིས་ལགས། ཁྱོད་ཚོའི་སྐྱེས་པ་ཆེན་པོ་གཉིས་དང་བུད་མེད་གཅིག་གིས་ཆང་འཐུང་ཚེ། ངས་ཁྱོད་ཚོར་འཐུང་རོགས་བྱེད་མི་ཐུབ་པ་དང་། ད་དུང་ཁྱོད་ཚོས་ང་ཟ་བར་སྐྲག་པས། ང་ཕྱིར་ལོག་ངེས་ཡིན་ཟེར།
       ཨྱོན་གྱིས་ཧྭ་ཧྭའི་ཕྲག་པར་ཡང་ཡང་རྡེབ་བཞིན་སྨྲ་རྒྱུར། མི་ཆོག མི་ཆོག ཕོ་མོ་སྡེབ་ན་ཆང་གིས་མི་བཟི། ཁྱོད་ནི་སྤྲོ་སྣང་ཅན་ཞིག་ཡིན། གལ་ཏེ་ཁྱོད་ལོག་ཚེ་ཆང་འཐུང་ན་དོན་སྙིང་མི་འདུག་ཅེས་ཟེར།
       ཧྭ་ཧྭས་ལན་མ་བཏབ་བར་དུ་ཨྱོན་གྱིས་ཡང་ཧྭ་ཧྭའི་མགོ་ལ་བྱིལ་བྱིལ་དུ། དོ་དགོང་ནི་ཕོ་རབ་གཉིས་འདུག་པ། །གཅིག་ལས་ནི་གཅིག་ནི་གྲུང་དོད་པ། །མ་ཁྱོད་ཀྱིས་གང་འདོད་གཅིག་འདེམས་ཆོག །དོ་དགོང་ནི་ཁང་བ་གཉིས་ཡོད་པ། །གཅིག་ལས་ནི་གཅིག་ནི་ནང་སྐྱིད་པ། །མ་ཁྱོད་ཀྱིས་གང་འདོད་གཅིག་འདེམས་ཆོག །ཅེས་པར།
       ཧྭ་ཧྭས་ཨྱོན་གྱི་ཕྲག་པར་ཁུ་ཚུར་གྱིས་གཅིག་གཞུས་ནས། ཧ་ཧ། ང་ལ་ལས་བསོད་དེ་འདྲ་ག་ལ་ཡོད་ཟེར།
       དེར་མཐུད་ནས་ཨྱོན་གྱིས་ནན་ཏན་གྱིས་འགྲེལ་རྒྱུར། ང་དང་ཚེ་ལོར་ཁང་བ་རེ་ཡོད། ཁང་བ་རེར་ཉལ་ཁྲི་གཉིས་རེ་ཡོད། ང་དང་ཁོ་ཁང་བ་གཅིག་ནང་དུ་ཉལ་ཆོག ཁྱོད་ཀྱིས་གང་འདོད་ཁང་བ་གཅིག་འདེམས་ན་ཅིས་མི་ཆོག གལ་ཏེ་ཁྱོད་བཟི་དྲག་ན་ཉལ་ས་ཡོད་ན་ང་ཚོའང་སེམས་ཁ་བདེ་ཞེས་ཟེར།
       ཧྭ་ཧྭ་ཡིས། དེས་ན་ང་བསྡད་ཆོག་ཟེར།
       དེར་མཐུད་ནས་ངེད་གསུམ་གྱིས་ཡང་མཇུག་རྫོགས་མེད་པར་ཆང་འཐུང་ཞིང་ངོ་ཚ་མེད་པའི་ཁ་བརྡ་བྱས།
       བར་སྐབས་རིང་། ཨྱོན་གསང་སྤྱོད་དུ་འགྲོ་དགོས་པས་གནང་ཞུའི་ཚུལ་གྱིས། སྤྱིར་བཏང་ང་ནི་ལུས་སྟོབས་ལྡན། ལུས་སྨད་སྟོབས་ནི་ང་ལས་དེ་བས་ལྡན། ཁོ་ཡིས་ང་ལ་ནན་གྱིས་གསང་སྤྱོད་བྱེད་པར་སྐུལ། ངས་ནི་ཏག་ཏག་ཁོ་དང་བསྟུན་དགོས་འདུག སྒུག་ནས་ཁོ་ཡི་དོན་དག་བསྒྲུབས་ཚར་རྗེས། སླར་ཡང་ཡོང་ནས་ཁྱོད་གཉིས་པོ་ལ་འཐུང་གྲོགས་བྱེད། ཅེས་ཟེར་བཞིན་སྒོར་ཕྱིན།
       ཨྱོན་སྒོར་བུད་རྗེས་ཡུན་རིང་བར་ནང་དུ་མ་ལོག སྐབས་དེར་ཚེ་ལོའང་གསང་སྤྱོད་དུ་འགྲོ་དགོས་བྱུང་ལ། ཀླད་པའང་བཀོལ་དཀའ་བའི་ཚད་ཡིན་པས་སྣང་བར་ཆང་གིས་གཞི་ནས་བཟི་དྲག་འདུག་པས། གསང་སྤྱོད་དུ་སོང་རྗེས་ངལ་གསོ་བྱ་སྙམ་ཞིང་ཧྭ་ཧྭར་གནང་བ་ཞུས།
       ཚེ་ལོ་གསང་སྤྱོད་དུ་སོང་ནས་ཕྱིར་ལོག་ཚེ་འབོལ་ཁྲིའི་སྟེང་གི་ཧྭ་ཧྭ་མི་མཐོང་ལ། ཡང་མི་ཞིག་མལ་ཁྲིའི་སྟེང་མལ་ཐུལ་གྱིས་མགོ་བོ་བཏུམ་ནས་ཉལ་འདུག་པ་མཐོང་། སེམས་སུ་དེ་ནི་ཨྱོན་ཡིན་ཁོ་ཐག་ཡིན། ཧྭ་ཧྭ་གཞོགས་ཀྱི་ཁང་བར་ཉལ་དུ་ཕྱིན་སོང་སྙམ་ཞིང་མལ་ཁྲི་གཞན་དེའི་སྟེང་ཉལ་བ་རེད།
       ཕྱི་ཉིན་ཞོགས་པར། ཁང་བ་གཅིག་ནང་དུ་ཉལ་ཡོད་པ་ནི་མ་གཞིར་ཧྭ་ཧྭ་རེད།
       ཚེ་ལོས་མགོ་སྐྲ་ཐོར་བའི་ཧྭ་ཧྭ་ལ་བལྟས་ནས་ཧ་ལས་ཧང་སངས་ངང་། ཧྭ་ཧྭ། ཁྱོད་ཅི་ལྟར་ཁང་པ་འདིར་ཉལ་བ་ཡིན་ནམ་ཞེས་པར།
