འགྱུར་རྩོམ། ར་བཟི་བའི་ཉི་མ།

རྩོམ་པ་པོ།:ཁྲི་སེམས་དཔའ་ཡིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-11 10:21:18 ཀློག་གྲངས།:
ར་བཟི་བའི་ཉི་མ།
ན་རན་ཀོ་ཝས་བརྩམས།
ཁྲི་སེམས་དཔའ་ཡིས་བསྒྱུར།

       མ་རྨོས་ལོ་ཏོག་གི་ཞིང་ནང་དུ། དམར་པོ་ཞིག་དང་ནག་པོ་ཞིག་མཐོང་ཡོང་། དམར་པོ་དེ་ནི་རྒན་མོ་མེ་ཏོག་གི་མགོ་རས་ཡིན་ལ། ནག་པོ་དེ་ནི་རྒན་པོ་དོན་གྲུབ་ཀྱི་མགོ་རས་རེད། ཁོ་གཉིས་ནི་བཟའ་ཚོ་ཡིན་ཞིང་། ཁུབ་ཆི་བྱེ་ཐང་གི་དབུས་ཁུལ་དུ་འཚོ་བ་སྐྱེལ་གྱི་ཡོད། ཡུལ་དེར། དཔྱིད་དབྱར་གཉིས་ཀར་ཆར་པ་ཞིག་འབབ་པ་མཐོང་དཀོན་ཏེ། ཐ་ན་ཆར་པ་ཟམ་ཟིམ་ཞིག་ཀྱང་འབབ་དཀའ། སྔོ་ཞིང་བསངས་པའི་ནམ་མཁའི་འོག་ཏུ། གསོན་ཤུགས་བྲལ་བའི་རྩྭ་ཕྲན་གྱིས་ཁེངས་འདུག། ཡིན་ནའང་། སྟོན་ཀ་ཤར་དུས། ཉིན་བཅུ་ལྷག་ལ་སྤྲིན་ནག་འཐིབས། སྟོན་ཆར་ཤག་ཤག་ཏུ་འབབ། དཔྱིད་ཀ་ནས་སྟོན་ཁའི་བར་དུ། གཟུགས་པོ་རིང་པོ་སྐྱེས་མ་ཐུབ་པ་དང་། ཉིན་གཅིག་ལའང་སྐྱིད་པོ་མ་བྱུང་བའི་རྩྭ་ལྡུམ་མཁན་པ་དང་། བྱེ་སྨྱུག། བྱེ་རྩྭ་སོགས་ནི་ཉིན་དེ་དག་གི་དྲིན་གྱིས་སྨྱོ་བ་བཞིན་ཤུགས་ཀྱིས་སྐྱེ་འོང་། ལྷག་པར་དུ་དབྱར་དུས་ཧྲིལ་པོར་བསྲན་བསྲན་པའི་མ་རྨོས་ལོ་ཏོག་མུའུ་བཅུ་པོ་ཆར་དང་འཕྲད་པ་ན། གློ་བུར་དུ་སི་སྒྲ་ལྷང་ལྷང་སྒྲོག་བཞིན་སྐྱེ་འཚར་ལ་བྲེལ་ཞིང་། ཉིན་བཞི་ལྔ་ཙམ་གྱི་རིང་དུ་མ་རྨོས་ལོ་ཏོག་རྣམས་མི་ལས་ཀྱང་མཐོ་བར་སྐྱེ།
       རྒན་པོ་དོན་གྲུབ་དང་རྒན་མོ་མེ་ཏོག་གཉིས་གཉེན་བསྒྲིགས་ནས་ལོ་བཞི་བཅུ་ཞེ་བརྒྱད་ཕྱིན་སོང་། ལོ་ངོ་ཞེ་བརྒྱད་ཀྱི་རིང་དུ། ཁོ་གཉིས་བྱེ་ཚང་ཁུག་དང་ཁ་བྲལ་མ་མྱོང་ལ། ཁ་འབྲལ་རྒྱུའི་བསམ་བློའང་ཡིད་ལ་འཁོར་མ་མྱོང་། ཁོ་གཉིས་ཀྱི་བསམ་པར། མཐར་གཏུགས་ན། འཇིག་རྟེན་ཁམས་ཀྱི་རྣམ་པ་ནི་མ་གཞི་ནས་སྐྱ་ཤུར་ཤུར་དུ་སྣང་རུང་ལྷིང་འཇགས་དང་ཞི་ལྷོད་ཀྱིས་ཁེངས་པ་ཞིག་ཡིན།
       བཟའ་ཚོ་གཉིས་ཀྱིས་ས་ཞིང་མུའུ་བཅུ་ལ་མ་རྨོས་ལོ་ཏོག་བཏབ་ཡོད། དེ་ནི་ཁོ་གཉིས་ཀྱི་ལོ་ངོ་བཞི་བཅུ་ཞེ་བརྒྱད་རིང་གི་གཉེན་སྒྲིག་འཚོ་བའི་ཁྲོད་ཀྱི་ལས་ཀ་གསར་པ་ཞིག་སྟེ། ལོ་ངོ་གསུམ་གྱི་སྔོན་ལ། མ་རྨོས་ལོ་ཏོག་གི་ཞིང་ས་མུའུ་བཅུ་པོ་ནི་རྩི་ཏོག་དང་ཤིང་མངར་སྐྱེས་པའི་རི་ལྡེབས་ཤིག་ཡིན། རྒན་རྒོན་གཉིས་ནི་ར་རྫི་ཡིན་ལ། ར་རྫིས་ཞིང་འདེབས་མི་ཤེས། ལོ་གསུམ་སྔོན་གྱི་དཔྱིད་དུས་སུ། བྱེ་ཚང་ཁུག་ཏུ་སྒྱིད་ལུག་གི་བྱེ་རླུང་ཆེན་པོ་ཞིག་འཚུབ་པ་དང་། དཔྱིད་ཀ་ནས་སྟོན་ཀའི་བར་དུ། བྱེ་རླུང་གིས་རྩྭ་སྨྱུག་གསར་པ་སྣ་ཚོགས་བསད་པ་དང་། བྱེ་རི་རེ་རེ་གསོན་དུ་བཅུག། དགུན་ཁ་སླེབས་སྐབས། རྒན་རྒོན་བཟའ་ཚོ་གཉིས་ཀྱི་ར་མང་ཆེ་བ་ཤི་བ་དང་། དྲེལ་ནག་པོ་གཅིག་པུ་དེ་ཡང་ལྟོགས་སྐོམ་གྱིས་མནར་ནས་ར་རོ་ཁྱུར་མིད་བཏང་སྟེ་མཐར་ཤི་སོང་བ་རེད།
       དཔྱིད་ཀ་ཤར་རྗེས། རྒན་རྒོན་བཟའ་ཚོ་གཉིས་ཀྱིས་མ་རྨོས་ལོ་ཏོག་གདབ་རྒྱུ་ཐག་བཅད། ཁོ་གཉིས་ཀྱིས་ད་ནི་ར་ཁྱུ་ལྟོགས་ནས་ཤི་བ་མཐོང་སྐབས་བཟོད་ཐབས་བྲལ། ཕྱུགས་ཟོག་རྒྱགས་ནས་འཆི་བའམ། ཡང་ན་སྦོས་ཤི་ཐེབས་ཀྱང་རུང་། དེ་ཚོ་ལྟོགས་ནས་འཆི་རུ་འཇུག་མི་ཉན། འགྲོ་བ་རིགས་དྲུག་གི་ནང་དུ་ཡང་གསུང་རྒྱུར། ར་ལུག་ནི་བཤས་ན་ད་གཟོད་སྐྱེ་བ་ལེན་ཐུབ་ལ། ལྟོགས་ཤི་ཐེབས་ན། རྣམ་ཤེས་རེ་རེ་ཕྱོགས་བཞིར་འཁྱམས་པ་དང་འདྲ་བས། དེ་ནི་ཅི་འདྲའི་སྐྱོ་སྡུག་ཅིག་ཡིན་ཨང་།
       རྒན་རྒོན་བཟའ་ཚོ་གཉིས་ཀྱིས་ལྕགས་ཁེམ་གང་རེ་གང་རེ་བྱས་ནས་ས་ཞིང་མུའུ་བཅུ་གསར་སྦོལ་བྱས་པ་དང་། དེ་ནས་ལྕགས་ཁེམ་གང་རེ་གང་རེ་བྱས་ནས་ས་བོན་བཏབ། འོན་ཀྱང་རྒན་རྒོན་གཉིས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ། བྱེ་ཚང་ཁུག་ཏུ་དཔྱིད་དབྱར་གཉིས་ལ་ཆར་ཐིགས་ཙམ་ཡང་མ་བབས་པ་དེ་རེད། མ་རྨོས་ལོ་ཏོག་གི་མྱུ་གུ་འབུས་མ་ཐག་ཉི་མའི་ཚ་གདུག་གིས་མནར་གཅོད་བཏང་སྟེ། གུས་གུས་ཞུམ་ཞུམ་ངང་ས་ངོས་སུ་འབྱར་ནས་བསྟུན་གང་ཐུབ་བྱེད། རྒན་རྒོན་བཟའ་ཚོ་གཉིས་ཀས་དགུན་ཁར་ཕྱུགས་ཟོག་རྣམས་ལྟོགས་ཤི་ཐེབས་པར་དོགས་དུས། མ་བསམས་ས་ནས་ཆར་པ་ཐེངས་ཤིག་བབས་བྱུང་། དེ་ནི་ཏག་ཏག་ཚ་གདུག་ཆེ་བའི་དུས་སྐབས་མཇུག་བསྡུ་ལ་ཉེ་དུས་རེད། ཕལ་ཆེར་ཞག་གཅིག་གི་རིང་དུ། རྐང་ཚིགས་ཀྱི་མཐོ་དམན་ལས་མེད་པའི་མ་རྨོས་ལོ་ཏོག་རྣམས། ཆར་བབས་རྗེས། དཔའ་ཉམས་ཆེར་སྐྱེད་ཀྱིས་སྐེད་པའི་མཐོ་དམན་ཙམ་སྐྱེས་པ་དང་། སྔོན་ལ་སོར་མོའི་ཞེང་ཙམ་ལས་མེད་པའི་ལོ་མ་ཡང་ལག་མཐིལ་གྱི་ཆེ་ཆུང་ཙམ་དུ་སླེབས།
       ལོ་དེའི་དགུན་ཁར། རྒན་རྒོན་བཟའ་ཚོ་གཉིས་ཀྱི་ར་ལྟོགས་ཤི་མ་ཐེབས་པར་མ་ཟད། ར་མ་ཁ་ཤས་ལ་རེའུ་མཚེ་མ་སྐྱེས། དེས་རྒན་རྒོན་བཟའ་ཚོ་གཉིས་ཀྱི་གདོང་ལ་འཛུམ་གྱིས་གཡོགས་པ་མ་ཟད། རྒན་པོ་དོན་གྲུབ་ཀྱི་གདོང་ལ་ལྷག་ཏུ་འཛུམ་མདངས་རྣམ་པར་བཀྲ།
       རྒན་པོ་དོན་གྲུབ་ལ་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མེད་དེ། གདོང་ནག་ཅིང་གྲུ་བཞི་ཡིན་པའི་ཁར་ཤིན་ཏུ་རིད་པོ་ཡིན་ལ། ལོ་མང་པོའི་རིང་བྱེ་ཚང་ཁུག་ཏུ་ཕྱུགས་འཚོས་པའི་དབང་གིས་ཁོ་རྒན་པོ་ལྷིང་པོ་ཞིག་ཏུ་གྱུར་ཡོད། ཁོ་ནི་ངང་རྒྱུད་བཟང་ཞིང་དྲན་ཚུལ་འཁྲལ་འཁྲུལ་ཡང་གང་ཡང་མེད་ལ། དགའ་ཕྱོགས་ཀྱང་ཆང་འཐུང་བ་ལས་གཞན་ཅི་ཡང་མེད། མཚན་མོ་རེ་རེར། མལ་སའི་ནང་འཛུལ་ཁར་ཆང་ཁམ་འགའ་འཐུང་བ་དང་། ཞོགས་པར་ཡར་ལངས་དུས་ཀྱང་དེ་བཞིན་ཡིན།
       ཞོགས་པར། རྒན་པོ་དོན་གྲུབ་ཀྱི་མིག་ཕྱེ་རྗེས་ཀྱི་ལས་ཀ་དང་པོ་གདན་འོག་ནས་སྦུ་གུ་འབལ་རྒྱུ་དེ་རེད། ཆང་དེའི་ཏུའུ་གྲངས་ཧ་ཅང་མཐོ། ཏུའུ་ལྔ་བཅུ་ང་བརྒྱད་རེད། ཕོ་བ་སྟོང་པར་ཁམ་གསུམ་འཐུང་དགོས། ཁ་ཚ་ཞིང་བསིལ་ལ་མི་ཡི་ཁམས་དྭངས་པར་བྱེད། དེ་རྗེས་ནས་རྒན་པོས་འཕྲལ་མར་ཡར་མི་ལངས་པར། ཡུད་ཙམ་ལ་མིག་བཙུམས་ཤིང་ཉལ་ནས་སྡོད། དུས་ཡུན་ཐུང་ངུའི་རིང་གི་ཁུ་སིམ་དང་སྒྱིད་ལུག་གི་ཁྲོད་དུ། ཚོར་བ་ཡ་མཚན་ཞིག་གིས་རྒན་པོ་དོན་གྲུབ་ཀྱི་ལུས་སེམས་གཉིས་ཀ་བདེ་འབོལ་ལེར་བྱེད་ལ། ཁོས་ཆང་བཅུད་ལུས་ཀྱི་ཕྱོགས་བཞིར་ཁྱབ་ནས་འགྲོ་བ་ཚོར་ཐུབ། དེར་དྲོད་ཚད་ངེས་ཅན་ཡོད་པ་དང་། བ་སྤུ་ཕྲ་ཞིང་རིང་བ་ཁྲི་མ་འབུམ་གྱིས་ཁོའི་ཁོང་དུ་བྱིལ་བྱིལ་བྱེད་པ་དང་འདྲ། ཁོའི་སྣང་བ་ཞིག་ལ་དཀར་ཡོལ་རྩུབ་རེག་ཅན་དང་རྩི་གར་གོར་དུ་ལྷུང་བའི་འཆའ་སྒམ། ཁ་གནམ་ལ་འཁོར་བའི་རྫ་མ་ནག་པོ། སྒེའུ་ཁུང་ཕྱི་རོལ་གྱི་དྭངས་གཙང་གི་ཞོགས་གསར་སོགས་མིག་མདུན་གྱི་ཡོད་ཚད་འཇམ་པོར་གྱུར་འདུག་ལ། ད་དུང་ཁོར་འགྲོགས་ནས་ལོ་ངོ་ཞེ་བརྒྱད་འགོར་བའི་ཨ་ཡེ་རྒན་མོའི་གདོང་དུ་ཡང་དྲོད་འཇམ་གྱི་རྣམ་པ་ཞིག་མངོན་འདུག།