       ཧྭ་ཧྭས། ཧྲུའུ་ཅི་ཨྱོན་གྱིས་ང་ལ་ཁང་པ་ཞིག་བདམས་ནས་གང་འདོད་དུ་ཉལ་ཆོག་ཅེས་པ་མ་ཡིན་ནམ། ངས་ཁྱོད་གཉིས་ཕྱི་ལ་སོང་ནས་དུས་ཡུན་རིང་པོ་ཞིག་ལ་ཕྱིར་མ་ཡོང་བས། ཁྱོད་ཚོ་ལོགས་ཀྱི་ཁང་བར་ཉལ་དུ་ཕྱིན་སོང་སྙམ་ཞིང་འདིར་ཉལ་བ་ཡིན། ལགས་ཀྱང་ཁྱོད ... ...ཟེར་བར།
       ཚེ་ལོས་དོགས་མི་བདེ་བའི་ངང་། ངས་ཁྱོད་ཧྲུའུ་ཅི་ཨྱོན་ཡིན་སྙམ་སོང་ཟེར།
       ཧྭ་ཧྭས། འོ་ན་ཧྲུའུ་ཅི་ཨྱོན་གང་དུ་ཡོད་དམ་ཟེར་བར།
       ཚེ་ལོས། ང་ཚོ་ལྟ་རུ་འགྲོ། ཁོ་ཐག་ལོགས་ཀྱི་ཁང་བའི་ནང་དུ་ཉལ་ཡོད་ཟེར་བཞིན་མལ་ཐུལ་ལྟེབས་རྗེས་ཧྭ་ཧྭ་དང་མཉམ་དུ་ཨྱོན་ལ་ལྟ་རུ་སོང་།
       ལོགས་ཀྱི་ཁང་བར་སོང་བ་ན། ཨྱོན་གཉིད་ལས་སད་མ་ཐག་ཡིན་ལ། མལ་ཐུལ་གྱིས་དཀྲིས་ནས་ད་དུང་ཡར་ལངས་མི་འདོད་པའི་རྣམ་པ་ཞིག་བསྟན་འདུག་མོད། འོན་ཀྱང་ཁོ་གཉིས་མཐོང་བ་དང་ཧ་ལས་པའི་ངང་ནས། ཁྱོད་གཉིས་མདང་གཉིད་བདེའམ་ཞེས་དྲིས་བྱུང་།
       ཚེ་ལོས་རང་ཉིད་གཉིད་ལས་སད་དུས་ལོགས་སུ་ཧྭ་ཧྭ་ཉལ་ཡོད་པར་འགྱོད་པའི་སྟེང་ཨྱོན་གྱིས་དེ་ལྟར་ཟེར་བར་དེ་བས་དོགས་མི་བདེ་བའི་ངང་། ཧྲུའུ་ཅི་ཨྱོན་ལགས། ཁྱོད་ཅི འི་ཕྱིར་འདིར་ཉལ་བ་ཡིན་ནམ་ཞེས་དྲིས།
       ཨྱོན་གྱིས། ང་འདི་ནས་མི་ཉལ་གང་དུ་ཉལ་ལམ། དེས་ན་ཁང་བའི་བར་ཁྱམས་སུ་ཉལ་དགོས་པ་མིན་ནམ་ཟེར་བར།
       ཚེ་ལོས། ངས་དེ་ལྟར་ཟེར་བ་ནི་མིན། ངས་ནི... ...
       ཨྱོན་གྱིས། ངས་ཁྱོད་ཀྱི་སྐད་ཆའི་ཧ་གོ་སོང་། མདང་ང་སྤྱོད་ཁང་དུ་འགྲོ་སྐབས། བར་ཁྱམས་སུ་ངོ་ཤེས་ཤིག་ལ་ཐུག་པས། ཁོའི་ཁང་པར་སོང་ནས་རེ་ཞིག་ལ་ཁ་བརྡ་བྱས། ཕྱིར་ལོག་དུས་ཁྱོད་གཉིས་གཉིད་འདུག་པས་བར་ཆད་བྱེད་མི་ཕོད་པར་གཅིག་པུ་ཁང་བ་འདིར་ཉལ་བ་ཡིན་ཟེར།
       ཧྭ་ཧྭས། ངས་ཁྱོད་གཉིས་ཕྱི་ལ་སོང་ནས་དུས་ཡུན་རིང་པོ་ཞིག་ལ་ཕྱིར་མ་ཡོང་བས། ཁོ་ཐག་ཁྱོད་ཚོ་ལོགས་ཀྱི་ཁང་བར་ཉལ་དུ་ཕྱིན་སོང་སྙམ་ཞིང་དེར་ཉལ་བ་ཡིན་ཞེས་བཤད།
       ཚེ་ལོས། རང་ཉིད་ཀྱིས་ཆང་འཐུང་དྲགས་པས་ཧྭ་ཧྭ་ཧྲུའུ་ཅི་ཨོ་ལགས་ལ་འཁྲུལ་སོང་བ་རེད། ཅེས་ཟེར་བཞིན་བྲང་རྡུང་རྐང་རྡུང་བྱས་ནས་འགྱོད་པ་སྐྱེས་ཚུལ་མཚོན།
       ཨྱོན་གྱིས་ཚེ་ལོའི་རྣམ་པར་དེ་མཐོང་རྗེས། དེ་ཅི་སྐྱོན་ནམ། དེ་ཡང་བསམ་གཟས་ནས་བྱས་པ་ནི་མིན། ཡང་ཅིག་བཤད་ན། ཁང་བ་གཅིག་ཏུ་གཉིད་པ་ཙམ་མ་ཡིན་ནམ། ད་ལྟ་ནི་སྒོ་འབྱེད་པའི་ལོ་རབས་ཡིན་པས། ཕོ་མོ་ཕྱོགས་གཉིས་ཀ་འཐད་པ་ཡིན་ན། ཉལ་ཐུལ་གཅིག་གི་ནང་དུ་གཉིད་ཀྱང་འབྲེལ་བ་ཅི་ཞིག་ཡོད་དམ། གལ་ཏེ་ཁྱེད་ཚོས་ཡོངས་བསྒྲགས་བྱེད་འདོད་མེད་ན། རྗེས་ཕྱོགས་ང་ཚོ་སུས་ཀྱང་ཕྱིར་མ་བཤད་པས་ཆོག་ཟེར་བ་དང་ཚང་མས་ཁ་ལག་བཀྲུས་ཤིང་ནང་ཟས་རོལ་རྗེས། རླངས་འཁོར་བོས་ནས་ཕྱིར་ཁྱིམ་དུ་སོང་།
       ཁྱིམ་དུ་ལོག་རྗེས། ཚེ་ལོས་བུ་ཕྲུག་སློབ་གྲྭར་ཞུགས་པའི་དོན་དག་གཡང་སྐྱིད་ལ་གླེང་། གཡང་སྐྱིད་ཀྱིས་དེ་མུར་བྱིས་པར་གྱོན་ཆས་དང་། དཔེ་ཁུག་། འཁྲུད་ཆས། ཟས་སྣ་སོགས་སེམས་ཀྱིས་དྲན་དྲན་ཚང་མ་ཉོས། སློབ་གྲྭ་ཚོགས་རན་པའི་སྔོན་ཉིན་ལ། གཡང་སྐྱིད་ཀྱིས་ད་དུང་རྫོང་གི་དུས་རྒྱུན་གྱི་འབྲེལ་བ་ཅུང་བཟང་བའི་ལས་རོགས་དང་ཡུལ་གྲོགས་འགའ་ཡང་གདན་དྲངས་ནས་ཕྲུ་གུ་ལ་གྱེས་སྟོན་བྱས། གང་ལྟར་ཀྱང་། བུ་ཕྲུག་ཕ་མ་དང་ཁ་བྲལ་ནས་ས་ཐག་རིང་བོར་སོང་ཞིང་རང་ཚུགས་ངང་འཚོ་བ་སྐྱེལ་དགོས་པས། དེ་ནི་ཁྱིམ་ཚང་ཞིག་གི་ནང་གི་དོན་དག་གལ་ཆེན་ཞིག་ཅི་ལ་མིན། ཚང་མས་ཟ་ཞོར་འཐུང་ཞོར་ངང་ཁ་བརྡ་ཡང་ཡང་བྱས། གཡང་སྐྱིད་ཀྱི་ལས་གྲོགས་ཀླུ་སྐྱིད་ཀྱིས་བྱིས་པར་བལྟས་ཤིང་བལྟས་རྗེས། བུ་ཕྲུག་ལོ་བདུན་ལ་བུད་རན་རེད། ལོ་ཧ་ཅང་ཆུང་དྲགས། ད་དུང་རང་ཚུགས་ངང་འཚོ་བ་སྐྱེལ་བའི་ནུས་པ་མེད་པས། ཁོ་བུད་སོང་ན་ཁྱོད་ཚོས་སེམས་བདེ་པོ་བྱེད་ཐུབ་བམ་ཟེར། སྐད་ཆ་དེས་གཡང་སྐྱིད་དང་བུ་ཕྲུག་ཚང་མ་ངུ་རུ་བཅུག ངུ་བཞིན་ངུ་བཞིན་གཡང་སྐྱིད་ཀྱིས་གློ་བུར་དུ་བསམ་ཚུལ་བསྒྱུར་ཏེ། བསྐྱུར་བཞག ང་ཚོས་མི་སྐྱེལ་བར་བྱེད། ཁོ་གནས་འདིའི་སློབ་གྲྭར་ཞུགས་སུ་ཆུག་ཟེར། དེར་ཚེ་ལོས། ཁྱོད་མི་འདི་ཅི་འདྲ་ཞིག་རེད་དམ། ཐོག་མར་ངས་ཁུལ་སློབ་ཆུང་དུ་མི་སྐྱེལ་ཟེར་བར་ཁྱོད་ཀྱིས་ངེས་པར་དུ་སྐྱེལ་དགོས་ཟེར། ད་ལྟ་སློབ་ཡོན་སྤྲད་ཅིང་སློབ་ཞུགས་ཀྱི་འགྲོ་ལུགས་ཚང་མ་བསྒྲུབས་ནས་ནང་ཁ་སློབ་གྲྭར་སྐྱེལ་རན་དུས་ཡང་བསམ་ཚུལ་འགྱུར་སོང་། ད་ངས་ཇི་ལྟར་བྱས་ན་བཟང་ངམ་ཞེས་བཤད། གནས་ཚུལ་འདི་མཐོང་རྗེས། མི་གཞན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ། ལ་ལས་ཁུལ་སློབ་གྲྭའི་སློབ་ཁྲིད་ཀྱི་ཆ་རྐྱེན་བཟང་བ་དང་རྨང་གཞི་བརྟན་པོ་ཡོད་པས་མ་འོངས་པར་སློབ་ཆེན་ལ་རྒྱུགས་ལེན་ཁྲོད་དཀའ་ཁག་མེད་ཅེས་བཤད་ལ། ཡང་ལ་ལས། ད་ལྟ་སྐུ་དྲག་གི་ཁྱིམ་ཚང་ཁ་ཤས་ཀྱིས་བྱིས་པ་ཆུང་དུས་ནས་ཁྱིམ་ཚང་དང་ཁ་བྲལ་བའི་ཁོར་ཡུག་ཁྲོད་སློབ་སྦྱོང་བྱས་ནས་འཚར་ལོངས་བྱུང་དུ་བཅུག་ནས་ཁོ་ཚོའི་རང་ཚུགས་ཀྱི་འཚོ་བའི་ནུས་པ་སྦྱོང་བརྡར་བྱེད་ཀྱི་ཡོད་ཟེར། ཡང་ལ་ལས། ཁུལ་ནས་གནས་འདིའི་བར་ས་ཐག་རིང་ཟེར་ན་རིང་རྒྱུའང་མེད་དེ། ད་ལྟ་འགྲིམ་འགྲུལ་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། བྱིས་པ་དྲན་དུས་ཐེངས་འགའ་མང་ཙམ་ལྟ་རུ་འགྲོ་འདོད་ཀྱང་ཆོག་ཟེར། ཡང་མི་ལ་ལས་བྱིས་པར་སློབ་གསོའམ་སྙིང་སྟོབས་སྩོལ་བཞིན་ཡོད་དེ། ཁུལ་སློབ་གྲྭའི་ནང་དུ་སྤྲོ་སྣང་ལྡན་པའི་དངོས་པོ་མང་པོ་ཡོད་ལ། སྙིང་རྗེ་བའི་གྲོགས་པོ་ཆུང་ཆུང་མང་པོའང་ཡོད་པས། མཚན་རེར་རྒྱུན་དུ་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་ཁང་པ་གསར་པ་དང་ཉལ་ཐུལ་གསར་བའི་ནང་དུ་གཉིད་ཆོག ད་དུང་ཨ་ཁུ་དང་ཨ་ནེ་རྣམས་ཀྱིས་བྲོ་བ་ཞིམ་པའི་ཟ་མ་སྣ་ཚོགས་བཟོ་སྲིད་པས། སྤྲོ་སྣང་ལྡན་པ་མ་ཟད་སྐྱིད་སྣང་ཡང་སྐྱིད་པོ་ཡོད་ཅེས་བཤད། དེ་ལྟར་ཁ་ཏ་བྱེད་བཞིན་བྱེད་བཞིན་རིམ་གྱིས་གཡང་སྐྱིད་དང་བུ་ཕྲུག་ཚང་མའི་དགའ་སྤྲོ་འཕེལ་ཡོང་།