       ཐོག་མར་འགོ་རྩོམ་དུས། དེ་ནི་ལོ་ངོ་མང་པོའི་སྔ་རོལ་ཞིག་ཡིན། ལོ་སུམ་ཅུ་ལྷག་ཙམ་འགོར་སོང་། རྒན་མོ་མེ་ཏོག་ཁྱོ་གས་ཆང་འཐུང་བར་ཞེན་པ་ལོག་ཡོད། རྗེས་སུ་ལོ་ན་རྒས་རྗེས། ཁྱོ་གར་མི་ཚེ་གང་པོར་དགའ་ཕྱོགས་དེ་ཙམ་ལས་མེད་པས་བསྟུན་ཐབས་བྱས།
       རྒན་པོ་དོན་གྲུབ་ཀྱི་ཞོགས་པ་རེ་རེ་ནི་འདི་ལྟའི་ངོ་མཚར་ཆེ་བའི་འཆར་སྣང་ཁྲོད་འགོ་བརྩམས་པ་རེད། ཁོས་མིག་ཟིམ་ཟིམ་ངང་ཤར་ཕྱོགས་དང་། ཤར་ཕྱོགས་ཀྱི་མཁའ་མཐའི་བྱེ་སྒང་། ད་དུང་དེའི་མཐོངས་ཀྱི་བརྗིད་ཆགས་ཡིད་འོང་གི་ཉི་གཞོན་ལ་བལྟས། འོད་ཀྱི་ཟེར་མ་གདོང་པར་ཕྱོགས་ནས་འཕྲོས་ཡོང་ལ། གདོང་དུ་རེག་སྐབས་དྲོ་འཇམ་ལྡན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་རླུང་གིས་ཁེངས་འདུག། རྒན་པོ་དོན་གྲུབ་ཀྱིས་སྔ་མོ་ནས་ཤེས་ཡོད་དེ། རླུང་ལྡང་སའི་ཕར་ངོགས་སུ་ད་དུང་བྱེ་ཚང་ཁུག་དང་འདྲ་བའི་ཁ་ཁུ་སིམ་པོའི་ཡུལ་ལུང་མང་པོ་ཡོད། འཇིག་རྟེན་འདིའི་སྟེང་དུ་ངོ་མཚར་བའི་དོན་དག་ཧ་ཅང་མང་མོད། འོན་ཀྱང་དེ་དག་མཐོང་བའི་མིག་ནི་ཧ་ཅང་དཀོན་པོ་ཡིན།
       རྒན་པོ་དོན་གྲུབ་དང་བསྡུར་ན། རྒན་མོ་མེ་ཏོག་གིས་ཡངས་ཤིང་རྒྱ་ཆེ་བའི་རླུང་བུ་ཚོར་ཐུབ་ཀྱི་མེད། མོའི་ཚོར་སྣང་ཁྲོད་ཞོགས་པའི་ཉི་གཞོན་ཡར་འཕགས་ནས་རྔ་ནོག་གི་མཐོ་ཚད་དུ་སླེབས་ཚེ། ས་ངོས་སུ་ཚ་རླབས་ཟམ་མ་ཆད་པར་འཕྱུར་ཡོང་། མཚན་མོར་མགོ་བོ་ཀྲོག་ཀྲོག་གིས་བཞད་པའི་རྩྭ་དང་མེ་ཏོག་རྣམས། ཚ་རླབས་དྲག་པོའི་ཁྲོད་སྐད་ཅིག་དེ་ཉིད་དུ་རྙིད་པར་འགྱུར་ཞིང་། ནག་ཉེས་ངོས་ལེན་བྱེད་པ་ལྟར་མགོ་བོ་བསྒུར་འདུག།
       ར་ཁྱུས་དགུན་ཁ་དང་དཔྱིད་ཀ་བདེ་བླགས་ངང་བསྐྱལ་རྒྱུ་དང་། ར་མས་རེའུ་མང་པོ་བརྩེབ་རྒྱུ། ར་ལ་ཤ་ཤེད་རྒྱས་རྒྱུ། ཁུ་ལུ་མང་པོ་ཐོགས་རྒྱུ་བཅས་ནི་རྒན་མོ་མེ་ཏོག་གི་བསམ་འདུན་ཡིན་ལ། མོའི་འཚོ་བའི་ལྟེ་བའང་ཡིན། ཡོད་ཚད་དེ་ལ་བསྐོར་ནས་འཁོར་དགོས། རེའུ་ཡོད་ན་ར་ཁྱུ་ཇེ་མང་དུ་འགྲོ་ལ། ཁུ་ལུ་ཡང་ཇེ་མང་དུ་འགྲོ། ཁུ་ལུ་མང་པོ་ཡོད་ན་དངོས་པོ་གཞན་པ་མང་པོར་བརྗེ་ཐུབ། དཔེར་ན། ཏུའུ་ལྔ་བཅུ་ང་བརྒྱད་ཅན་གྱི་ཆང་རག་ཤེལ་དེམ་དེ་དག་ལྟ་བུ། དྭངས་གཙང་གི་གཤེར་གཟུགས་དམ་བེ་གང་པོ་དེ་ནི། མོའི་བཟའ་ཟླའི་ངོས་ནས་བཤད་ན། ཁོའི་མི་ཚེའི་འབྱོར་ཕྱུག་མིན་པའི་འཚོ་བའི་ཁྲོད་ཀྱི་སྤྲོ་སྣང་ཆེ་ཤོས་དེ་ཡིན། དེ་བས། ཁྱིམ་དུ་ཆང་མེད་ན་མི་འགྲིག། དེའི་ཐད་ལ་རྒན་རྒོན་བཟའ་ཚོ་གཉིས་ཀ་ཧ་ཅང་མཐུན་པོ་ཡོད།
       ནམ་ཡོངས་སུ་གསལ་ལ་ཉེ་དུས། རྒན་པོ་དོན་གྲུབ་རྡོ་གཅལ་སྟེང་བསྡད་ནས་ཟོར་བ་རྡར་འགོ་བརྩམས། རྒན་མོ་མེ་ཏོག་གིས་ཐབ་ཁའི་ལྕགས་སླང་ནང་བག་ལེབ་སྲེག་བཞིན་འདུག། བག་ལེབ་དེར་མཛུབ་མོ་གསུམ་གྱིས་མཐུག་ཚད་ཡོད་ལ། རྒན་མོ་མེ་ཏོག་གིས་སླང་མཐིལ་དུ་མར་ཁུ་ཁེམ་བུ་གཉིས་བླུགས་པས། བག་ལེབ་ཀྱི་ཤུན་པ་ནི་སེར་ལམ་ལམ་བྱེད། ཐབ་ནང་གི་མེ་ལྕེ་ཡིས་སླང་ཞབས་འུར་འུར་དུ་ལྡག་བཞིན་མཆིས།
       “མིག་གིས་གསལ་པོར་མཐོང་ངམ། ལག་པར་གཟབ་གཟབ་བྱོས།” རྒན་མོ་མེ་ཏོག་གིས་མིག་གིས་སླ་ངའི་ནང་བལྟས་ཏེ་ཁ་ནས་བཟའ་ཟླར་དེ་ལྟར་བཤད།
       རྒན་པོ་དོན་གྲུབ་ཀྱིས་བཟའ་ཟླའི་སྐད་ཆ་གོ་བྱུང་ནའང་། ཁོས་ཨ་ལན་ཅི་ཡང་མི་བསློགས། འདས་ཟིན་པའི་ལོ་ངོ་ཞེ་བརྒྱད་རིང་། རྒན་མོ་མེ་ཏོག་གིས་ཉིན་ལྟར་སྐད་ཆ་དེ་དང་འདྲ་བ་འགའ་བཤད་ཀྱི་ཡོད་དེ། དཔེར་ན། “ཁྲག་རྒྱུ་ཟ་འདོད་དམ། ངས་ཁྱེད་ལ་བླུགས་ཆོག།” ཡང་ན“ལྭ་བ་དེ་གོན་རོགས། འཁྱག་ཏུ་མ་འཇུག”ཅེས་པ་ལྟ་བུ་རེད། རྒན་པོ་དོན་གྲུབ་སྐད་ཆ་དེ་དག་ལ་སྔ་ས་ནས་གོམས་ལོབས་སུ་གྱུར་ཡོད་མོད། འོན་ཀྱང་ཁོ་སུན་པོ་མེད་ལ་སྤྲོ་སྣང་ཡང་མེད། ཁོས་སྐབས་འགར་བཟའ་ཟླ་ནི། རང་གིས་ལོ་བདུན་ཅུ་ལྷག་ཙམ་རིང་གི་ཞུམ་པ་མེད་པའི་ལོ་ཟླའི་ནང་གསོ་སྐྱོང་བྱས་པའི་ཨ་མ་ཡིན་པར་སྙམ་གྱི་འདུག།
       ཟོར་བ་རྡོར་བཞིན་རྡོར་བཞིན་དུ། རྒན་པོ་དོན་གྲུབ་ལ་ཞོགས་པའི་ཆང་ཁམ་འགའ་དེ་ཉུང་སོང་བའི་ཚོར་སྣང་ཞིག་སྐྱེས། རྔུལ་ཆུ་མཚམས་མི་འཇོག་པར་བཞུར་རྐྱེན། ལུས་ཕུང་ནང་བསགས་པའི་ཆང་བཅུད་དེ་རྔུལ་ཆུ་དང་མཉམ་དུ་ཕྱིར་ཕུད་པ་རེད། ཁོས་ད་དུང་ཁམ་འགའ་འཇིབ་དགོས། འོན་ཀྱང་ཁོས་རྒན་མོ་མེ་ཏོག་གི་སྔུན་ནས་འཐུང་བར་འཚེར་སྣང་བྱེད་ཀྱི་ཡོད། མིག་མདུན་གྱི་བུད་མེད་འདི། ཁོ་ལ་མཚོན་ན་གུས་བཀུར་དང་བཀའ་དྲིན་ཞུ་ཡུལ་ཡིན་པ་མ་ཟད། བྱམས་ས་དང་དགའ་ས་ཡིན་ལ། ཁ་འབྲལ་ཐབས་མེད་པ་དེ་ཡང་ཡིན། ཁྱིམ་གྱི་འཚོ་བ་ཚང་མ་བུད་མེད་འདིས་བཀོད་སྒྲིག་བྱས་པ་ཡིན་ལ། མོས་ཁོ་ལ་ཅི་བྱོས་ཟེར་ན་ཁོས་དེ་ལྟར་བྱེད་མོད། ཨ་རག་འཐུང་བ་འདི་གཅིག་པུའི་ཐད་ནས། ཁོས་རང་ཉིད་ཀྱི་ལྟ་ཚུལ་རྒྱུན་འཁྱོངས་བྱས་པ་རེད། མོས་སྔོན་ཆད“ཁྱོད་ཀྱིས་འཐུང་དགོས་ན་ཧུབ་ཆེན་པོས་འཐུངས། རྒྱུན་དུ་དེ་ལྟར་འཇིབ་པ་ནི། ནུ་མ་ནུ་བཞིན་པའི་བྱིས་པ་ཞིག་དང་འདྲ”ཞེས་ཤོད་སྐབས། ཁོ་བགད་བྱུང་། ཁོ་དགོད་དོན་མོའི་དཔེ་འཇོག་དེར་དགོད་པ་མ་ཡིན་པར། ཆང་གིས་ཅུང་ཙམ་བཟི་རྗེས་ཀྱི་ངོ་མཚར་བའི་ཚོར་བ་སྟེ། མོས་ཁོའི་སེམས་ནང་གི་གསང་བ་དེ་མི་ཤེས་པར་དགོད་བཞིན་ཡོད།
       ཅུང་ཙམ་བཟི་རྗེས་ཀྱི་འཕྲུལ་སྣང་ཆུང་ཆུང་དེ་ནི་ཁོའི་གསང་བ་ཡིན། ཚེ་གཅིག་གསོན་ཡང་གསང་བ་ཞིག་རྒྱུན་འཛིན་བྱ་རྒྱུ་དེ་དཀའ་མོ་ཞིག་ཡིན།
       རྒན་པོ་དོན་གྲུབ་ཀྱིས་གནད་དོན་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་དེ། ཇི་ལྟར་བྱས་ན་ད་གཟོད་ཆང་རག་དམ་བེ་ཕྱེད་ཀ་དེ་མ་རྨོས་ལོ་ཏོག་གི་ཞིང་ནང་གི་འཁྱེར་ཐུབ་བམ།
       ཕྱིས་སུ། རྒན་པོ་དོན་གྲུབ་ཀྱིས་གཞི་ནས་གོ་སྐབས་ཤིག་རྙེད་བྱུང་། རྒན་མོ་མེ་ཏོག་གིས་ཚལ་གྲིས་བག་ལེབ་མཐུག་པོ་དེ་གཏུབ་སྐབས། ཁོས་འཚབ་འཚུབ་ངང་ཆང་རག་དམ་བེ་ཕྱེད་ཀ་དེ་ཁུག་མའི་ནང་བཅུག། ཁོའི་ཕྱི་ལྭ་ནག་པོ་དེའི་ཁོབ་ཆེན་པོ་མིན་མོད།
       འོན་ཀྱང་ཁོ་ནི་ཧ་ཅང་རིད་པས། ཆང་དམ་བེ་ཕྱེད་ཙམ་གང་དུ་སྦས་ཀྱང་ཆོག། མ་རྨོས་ལོ་ཏོག་གི་ཞིང་ཁར་འགྲོ་དུས། ཁོའི་གོམ་སྟབས་ཤིན་ཏུ་མགྱོགས། དེ་ནི་བཟའ་ཟླ་དང་མཉམ་དུ་དལ་མོར་འགྲོ་མ་འདོད་པ་མིན་པར། གོམ་པ་སྤོས་པ་དང་བསྟུན་ཆང་དམ་བུ་ཕྱེད་ཀ་དེ་ལས་ཤག་ཤག་གི་སྒྲ་ཞིག་གྲགས་འོངས། ཁོས་སྒྲ་དེ་མོར་ཐོས་སུ་འཇུག་མི་འདོད།
       མ་རྨོས་ལོ་ཏོག་གི་ཞིང་ནང་དུ་སླེབས་རྗེས། རྒན་པོ་དོན་གྲུབ་བྲེལ་འཚུབ་ངང་མ་རྨོས་ལོ་ཏོག་བརྒལ་ནས་སོང་ཞིང་། ཁོས་ཕྱོགས་གཞན་ཞིག་ནས་བཟའ་ཟླ་ཡོང་སའི་ཕྱོགས་སུ་གཟས་ནས་འབྲེག་འགོ་བརྩམས། རྒན་པོ་དོན་གྲུབ་ཕར་ཕྱོགས་སུ་འགྲོ་བ་མཐོང་སྐབས། རྒན་མོ་མེ་ཏོག་གིས་ཁོར་འདི་ནས་མི་འབྲེག་པ་ཅི་ཡིན་ཞེས་སྐད་ཤུགས་ཆེན་པོས་དྲིས། རྒན་པོས་སྐད་ཤུགས་ཆེན་པོས་ཉི་མར་རྒྱབ་གཏད་ན་མིག་ལ་མི་གནོད་ཅེས་ལན་བཏབ།