       ཕྱི་ཉིན། གཡང་སྐྱིད་ཀྱིས་དངོས་སུ་བུ་ཕྲུག་ཁུལ་སློབ་གྲྭར་བསྐྱལ་ནས་སོང་།
དྲུག་ཅུ་པ།
       ང་ཁྱིམ་དུ་ལོག་རྗེས། ཡོས་ལན་གྱིས་ཇི་ལྟར་བྱས་ནས་ངའི་ཕྲུ་གུ་མངལ་སྦྲུམ་པ་དང་། དེ་བཞིན་ཁམས་བཅུད་ཚོང་པས་ད་ལྟ་ཁོ་མོར་ཇི་ལྟར་བསླུ་བྲིད་འཇིགས་སྐུལ་བྱེད་བཞིན་པའི་དོན་དག་རེ་རེ་སྒྲོལ་མ་ལ་ས་བསལ་རྡོ་བསལ་བྱས་ནས་བཤད། སྒྲོལ་མ་ནི་འགོ་འཐོམས་པའི་རྣམ་འགྱུར་གྱིས་ཁེངས་འདུག་སྟེ། དལ་ཅག་གེར་ཉན་པ་ལས་ཞིབ་ཕྲའི་རྩད་གཅོད་ཀྱི་དྲི་བ་གང་ཡང་འཕངས་མ་བྱུང་། རེད་མོད་ཀྱང་ངས་སྐྱོན་མེད་སྙམ་པའི་སྐབས་སུ་མོས། ངས་ཁྱོད་ཀྱིས་བཤད་པ་ནི་བདེན་རྫུན་གང་ཡིན་དབྱེ་འབྱེད་བྱེད་མི་ཐུབ་ལ། ཁྱོད་ཚོའི་བར་གྱི་ཡང་སྙིང་གི་འབྲེལ་བ་ཅི་ཞིག་ཡིན་པའང་མི་ཤེས། མ་གཞིར་དེ་ལྟར་ཡིན་ན། བུ་ཕྲུག་ཚོ་གཉེན་སྒྲིག་བྱེད་ཐབས་མེད་པས། ངས་ཤའོ་ཡུན་དང་ཡོས་ལན་ཡང་སེམས་སུ་ཐོགས་དོན་མེད། དེ་བས་ཁྱོད་ཡོས་ལན་ལ་དགའ་དང་འགྲིག་གི། ང་ཡང་ལྷིང་འཇགས་ལྷོད་ཡངས་ཤིག་བྱ་དགོས། ཞེས་བཤད་ཚར་རྗེས་དངོས་པོ་འགའ་བསྡུ་རུབ་བྱས་ནས་ཁང་པ་གསར་བའི་ནང་ལ་ཉལ་དུ་ཕྱིན་སོང་།
       ངས་མོ་བཀག་འགོག་མ་བྱས། ངས་ཁོ་མོའི་གཤིས་ཀ་ཤེས་ཏེ། བཀག་འགོག་བྱེད་འདོད་ཚེ་གཏན་ནས་བྱེད་མི་ཐུབ་པ་ཡིན། ཐབས་ཤིག་ཡོད་པ་ནི། ངས་ཁོ་མོའི་ཀླད་པ་ལྷིང་འཇགས་ཡིན་པའི་སྐབས་སུ་ཁ་ཏ་བྱེད་པའམ་ཡང་ན་ཁོ་མོས་དོན་དག་གི་གནས་ཚུལ་ངོ་མ་ཤེས་རྗེས་རང་འགུལ་ངང་ང་ལ་བཟོད་སྒོམ་བྱེད་པར་སྒུག་རྒྱུ་དེ་ཡིན།
       སྒྲོལ་མ་སོང་ནས་ཆུ་ཚོད་གཅིག་མ་འགོར་གོང་། ཡོས་ལན་གྱི་ང་ལ་འཕྲིན་ཐུང་འབྱོར་བྱུང་། ཁོ་མོས་ཀྱང་ཁྱོ་གར་གནས་ཚུལ་ཇི་བཞིན་བཤད་པས། ཁྱོ་ག་ཁོང་ཁྲོ་ཆེན་པོ་ལངས་ཤིང་། དེ་ནི་ངེད་གཉིས་ཀྱིས་ཞིབ་ཚགས་ཀྱིས་འཁྲབ་སྟོན་བྱས་པའི་ཟློས་གར་ཞིག་སྟེ། ཁོ་རང་བླུན་སར་གཡུགས་པར་འདོད་པས། ཁོས་སྙིང་རྗེ་སྤུ་ཙམ་ཡང་མེད་པར་མོ་ཁྱིམ་ནས་ཕྱིར་བསྐྲད་ཅིང་། ད་ལྟ་མོ་མགྲོན་ཁང་ཞིག་ཏུ་བསྡད་འདུག ངས་ངག་ཐོག་ནས་ཁོ་མོར་གདུང་སེམས་མཉམ་སྐྱེ་བྱས་མོད། སེམས་སུ་དེ་ནི་འོས་པ་ཞིག་སྟེ། སུ་ཞིག་གིས་ཁྱོད་ལ་གཡོ་ཐབས་བྱས་ནས་རང་གཞན་གཉིས་ཀར་གནོད་པ་བྱེད་པའི་བྱ་བ་བསྒྲུབ་དུ་བཅུག་པ་ཡིན་ནམ་ཞེས་བསམ་གྱི་ཡོད།
       ཉིན་འགའ་འགོར་རྗེས། སྒྲོལ་མ་ཁྱིམ་དུ་མ་ལོག་ལ་ཁ་པར་ཡང་སྦྲེལ་མི་ཐུབ། ཞོགས་པ། ང་ཁོ་མོར་ལྟ་རུ་སོང་བ་དང་། ཁ་ཏ་བྱས་ནས་ཚུར་ཡུལ་དུ་འབོད་རྩིས་ཡོད་མོད། མ་བསམ་ས་ནས་མོས་བཀྲ་ལོ་དང་མཉམ་དུ་ཁྱིམ་གསར་ནང་དུ་ཟ་མ་ཟ་བཞིན་ཡོད་པ་མཐོང་།