       ཟིལ་པ་མ་བབས་གོང་མ་རྨོས་ལོ་ཏོག་བྲེགས་ནས་གཟན་ཁང་དུ་མ་བསྡུས་ན། སྟོན་གྱི་གྲང་ངར་དང་འཕྲད་ཚེ། མ་རྨོས་ལོ་ཏོག་གི་ལོ་མ་འཁྱགས་རེངས་སུ་འགྱུར་ངེས་ལ། རླུང་གཡུག་ཐེངས་ཤིག་གིས་ཤག་སྒྲ་དང་བཅས་གང་སར་ཁུར་འགྲོ། དེ་འདྲ་བྱས་ན། ཁྱིམ་གྱི་ར་བདུན་ཅུ་ལྷག་གིས་ལྟོགས་སྐོམ་མྱང་དགོས།
       མ་རྨོས་ལོ་ཏོག་མ་བྲེགས་པའི་སྔོན་དུ། རྒན་པོ་དོན་གྲུབ་ཙོག་པུར་བསྡད་དེ། ཆང་ཁམ་གང་ཧམ་པ་ཚ་པོས་འཇིབ། དེ་ནས། ཆང་དམ་མིག་གིས་མི་མཐོང་བའི་རྩྭ་ལྡུམ་གྱི་གསེང་ཞིག་ཏུ་སྦས་རྗེས། ཁོས་ཆང་ཁ་ནང་དུ་བཟུང་ནས་ཉུང་ཙམ་ཉུང་ཙམ་མིད། ཁོས་ཆང་ལྕེ་ཐོག་ཏུ་ཤུད་ནས་འགྲོ་སྐབས་ཀྱི་འཁྱག་སིབ་སིབ་ཀྱི་ཚོར་བ་དང་།ཚོར་བ་དེ་ཡལ་རྗེས་ཀྱི་ཚ་ངར་ལོངས་སུ་སྤྱོད་ཀྱིན་ཡོད།
       རྩྭ་འབྲེག་པའི་ལས་ཀ་གཅིག་འདྲ་ཡིན་རུང་། རྒན་མོ་མེ་ཏོག་གི་ཟོར་བ་ནི་ཧར་གྱིས་གཡུག་པ་དང་། རྒན་པོ་དོན་གྲུབ་ཕྱོགས་ཀྱི་ཟོར་བ་ནི་ཚག་ཚག་དང་བཅས་བ་གླང་ཞིག་གིས་སྐྱུག་ལྡད་བྱེད་པ་དང་མཚུངས། འོན་ཀྱང་། རྒན་པོ་དོན་གྲུབ་ཀྱི་སྦར་མཐིལ་ཧ་ཅང་ཆེ་བས། སྦར་གང་བཟུང་ན་རྒན་མོ་མེ་ཏོག་གི་སྦར་མོ་གསུམ་ཙམ་ལོངས།
       རྒྱང་རིང་ནས་རྒན་པོ་དོན་གྲུབ་ཀྱིས་རྒན་མོ་མེ་ཏོག་གི་མགོ་རས་དམར་པོ་དེ་མཐོང་བྱུང་། མ་རྨོས་ལོ་ཏོག་གི་ཞིང་ས་སེར་པོའི་ནང་། དམར་པོ་དེ་ནི་རྐང་པ་ཐོགས་པའི་མེ་ཕུང་ཞིག་གམ། ཡང་ན་དགོ་བ་ངོ་དམར་ཞིག་དང་འདྲ་བར་དལ་མོར་འགུལ་སྐྱོད་བྱེད། རྒན་པོ་དོན་གྲུབ་ཀྱིས་རང་ཉིད་ལོ་བདུན་བརྒྱད་ལ་སླེབས་སྐབས། ཕ་དང་མཉམ་དུ་རི་དྭགས་རྔོན་སྐབས་མཐོང་མྱོང་བའི་དགོ་བ་དེ་ཡིད་ལ་དྲན། ཁོས་དགོ་བ་ཞིག་གི་ངོ་གདོང་དང་མཆུ་ཏོ། ཐིག་ལེ་བཅས་དམར་པོ་ཡིན་པ་དྲན་འོངས། ཁོས་ཨ་ཕར་འདི་འདྲའི་ལྟ་ན་སྡུག་པའི་སྲོག་ཆགས་ཤིག་གསོད་དོན་ཅི་ཡིན་ནམ་ཞེས་དྲིས། ཨ་ཕས་དེ་བཤས་ན་སྐྱེ་བ་བརྗེས་ནས་བུ་མོ་མཛེས་མ་ཞིག་ཏུ་འགྱུར་ཐུབ་ཟེར། དེ་ནས་བཟུང་། རྒན་པོ་དོན་གྲུབ་ཀྱི་སེམས་སུ། འཇིག་རྟེན་འདིའི་ཐོག་གི་བུད་མེད་ཚང་མ་ནི་དགོ་བའི་སྐྱེ་བ་བརྗེས་ནས་བྱུང་བར་ངོས་འཛིན་བྱས། ཐ་ན་མིག་མདུན་གྱི་བུད་མེད་འདི་ཡང་དགོ་བའི་རྣམ་ཤེས་ཡིན་པར་སྙམ་བཞིན་ཡོད། མོ་ཧ་ཅང་རྒས་ཤིང་འཁོགས་ནའང་མོའི་གཉེར་མས་ཁེངས་པའི་གདོང་དུ་ལོ་ན་གཞོན་པའི་སྐབས་ཀྱི་མཛེས་སྡུག་ད་དུང་མཐོང་ཐུབ།
        “ཨ་ཧོ། ང་དང་འགྲོགས་ནས་རྒས་སོང་།”རྒན་པོ་དོན་གྲུབ་ཀྱིས་ཤུབ་ཤུབ་ངང་བཤད།
       མུ་ཚུགས་གཅིག་བྲེགས་ཚར་རྗེས། རྒན་པོ་དོན་གྲུབ་ལ་གློ་བུར་དུ་ཁ་སྐོམ་པའི་ཚོར་སྣང་ཞིག་བྱུང་བས། ཁོས་ཁྱིམ་ནས་ཁྱེར་ཡོང་བའི་འོ་དེམ་ནང་ནས་ཇ་ཕོར་པ་ཕྱེད་ཀ་བླུགས་ཏེ་ཁམ་དོ་བཏུངས་པ་ན། ཁ་ལ་ཧ་ཅང་ཞིམ་པའི་ཚོར་སྣང་སྐྱེས། ད་ཐེངས་ཁོས་མྱུར་ཚད་མགྱོགས་སུ་བཏང་ཡང་། མྱུར་ཚད་མགྱོགས་སུ་ཕྱིན་པས་སྤུས་ཚད་སྐྱོ་རུ་ཕྱིན་འདུག། ད་གིན་ཟོར་བས་ས་ངོས་དང་བར་ཐག་ཚུན་བཞི་ཙམ་གྱི་མཚམས་སུ་སག་སེ་བྱེད་མོད། ད་ནི་ཚུན་བརྒྱད་དགུ་ཙམ་གྱི་མཚམས་སུ་སླེབས་འདུག། ཡིན་ནའང་རྒན་པོ་དོན་གྲུབ་ཀྱིས་དེ་དག་ལ་སེམས་ཁུར་བྱེད་མི་འདོད་པར་གྱུར། ཁོ་ལ་དམིགས་ཡུལ་གཅིག་ཡོད་པ་ནི་མགྱོགས་པོ་བྱ་རྒྱུ་དེ་ཡིན། ཁོའི་སྦར་མཐིལ་མ་གཞི་ནས་ཆེ་བས། སྔོན་ལ་སྦར་མོ་གསུམ་རེ་འཛིན་གྱི་ཡོད་མོད། ད་ནི་དྲུག་རེ་འཛིན་གྱིན་འདུག་པས། ཁོའི་ཉམས་འགྱུར་ལ་བལྟས་ན་འབྲེག་བཞིན་མེད་པར། ཧྲོག་སྒྲ་དང་བཅས་ཧ་ལམ་གཏུབ་བཞིན་ཡོད། ཁོའི་མིག་ཟུར་གྱིས་མགོ་རས་དམར་པོ་དེ་མཐོང་བྱུང་། དུས་འདིར་མགོ་རས་དམར་པོ་དེ་མ་རྨོས་ལོ་ཏོག་གི་གཞུང་རྟ་ལས་མཐོ་ཙམ་སྣང་ཞིང་། སྔོ་བསངས་ཀྱི་ནམ་མཁའི་འོག་ཏུ་གཡོ་ཞིང་འཁྱོམ། ཁོས་མིག་ཅེ་རེར་བལྟས་ཚེ། མ་གཞི་རང་གི་བཟའ་ཟླས་མིག་མདངས་ཡ་མཚན་ཞིག་གིས་རང་ལ་ཅེར་འདུག།
       ཁོས་དབང་མེད་དུ་མྱུར་ཚད་ཇེ་དལ་དུ་བཏང་བར་མ་ཟད། ཉམས་འགྱུར་ཡང་ཚད་ལྡན་དུ་བཏང་།
       “ཨ་ཙི། ཁྱོད་ཀྱིས་སྐེད་པ་མར་བསྒུར་ན་མི་ཆོག་གམ། འཕྲོ་མ་དེ་སུར་བསྐྱུར་བ་ཡིན།” རྒན་པོ་དོན་གྲུབ་ཀྱི་དྲན་ཡུལ་ལས་མ་འདས་ཏེ། མགོ་རས་དམར་པོས་སྐད་ཅོར་རྒྱག་བཞིན་འདུག།
       རྒན་པོ་དོན་གྲུབ་ཀྱིས་ལན་ཅི་ཡང་མ་བསློགས། ཁོས་རང་གིས་ཁ་ཡ་མ་བྱས་ན་མོ་ཡང་ཁ་རོག་གེར་འདུག་སྲིད་པ་ཤེས་ཡོད། ཁོས་མགོ་བོ་དགྱེ་ནས་མདུན་ཕྱོགས་སུ་བལྟས་པ་ན། གོམ་པ་བཅུ་ལྷག་ལས་མེད་པས། ཁོས་ཤུགས་ཀྱིས་གཏུབ་ཅི་ཐུབ་བྱས། ཁོའི་རྒྱབ་ནས་རྔུལ་ནག་འཕྱུར་ཞིང་། འགྲམ་ཟུར་ནས་ཁ་ཆུ་བཞུར་ལ། སྣབས་ཀྱང་ལུག་ནས་བར་སྣང་དུ་ཕར་གཡོ་ཚུར་གཡོ་བྱེད། ཐེངས་འགའ་ལ། རྒན་པོ་དོན་གྲུབ་ཀྱིས་མཚམས་བཞག་ནས་སྣབས་འབུད་པ་དང་རྔུལ་ཆུ་མི་འབྱིད་ཀ་མེད་བྱུང་།
       གློ་བུར་དུ་བྱ་སྲེག་པ་སྐོར་ཞིག་མ་རྨོས་ལོ་ཏོག་གི་ཞིང་ནང་ནས་ཧྲོག་སེར་བྲོས་པ་ན། ཁྭ་ཏ་འགའ་འདྲོགས་ནས་དྲང་ཐད་དུ་མཐོ་སར་འཕུར། རྒན་པོ་དོན་གྲུབ་ཀྱིས་ཁྭ་ཏ་དེད་ནས་ལྟ་སྐབས། ཁྭ་ཏ་ག་ཚོད་ཡོད་པ་མ་མཐོང་ཡང་། ནམ་མཁའ་ནས་སྤྲིན་ནག་འཁྲིགས་པ་མཐོང་བྱུང་།
       དུས་ཚོད་འདི་ཙམ་ལ་སླེབས་བྱུང་། ད་དུང་ཆར་པ་འབབ་བམ།
       རྒན་པོ་དོན་གྲུབ་ཀྱིས་ཤབ་ཤུབ་ངང་སྐད་ཆ་འགའ་ལབ་རྗེས། མ་རྨོས་ལོ་ཏོག་གི་ཞིང་ལ་བལྟས་ཤིང་། ཡང་ནམ་མཁའི་སྤྲིན་པར་བལྟས། སྤྲིན་ཧྲིལ་པོ་མར་བབས་ཀྱང་མ་རྨོས་ལོ་ཏོག་གི་ཞིང་དགབ་མི་ཐུབ། དེ་ནས་ཁོས་སྒྱིད་ལུག་ངང་ཟོར་བ་བླངས་ཏེ། དལ་ལྷོད་ལྷོད་དུ་འབྲེག་འགོ་བརྩམས། ཚག་ཚག་ཚག། བ་ལང་ཞིག་གིས་སྐྱུག་ལྡད་བྱེད་བཞིན་འདུག། ཚག་ཚག་ཚག། ཉི་མ་ཧ་ཅང་རིང་བས་བྲེལ་འཚུབ་ལངས་མི་རུང་།
       གཞོགས་གཞན་ཞིག་ཏུ་སླེབས་རྗེས། རྒན་པོ་དོན་གྲུབ་ལངས་ནས་ཕ་རོལ་ཏུ་ལྟ་བཞིན་འདུག། དེ་ནི་ཐག་རིང་རྒྱུ་མེད་ལ་ཉེ་རྒྱུ་ཡང་མེད་པའི་བར་ཐག་ཅིག་རེད། མགོ་རས་དམར་པོ་དེ་ཕ་གི་ནས་འདི་ཕྱོགས་སུ་འགུལ་འོང་ཞིང་། མཚམས་རེར་ཡར་ལངས་ནས་ངལ་གསོ་བཞིན་འདུག། ཁོས་མོའི་དམར་སྨུག་གི་གདོང་དེ་མི་མཐོང་མོད། འོན་ཀྱང་མོའི་གཤིས་ཀའི་ཁྲོད་ཀྱི་བརྟན་ཚུགས་དེ་མཐོང་ཐུབ། བརྟན་ཚུགས་ཅན་གྱི་བུད་མེད་འདི་ཁོ་དང་འགྲོགས་ནས་དབུལ་ཕོངས་ཀྱི་འཚོ་བ་གྲངས་མེད་རོལ་རྗེས། དཔུང་པ་སྲ་མོ་གཉིས་ཀ་དང་། སེམས་པ་སྲ་མོ་དེར་ཆག་གྲུམ་མ་བྱུང་བར་མ་ཟད། གཤིས་ཀ་བརྟན་ཞིང་ཚུགས་པ་ཞིག་བཞེངས་སྐྲུན་བྱས།
       རྒན་པོ་དོན་གྲུབ་ཀྱིས་ཨམ་གཙིགས་བསྡམས་ཏེ། ནུས་ཤུགས་ཡོད་རྒུས་དཔུང་པ་གཡུག་བཞིན་ལས་འགོ་བརྩམས། ཁོས་ངེས་པར་དུ་རང་ཉིད་ལ་ཤུགས་རྒྱག་དགོས། རྒྱུ་མཚན་ནི་གློ་བུར་དུ་ཁོའི་ཀླད་པའི་ནང་ཡམ་ཡོམ་དུ་གྱུར་ཅིང་། རྐང་མཐིལ་སྙི་མོར་གྱུར། ཁོས་མ་རྨོས་ལོ་ཏོག་གི་གཞུང་རྟ་ལས་སེར་ཤང་ཤང་གི་སྣུམ་ཐོན་པ་མཐོང་ཞིང་། ཡར་སྔོན་བལྟས་ན་ཡག་ཅིང་མིག་ལ་མི་གཙེས་པའི་མ་རྨོས་ལོ་ཏོག་གི་ཞིང་ས་དེ་ཡང་ད་ནི་ཚ་ལུ་མ་བསྲེགས་མ་ཞིག་དང་འདྲ་བར་སེར་ལམ་མེར་སྣང་། ཁོའི་སེམས་སུ་ཅིའི་ཕྱིར་འདི་འདྲའི་ཁ་དོག་ངན་ངོན་ཞིག་ཏུ་གྱུར་པ་ཡིན་ནམ་སྙམ་ནས་ཡ་མཚན་སྐྱེས་ཤིང་། ཁོ་མགོ་འཐོམ་པར་གྱུར། ཚོར་སྣང་དེ་ནི་ཁོ་རང་གོམས་ཟིན་པའི་ཚོར་སྣང་དཔོག་དཀའ་བ་དེ་དང་གཏན་ནས་མི་འདྲ། ཚོར་བ་དེའི་རིགས་ཀྱིས་ཁོ་ལ་བདེ་སྣང་སྟེར་ལ། འོན་ཀྱང་། སྐབས་འདིར་ཁོའི་མགོ་འཐོམས་ནས་སྙིང་ན་ཞིང་སྐྱུག་མེར་ལངས་འོངས།
       “ཟོར་བ་རྣོན་པོ་མི་འདུག། ཁྱོད་ཀྱིས་བརྡར་རོགས།།”
       མགོ་རས་དམར་པོ་མདུན་དུ་སླེབས།
       “ཁྱོད་རང་སྔོན་ལ་ངལ་གསོ་ཏོག་ཙམ་རྒྱོབས། ངས་ལམ་སང་བརྡར་ཡོང་།” རྒན་མོ་མེ་ཏོག་ཕར་སོང་ཞིང་རླུང་ཁར་གཟད་ནས་གླུ་དབྱངས་བླངས། དུས་ཡུན་རིང་པོ་ཞིག་སོང་རྗེས་སྐད་ཆེན་པོས“ཆར་པ་འབབ་རྒྱུ་ཡིན་པ་འདྲ”ཞེས་བཤད།
       ད་ཐེངས། ཨ་རག་ཤེལ་དམ་ལག་ཏུ་བཟུང་རྗེས། རྒན་པོ་དོན་གྲུབ་ཀྱིས་བྲེལ་འཚུབ་ངང་ཧུབ་ཆེན་པོས་མ་བཏུངས་པར། སེམས་ཆུང་ངང་ཅུང་ཟད་མིད། ཡ་མཚན་པ་ཞིག་ལ། ཅུང་ཟད་ཙམ་ཡིན་མོད། རྒན་པོ་དོན་གྲུབ་བདེ་འབོལ་ལེར་གྱུར། མགོ་ཡུ་མི་འཁོར་ཞིང་རྐང་མཐིལ་ཡང་བརྟན་པོར་གྱུར་པའི་སྣང་བ་ཞིག་སྐྱེས། ཁོས་ཆང་ལ་བལྟས་པ་ན། མང་པོ་མི་འདུག། མང་ན་སྲང་གསུམ་མ་གཏོགས་ལྷག་མི་འདུག། ཁོ་ཙོག་པུར་བསྡད་ཅིང་། བཟའ་ཟླའི་མཐོང་ལམ་ལས་གཡོལ་ཏེ་ཁམ་གང་བཏུངས། དེ་ནས་ཁོ་དལ་ལྷོད་ལྷོད་ངང་བཟའ་ཟླའི་ཕྱོགས་སུ་བསྐྱོད།
       རྒན་མོ་མེ་ཏོག་བྲེགས་མ་ཐག་པའི་མ་རྨོས་ལོ་ཏོག་སྟེང་བསྡད་ཅིང་། ལག་པས་བག་ལེབ་བཅགས་ནས་ལྡད་ཞོར་དུ“ཁྱོད་ཀྱི་སྣ་ཆུ་ཡང་བདག་ཐུབ་ཀྱིན་མི་འདུག། འདི། གཙང་མར་ཕྱིས་དང”ཞེས་བཤད།
       རྒན་པོ་དོན་གྲུབ་ཀྱིས་བཟའ་ཟླའི་ལག་རས་བླངས་ནས་སྐེ་ཕྱིས་པ་དང་། དེ་ནས་སྣ་དང་ཁ་ཕྱིས་རྗེས་ཕྱིར་བྱིན། རྒན་མོ་མེ་ཏོག་གིས་ལག་རས་བླངས་རྗེས་ལྟ་ཙམ་ཡང་མི་བྱེད་པར་ཁུག་མའི་ནང་དུ་བཅུག། ཁ་ནས“སང་ལོར་མུའུ་བཅོ་ལྔ་གདབ་དགོས”ཞེས་བཤད།
       “མུའུ་བཅུ་ཙམ་གྱིས་འདང་གི་འདུག། ངེད་གཉིས་ཅི་ཙམ་འཚོ་ན་དེ་ཙམ་གྱིས་རྒས་འགྲོ་བ་དང་། ཅི་ཙམ་རྒས་ན་དེ་ཙམ་གྱིས་ཟས་གྲོན་ཆུང་བྱ་ཐུབ།”དོ ན་གྲུབ་ཀྱིས་དེ་ལྟར་བཤད། ཁོས་མཛུབ་གུས་ཟོར་ཁར་ཡང་མོར་འབྲད་ཀྱིན་འདུག།
       “སྒོར་མོ་འགའ་གྲོན་ཆུང་བྱས་ནས། ཁྱོད་ལ་ཆང་ཞིམ་པོ་དམ་བེ་འགའ་ཉོ་རྒྱུ་ཡིན། ཚེ་གང་པོར་ཆང་བཏུངས་རུང་། ཆང་ཞིམ་པོ་དམ་བེ་འགའ་ཡང་འཐུང་མ་མྱོང་།”
       རྒན་པོ་དོན་གྲུབ་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ། མིག་མདུན་གྱི་ངོ་གདོང་རྩུབ་ཅིང་རེག་པའི་བུད་མེད་འདིས་སྐད་ཆ་དེ་འདྲ་ཞིག་བཤད་པ་དེ་རེད། ཁོའི་སེམས་སུ་ཚ་རྒྱུན་ཞིག་ལངས་པའི་མོད་ལ། མིག་ཆུ་དྲོན་མོ་ཞིག་མིག་ཟུར་ནས་བརྡོལ་ཙམ་བྱས་མོད། འོན་ཀྱང་ཁོས་སྨིན་མ་བསྡུས་ནས་ནན་ཏན་གྱིས་ཟོར་བར་བལྟས། དོན་དངོས་སུ་ཁོས་གྲི་དངོ་མ་མཐོང་ལ། གྲི་དངོའི་འོད་མདངས་ཀྱང་མ་མཐོང་སྟེ། ཁོས་མཐོང་བ་ནི་མིག་འབྲས་ཐོག་འོད་ལམ་ལམ་འཚེར་བའི་མིག་ཆུ་ཁོ་ན་ཡིན། ཁོས་བཙན་གྱིས་མིག་ཆུ་དེ་མིད་ཐབས་བྱས།