       སྒྲོལ་མས་ང་མཐོང་བ་དང་ཡ་མཚན་པའི་རྣམ་འགྱུར་གྱིས། སྐུ་ཞབས་རྒྱ་མཚོ་ལགས། བཞུགས་གདན་འཇགས་ཞེས་ཟེར།
       བཀྲ་ལོས་ཀྱང་དེ་ལྟར་ཟེར་བཞིན་ང་ལ་རྐུབ་སྟེགས་ཤིག་སྤོར་བྱུང་།
       ང་ཤིང་གི་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་ནས་ཅི་ཞིག་བཤད་འདོད་མོད། འོན་ཀྱང་སྒྲོལ་མས་སྔོན་བཟུང་སྟེ། ང་ཚོ་བཟའ་ཐོར་བྱས་བྱུང་། ཁྱོད་ལ་ཡང་བུ་མོ་ངོ་མ་དང་ཁོ་མོའི་ཨ་མ་ཡོད་པས། དེ་རིང་ང་ངའི་དགའ་རོགས་དང་མཉམ་དུ་ཡོད་པར་ཁྱོད་ལ་བསམ་འཆར་ཅི་ཕྱིར་ཡོད་ཨང་ཟེར།
       སྒྲོལ་མའི་སྐད་ཆ་དེ་ཤིན་ཏུ་ལྕི། འ་ན་མ་ན་བསམ་གཞིག་ཞིབ་ཚགས་བཏང་པ་ལྟར་ང་ལ་ཁ་གྲགས་རྒྱུ་མེད་པར་བཏང་། དེ་ལྟར་ངས་ཁ་མ་གྲགས་པར་ཁྱིམ་ནས་ཕྱིར་བུད།
       ངས་ཕྱི་རོལ་གྱི་ཐང་ཆེན་དུ་ཡང་སྐོར་བསྐྱར་སྐོར་བརྒྱབ། ཀླད་པའི་ནང་དུ་ཡོས་ལན་དང་སྒྲོལ་མའི་གྲིབ་གཟུགས་ཀྱིས་ཡོངས་སུ་ཁེངས། མི་གཅིག་གིས་ངའི་ཆེད་དུ་དཀའ་ལས་མྱོང་བ་དང་། མི་གཅིག་ངའི་ཆེད་དུ་ཁོང་ཁྲོས་ཁེངས། རེད་མོད་ཀྱང་ངས་ཇི་ལྟར་བྱས་ན་བཟང་ཚུལ་མི་ཤེས། ཉིན་གུང་དུ། ངས་གང་བྱུང་དུ་ཟས་ཙམ་ཟོས་རྗེས་ཡོས་ལན་འདུག་སའི་མགྲོན་ཁང་དེར་སོང་།
       ང་མགྲོན་ཁང་དེར་ཡོས་ལན་ལ་སེམས་གསོ་བྱེད་དུ་འགྲོ་བསམ་པ་མིན་ཏེ། རྒྱུ་མཚན་ནི་དེ་རིང་གི་མཇུག་འབྲས་འདིའི་ཡོད་ཚད་མོས་བཟོས་པ་ཡིན་ལ། དེ་ནི་མོ་ངའི་བརྩེ་དུང་ལ་ཞེན་འབྲེལ་ཆེ་བ་དང་། ཡང་ན་ངའི་ལུས་པོའི་བྱང་ཚད་དང་དབང་ལྔའི་རྣམ་པ་ཁོ་ནར་དགའ་བའི་རྐྱེན་གྱིས་ཁོ་ནའོ། །ང་སོང་ནས་ཡོས་ལན་ལ། སྒྲོལ་མ་ང་དང་ཁ་བྲལ་བ་མ་ཟད། མོའི་དགའ་རོགས་བཀྲ་ལོ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་གནས་ཚུལ་བཤད་བསམ་པ་མ་ཟད། ད་དུང་ཡོས་ལན་ལ་སྒྲོལ་མར་དོན་དག་དེའི་ཞིབ་ཕྲའི་བརྒྱུད་རིམ་གསལ་བཤད་བྱས་ནས་ངའི་ཉེས་མེད་ར་སྤྲོད་བྱེད་དུ་འཇུག་བསམ་པ་དེ་ཡིན།
       ཡོས་ལན་གྱིས་མགྲོན་ཁང་དུ་ང་ལ་སྒུག་འདུག མོས་ངའི་རྣམ་ཤེས་བོར་བའི་རྣམ་པ་མཐོང་བས་ཕལ་ཆེར་དོན་དག་གང་ཞིག་བྱུང་སོང་བ་ཚོད་དཔག་བྱས་སོང་། ངས་ཧུར་ཐག་གིས་སེམས་ཁམས་ཚོད་འཛིན་བྱས་ཤིང་། སེམས་ལྷོད་ལ་བབས་ནས་ཡོས་ལན་ལ་སྒྲོལ་མའི་ད་ལྟའི་གནས་ཚུལ་དང་ཁོ་མོས་ང་ལ་བཤད་པའི་སྐད་ཆ་དྲག་པོ་དེ་དག་བཤད། ཡོས་ལན་གྱིས་མྱུར་དུ་སྒྲོལ་མར་ཁ་པར་བཏང་སྟེ། དོན་དག་དེར་ཡང་ཡང་འགྲེལ་བཤད་བྱས་ནས། དོན་དེ་ང་རྒྱ་མཚོ་དང་འབྲེལ་བ་མེད་པ་གསལ་བཤད་བྱས་པ་མ་ཟད། རང་ཉིད་ཀྱིས་ནོར་འཁྲུལ་བཟོས་པས་ད་ལྟ་ཁྱིམ་མེད་དཀའ་ངལ་གྱི་གནས་སུ་ལྷག་ཡོད་ཚུལ་བརྗོད་མོད་ཀྱང་། དེར་སྒྲོལ་མས། ཁྱེད་ཚོས་བཤད་པ་དེ་བདེན་དུ་ཆུག་ཀྱང་། ད་ལྟ་གསལ་བཤད་བྱེད་པ་དེ་ལྷག་མར་གྱུར་སོང་བ་མ་ཡིན་ནམ། གང་ལགས་ཤེ་ན། ད་ལྟ་ང་དང་བཀྲ་ལོ་གཉིས་ཀྱིས་མཉམ་དུ་འཚོ་བ་རོལ་ཟིན་པ་དང་། རྒྱ་མཚོ་དང་བཟའ་ཐོར་གྱི་ཐོར་ཡིག་ཀྱང་བླངས་ཡོད་པས། ང་ཚོ་སུའང་ལུས་རང་དབང་ཅན་ཡིན། གལ་ཏེ་ཁྱོད་ཚོ་རྨང་གཞི་འདིའི་སྟེང་དུ་ཕན་ཚུན་དགའ་བར་གྱུར་ན་ངས་ཀྱང་དེར་ཐེ་གཏོགས་མི་བྱེད། གལ་ཏེ་ཁྱོད་ཚོར་ཞིང་ཆེན་གྲོང་ཁྱེར་དུ་སྡོད་གནས་མེད་ན། སྔོན་ཆད་ཕན་ཚུན་འབྲེལ་བ་ཡོད་པའི་ངོར་བལྟས་ནས་ང་དང་རྒྱ་མཚོ་གཉིས་ཀྱི་ཁང་བ་གཡར་ཆོག་སྟེ། དཀའ་ངལ་དེ་འདྲ་མྱོང་དགོས་དོན་མི་འདུག་ཅེས་ཟེར།
       སྒྲོལ་མས་བཤད་པའི་སྐད་ཆའི་དོན་ལས་མངོན་ཡོང་བ་ནི། གཅིག་ནས་མོ་ནི་ཇི་འདྲའི་ཁོག་རྒྱ་ཆེ་བ་ལ་སྙམ་པ་དེ་ཡིན་ལ། གཉིས་ནས་སྔ་མོ་ནས་འཆར་འགོད་བྱས་པའི་རྣམ་པ་ཞིག་ཨེ་ཡིན་བསམ་པའི་སྣང་བའང་སྟེར་བས། ང་དང་ཡོས་ལན་གཉིས་ཀྱི་མགོ་འཐོམས་པར་བྱས། ཡོས་ལན་གྱིས། དོན་དག་ཅིག་ངས་ཁྱོད་ལ་གཞི་ནས་གསང་ཡོད། ད་ལྟ་དོན་དག་འཕེལ་ནས་གནས་འདིར་སླེབས་ན་ངས་ཀྱང་གསང་དགོས་མི་འདུག སྔོན་ང་ཚོ་གྲོང་གསེབ་ཏུ་ཡོད་པའི་སྐབས་སུ་ངས་ཁྱོད་ཀྱི་ཆུང་མ་དང་ད་ལྟའི་བཀྲ་ལོ་གཉིས་བར་འབྲེལ་བ་ཡོད་ཐོས་བྱུང་། ངས་ཁྱོད་ཚོའི་གཉེན་སྒྲིག་ལ་བར་ཆད་མི་ཡོང་བའི་ཆེད་དུ་གཞི་ནས་གསང་སྦས་བྱས། དེ་དུས་ཁྱོད་ཀྱིས་ང་རང་ལྟས་ངན་དེ་དང་མཛའ་འབྲེལ་བྱས་ཟེར་ན་ངས་གཏན་ནས་ཁོ་མིག་ལ་མི་ཚུད། རྒྱུ་མཚན་ནི། ང་ཁྱོད་དང་ཞེ་མཐུན་ཞིང་རྙོག་འཛིང་གི་བརྩེ་དུང་ཆགས་ཟིན་པས། ད་གཟོད་ལུགས་མེད་ཀྱི་བྱ་བ་འགའ་བསྒྲུབས་པ་ལྟར་རེད་ཟེར།
       ཡོས་ལན་གྱི་སྐད་ཆའི་ཐད་བཤད་ན། ངས་ནི་ཕྱེད་བདེན་ཕྱེད་དོགས་སུ་འཛིན་པའི་ཚུལ་དུ་གནས། རྒྱུ་མཚན་ནི་སྒྲོལ་མས་དེ་སྔ་དོན་འདི་གསལ་བཤད་བྱས་ཟིན་པས་རྐྱེན་རེད། རེད་མོད་ཀྱང་ད་ལྟ་ངས་ཡོས་ལན་ལ་འཁོན་འཛིན་བྱེད་དོན་མེད་ལ། ཡོས་ལན་གྱིས་ཀྱང་ང་ལ་དགོངས་དག་བྱེད་དགོས་དོན་མི་འདུག ངེད་གཉིས་ཀྱིས་ཕན་ཚུན་གདོང་ལ་ཡུན་ཙམ་གྱེར་རྗེས། དལ་གྱིས་ཕན་ཚུན་འཐམས་པར་གྱུར།
       དེ་ནི་སྒྲོལ་མས་ང་ཚོར་གནང་བའི་འཇིག་རྟེན་ཕྱི་རོལ་གྱི་ལྷ་ཡུལ་ཞིག་ཡིན་ནའང་འདྲ། ཡང་ན་ཞབས་མེད་པའི་གཡང་ས་ཞིག་ཡིན་ཡང་རུང་། གང་ལྟར། ད་ལྟ་ང་ཚོས་ཅི་ནས་ཀྱང་མོའི་ཇུས་བཀོད་ལྟར་བསྒྲུབ་དགོས་པ་དེ་རེད།
༦༠
       ཡང་ལོ་མཇུག་ཞིག་ཏུ་བསླེབས། རྫོང་དུ་ཧྲུའུ་ཅི་གསར་པ་ཞིག་གནས་སྤོས་བྱུང་ལ། དེ་སྔའི་ཧྲུའུ་ཅི་ས་གནས་གཞན་ཞིག་ཏུ་བཀོད་བསྒྲིགས་བྱས་འདུག རྫོང་ཨུས་མགོ་ཁྲིད་དང་པོའི་བྱེད་ཕྱོགས་དཀྱིལ་སྙིང་དུ་བཟུང་ནས་ལས་འགན་ལེགས་སྒྲིག་བྱས་པས། ཡུལ་ཚོའི་ལས་བྱེད་པ་རྣམས་ཀྱིས་གླེང་ཕྱོགས་གསར་བ་ཞིག་འདི་ལྟར་བཟོས་ཡོང་།
       ཀ་པས། གསར་དུ་སྤོས་པའི་ཧྲུའུ་ཅི་འདི་སྔོན་ཆད་ཅི་སྒྲུབ་མཁན་ཞིག་རེད་དམ། བྱ་བ་གང་ནས་སྒྲུབ་པ་རེད་དམ་ཞེས་དྲིས།
       ཁ་པས། གོ་ཐོས་སུ་ཆུ་མཛོད་ཞིག་གསོ་བྱེད་མཁན་ཞིག་རེད་ཟེར། ང་ཚོའི་ཁུལ་གྱི་འབའ་ལུང་ཆུ་མཛོད་ནི་ཁོང་གིས་འགན་འཁུར་ནས་བསྐྲུན་པ་རེད་ཞེས་སྨྲས།
       ཀ་པས། ཆུ་མཛོད་བཟོ་བསྐྲུན་བྱེད་མཁན་ཡང་རྫོང་ཨུའི་ཧྲུའུ་ཅིར་འདུག་ཐུབ་བམ་ཟེར་བར།
       ཁ་པས། གོ་ཐོས་སུ་མི་འདིར་དོ་དམ་གྱི་ནུས་པ་ཆེ་བ་དང་ལས་ཀར་སྙིང་སྟོབས་ཆེན་པོ་ཡོད་པས། ཞིང་ཆེན་གྱི་མི་དོན་རྩ་འཛུགས་གཙོ་གཉེར་རྒྱུན་ལས་ཨུ་ཡོན་ཞིག་གིས་ཁོ་བློར་བབས་པ་རེད་ཟེར་ཞེས་སྨྲས།
       ག་བས་ཀྱང་བཙིར་ཡོང་ནས། ད་ལྟ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སྐབས་ཡིན་པས། རིག་གཞུང་དཔྱད་འབྲས་སམ་རྒན་རིམ་གྱི་ཁྱད་པར་ལ་མི་ལྟ་བར། གལ་ཏེ་ཁྱོད་ལ་ནུས་པ་ཡོད་ན། སུ་ཞིག་ཡིན་རུང་གོང་དུ་འཕར་ཆོག་ཅེས་ཟེར།
       དེར་ང་བས་ཀྱང་། ངས་གོ་ཐོས་ཡིན་ན་གསར་དུ་ཡོང་བའི་ཧྲུའུ་ཅི་ནི་ཞིང་ཆེན་མི་དོན་རྩ་འཛུགས་གཙོ་གཉེར་བྱེད་པའི་རྒྱུན་ལས་ཨུ་ཡོན་དེའི་ནུ་བོ་རེད་ཟེར་ཞེས་སྨྲས། 
       ཁ་པས་ཡང་བསྐྱར། དེ་ལ་ཡ་མཚན་རྒྱུ་མེད་དེ། དབང་ཅན་ཐམས་ཅད་དབང་ཅན་རྒྱུད་ལས་སྐྱེས་ཟེར་བ་མིན་ནམ་ཞེས་བཤད།
       ཉིན་འགའི་རྗེས་སུ། རྫོང་དུ་ལས་བྱེད་པའི་ཚོགས་ཆེན་འཚོག་རྒྱུ་དང་། རྫོང་ཏང་ཨུ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་རྒྱུ། ཡུལ་ཚོའི་ཀུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཚང་མ་ཞུགས་དགོས་པའི་བླང་བྱ་བཏོན་པ་རེད། སྤྱིར་ཚེ་ལོ་ཞུགས་མི་འདོད་དེ། ཁོ་ལ་ད་དུང་ཐག་གཅོད་བྱེད་དགོས་པའི་བྱ་བ་འགའ་ཡོད་ལ། དེ་མིན་ཡུལ་ཚོའི་འགོ་ཁྲིད་གཙོ་བོ་དང་ལས་བྱེད་པ་གཞན་དག་ཚོགས་འདུར་ཞུགས་ནས་སྙིང་སྟོབས་ཕྱིར་ཁྱེར་ཡོང་ན་ཆོག་སྟེ། མི་ཚང་མ་ཞུགས་དགོས་དོན་མེད་འདོད། འོན་ཀྱང་ཨྱོན་གྱིས་དེ་ནི་ཧྲུའུ་ཅི་གསར་པ་ཁོང་རྫོང་ཡོངས་ཀྱི་ལས་བྱེད་པའི་ཁྲོད་དུ་ཐོག་མར་མངོན་པ་ཡིན་པས། རེ་བ་ཡིན་ན། རྫོང་ཨུ་གཞུང་ལས་ཁང་གི་མི་གཅིག་ཀྱང་ཆད་མི་ཆོག་པ་དང་། དམིགས་བསལ་གྱི་གནས་ཚུལ་ཡོད་ན་ངེས་པར་དུ་རྫོང་ཨུ་གཞུང་ལས་ཁང་ལ་དགོངས་ཞུ་བྱེད་དགོས་པས། ཁྱོད་ཀྱི་བྱ་བ་ཕྱིར་བསྣུར་བྱེད་དགོས་ཅེས་པར། ཚེ་ལོས་རྒྱུ་མཚན་ངེས་ཤིང་ཨྱོན་དང་མཉམ་དུ་ལམ་ལ་ཆས།
       ཚོགས་འདུ་རྫོང་གློག་བརྙན་ཟློས་གར་ཁང་དུ་འཚོགས་པ་རེད། ནང་དུ་གློག་སྒྲོན་གྱི་འོད་འཚེར་ཞིང་དུས་ཚོད་སྐར་མ་བཅུའི་སྔོན་དུ་སྟེགས་བུའི་འོག་ཏུ་མིས་ཁེངས། སྟེགས་བུའི་སྟེང་གི་ཅོག་ཙེའི་རས་དམར་པོས་གཡོགས་ཤིང་སྟེང་དུ་མིང་རྟགས་བསྒྲིགས་འདུག་ཅིང་། དེའི་དཀྱིལ་དབུས་ཀྱི་མིང་རྟགས་སུ་“ཁོའུ་ཧའོ”ཞེས་པའི་ཡི་གེ་ཆེན་པོ་གཉིས་བྲིས་ཡོད། གཞོགས་ཀྱི་ཆེས་མཐའི་འདུག་སྟེགས་སུ་ཚོགས་རའི་རྩ་འཛུགས་པའི་འགོ་ཁྲིད་བཞུགས་འདུག དུས་ཚོད་གཉིས་དང་ཕྱེད་ཀ་ཐོན་མ་ཐག