       ཉིན་གུང་ཡོལ་སྐབས། རྒན་རྒོན་གཉིས་ཀྱིས་གཞི་ནས་ལས་ཀའི་སུམ་ཆའི་གཅིག་ཚར་སོང་། ད་ནི་ཉིན་ཕྱེད་དམ་ཉིན་གཅིག་འགོར་ན་ལས་ཀ་ཡོངས་འགྲུབ་བྱ་ཐུབ། ཡིན་ནའང་། གནམ་གཤིས་གློ་བུར་དུ་འགྱུར་ནས་སྤྲིན་ནག་འཐིབས་པ་དང་། རླུང་བུ་འཁྱག་སིབ་སིབ་ཏུ་ལྡང་བྱུང་།
       རྒན་མོ་མེ་ཏོག་གིས་ར་ཁྱུ་གྲམ་གཞུང་ནས་ཕར་འདེད་དགོས། མ་ནན་ཆུ་བོའི་གྲམ་གཞུང་ཀུན་ཏུ་རྡོས་ཁེངས་པས། སྐབས་རེ་ཆར་ཐེངས་གཅིག་ཙམ་བབས་པས་ཀྱང་ཆུ་ལོག་རྒྱུག་གི་ཡོད།
       “ཝེ། ཁྱོད་ལ་ཅི་བྱུང་བ་ཡིན། ཡུད་ཙམ་ལ་སྒྱིད་ལུག་པ་དང་ཡུད་ཙམ་ལ་བརྩོན་པ་བསྐྱེད། ཁྱོད་ཀྱིས་རང་གིས་བྲེགས་པར་ལྟོས་དང་། ཡུད་ཙམ་ལ་ཟོར་བ་ས་ངོས་སུ་འབྱར་ནས་དམའ་འབྲེག་བྱེད། ཡང་ཡུད་ཙམ་ལ་ཟོར་བུ་བཀྱགས་ནས་མཐོ་འབྲེག་བྱེད། ཟོར་བ་ལེན་སྟངས་དེ་འདྲ་ཡིན་དོན་ཅི་ཡིན།”
       “རྔུལ་ཆུས་མིག་གཉིས་ཟིམ་ཟིམ་བྱས་བྱུང་། ངས་མིག་ལན་རེར་ཕྱེ་ཞིང་སྐབས་རེར་བཙུམས་ནས་ལས་ཀ་བྱས་པ་ཡིན།”
       རྒན་མོ་མེ་ཏོག་གིས་གཏམ་དེ་གོ་རྗེས་གད་མོ་ཤོར། མོས་ཁྱོ་གས་རང་ལ་མགོ་སྐོར་གཏོང་བ་ཤེས།
       “གནམ་འདིར་ཆར་པ་འབབ་གྲབས་འདུག། གང་ལྟར་ང་ཚོ་འདིར་གཡོལ་ཐབས་མེད། ཁྱོད་ཀྱིས་ཤོག་སྡོམས་དང་། ངས་ར་རྣམས་དེད་ཡོང་།”རྒན་མོ་མེ་ཏོག་གིས་དེ་ལྟར་ཤོད་ཀྱིན་གྲམ་གཞུང་དུ་ཕྱིན།
       རྒན་པོ་དོན་གྲུབ་ཀྱིས་བཟའ་ཟླར་མིག་སྐྱེལ་བྱས། ཁོས་མགོ་རས་དམར་པོ་དེར་ཅེ་རེར་བལྟས་ནས་འདུག། ཁོས་མགོ་རས་དམར་པོ་དེ་ག་དུས་ཤིག་ནས་བཟའ་ཟླའི་མགོར་དཀྲིས་པ་མི་ཤེས། ཁོས་དེར་སེམས་ཁུར་མི་བྱེད། ལོ་འདི་འདྲའི་མང་པོའི་རིང་ལ། ཁོས་རང་གི་བཟའ་ཟླའི་ལུས་ཐོག་གི་འགྱུར་ལྡོག་གང་འདྲ་ཞིག་ཡིན་རུང་འཁྱིལ་ཆུ་ལྟ་བུའི་ལྷིང་འཇགས་རྒྱུན་འཁྱོངས་བྱས་ཡོད། འཚོ་བ་ཉིད་ཀྱི་འགྱུར་ལྡོག་དང་བསྡུར་ན་བུད་མེད་ཅིག་གི་ལུས་ཐོག་གི་འགྱུར་ལྡོག་ཕྲན་བུ་ནི་གླེང་རིན་གཏན་ནས་མེད་པ་ཞིག་རེད། བུད་མེད་ཀྱི་མགོ་དཀྲིས་ལ་སེམས་ཁུར་བྱེད་པ་ལས། ཟོར་བ་དང་། བརྡར་རྡོ། བག་ལེབ། ཆང་བཅས་ལ་སྣང་བ་འཇོག་པར་སྤྲོ་བ་ཆེན་པོ་འདུག། ཡིན་ནའང་སྐབས་དེར། རྒན་པོ་དོན་གྲུབ་ཀྱིས་ཟོར་བ་བསྐྱུར་ཅིང་། མ་རྨོས་ལོ་ཏོག་གི་ཞིང་ནང་བརྒྱུད་དེ། རྩྭ་གསེབ་ཀྱི་ཆང་དམ་བེ་དེ་བཙལ་ནས་ཁམ་གང་བཏུངས་རྗེས། མུ་མཐུད་དུ་རིམ་བཞིན་རབ་རིབ་ཏུ་འགྱུར་བཞིན་པའི་མགོ་རས་དམར་པོ་དེར་རྒྱང་ལྟ་བྱེད་བཞིན་འདུག།
       རྒན་པོ་དོན་གྲུབ་ཀྱིས་ཤེལ་དམ་ཞབས་ཀྱི་ཆང་རག་སྲང་གསུམ་པོ་བཏུངས་རྗེས། རྐང་རྩེ་ཡིས་ས་དོང་ཞིག་བརྐོས་ནས་ཤེལ་དམ་དེའི་ནང་དུ་སྦས།
       གློ་བུར་དུ། རྒན་པོ་དོན་གྲུབ་ཀྱིས་དགའ་སྤྲོ་ཆེན་པོའི་ངང་གླུ་བླངས། བརྩེ་སེམས་དྲག་ཏུ་འཕྱུར་ཞིང་། དགའ་བ་རབ་ཏུ་འཕེལ། དེ་ནི་གླུ་སྒྲས་མཁའ་དབྱིངས་ཀྱི་སྤྲིན་ནག་ཕྱིར་འབུད་བྱེད་པ་དང་མཚུངས། ཁོས་མ་རྨོས་ལོ་ཏོག་བྲེགས་མ་ཞིག་པང་དུ་བཟུང་སྟེ། གོམ་པ་འགའ་སྤོས་ནས་གཞན་ཞིག་གི་ཐོག་ཏུ་བརྩེགས་ཤིང་། དེ་ནས་