ཧྲུའུ་ཅི་གསར་བ་དེ་ལས་རོགས་གཞན་པ་འཁོར་དང་བཅས་པའི་ཁྲོད་དུས་ཐོག་ཏུ་ཚོགས་རར་ཕེབས། རྩ་འཛུགས་བྱེད་མཁན་ཡར་ལངས་ནས་ཚང་མའི་སྣེ་ཁྲིད་དེ་དགའ་བསུ་ཞུས་པས། ཚོགས་རའི་ནང་དེ་མ་ཐག་ཐལ་མོ་རྡེབ་སྒྲས་འཁེངས། ཧྲུའུ་ཅི་གསར་པས་བར་འཚང་ཅན་གྱི་ལྭ་རིང་ལྗང་ཁུ་ཞིག་གྱོན་ནས་ཚང་མར་ལག་པ་གཡུག་གཡུག་བྱས་ནས་གུས་འདུད་བྱེད། ཧྲུའུ་ཅི་བཞུགས་རྗེས་ཚང་མ་ད་གཟོད་མར་ཙོག གཙོ་འཛིན་གྱིས་ཚོགས་འདུའི་གོ་རིམ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཚང་མས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཧྲུའུ་ཅི་ཁོའུ་ཡི་གཏམ་བཤད་ལ་དགའ་བསུ་ཞུ་དགོས་པའི་རེ་བ་བཏོན། ཐལ་མོ་རྡེབ་སྒྲ་མཚམས་བཞག་རྗེས། ཧྲུའུ་ཅི་ཁོའུ་ཡིས་དུས་ཚོད་གཉིས་ཀྱི་རིང་ལ་གཏམ་བཤད་གནང་།
       ཚོགས་འདུ་གྲོལ་རྗེས། མི་ཁ་ཤས་ཀྱིས་འགྲོ་ཞོར་གྱི་གླེང་མོ་འདི་ལྟར་བྱས་པ་སྟེ།
       ཀ་པས། རྫོང་ཨུའི་ཧྲུའུ་ཅི་ཞིག་གི་གཏམ་བཤད་ལ་ཚོགས་ར་འདི་འདྲའི་གཟབ་རྒྱས་ཤིག་བཀོད་སྒྲིག་བྱེད་རིན་ཡོད་དམ་ཞེས་བཤད།
       ཁ་པས། དགོས་ངེས་ཡིན། ཧྲུའུ་ཅི་གསར་བ་ངོམ་ན། གལ་ཏེ་གཟི་བརྗིད་ཙམ་ཡང་མེད་ཚེ། རྗེས་སུ་སུས་ཁོའི་བཀོད་འདོམས་ལ་ཉན་ནམ་ཟེར།
       ག་པས། རྫོང་དཔོན་གསར་བའི་གཏམ་བཤད་ལ་ཡོངས་ཁྱབ་རང་བཞིན་ལྡན་པ་མ་ཟད་ཉིང་བཅུད་ཀྱིས་ཕྱུག་འདུག བལྟས་ཡོང་ན་ཆུ་ཚད་ལྡན་པ་ཞིག་རེད་ཟེར།
       ཀ་པས་ཡང་བསྐྱར། ཡིག་ཆ་ནི་གཞུང་ལས་ཁང་གི་དྲུང་ཡིག་གིས་བྲིས་པ་ཡིན་པས་དེ་ཁོ་ལ་འབྲེལ་བ་ཅི་ཡོད། ཁོས་ཡི་གེ་མི་ཉུང་བ་ཞིག་ཀློག་པའང་ནོར་འདུག ཁོ་ལ་ཉམས་ཆེན་འདོན་པ་དང་། སྐད་གསེང་མཐོ་བ་ལས་གཞན་མཐོང་རྒྱུ་ཅི་ཞིག་ཡོད་དམ་ཞེས་ཟེར་བ་དང་མི་ཚོགས་ཀྱི་ཁྲོད་ནས་ཕྱིར་བུད།
       ཚེ་ལོས་ཉན་རྗེས་དགོད་ཙམ་བྱས། ཨྱོན་གྱིས། ཁྱོད་ཅིའི་ཕྱིར་བགད་པ་ཡིན་ནམ་ཟེར་བར། ཚེ་ལོས། ད་ཅིའི་མི་དེ་དག་གི་གླེང་མོར་བགད་པ་ཡིན་ཟེར། ཨྱོན་གྱིས། ཁྱོད་ནི་དོན་དངོས་ཀྱི་རིག་གནས་པ་ཡིན་པས་ཁ་བརྡའི་དབང་ཆ་དེ་ཁྱོད་ལ་ལྡན་ངེས། དེས་ན་ཁྱོད་ལ་མྱོང་ཚོར་ག་འདྲ་འདུག་གམ། ཁོས་བཤད་པ་བཟང་ངམ་མི་བཟང་ཞེས་དྲིས། ཚེ་ལོས་རང་གི་ཐོབ་ཐང་ལ་གཞིགས་ཏེ་སེམས་སུ་དོན་དངོས་ལྟར་བཤད་ན་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་སྙམ་ཞིང་བསྔགས་བརྗོད་གང་མང་ཞིག་བྱས་པ་རེད།
       ལམ་དུ། ཨྱོན་གྱིས་རླངས་འཁོར་གཅིག་གི་ནང་གི་ཚེ་ལོ་སོགས་ལས་ཧྲུའུ་ཅི་ཁོའོ་ལགས་ཀྱི་བྱེ་བྲག་གི་སྐྱེས་ཡུལ་གང་དང་། མདུན་སར་བཅར་ཐུབ་མིན་དང་། འཚོ་བའི་ཁྲོད་དགའ་ཕྱོགས་ཁྱད་པར་ཅན་ཅི་ཡོད་སོགས་སྟེང་འདྲི་འོག་འདྲི་བྱས། ཚང་མས་ཧྲུའུ་ཅི་ཁོའུ་ལགས་ཐོག་མར་ངོ་ཤེས་པ་ཡིན་པས་ཁོང་གི་ཞིབ་ཕྲའི་གནས་ཚུལ་ཤེས་མཁན་གཅིག་ཀྱང་མི་འདུག
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།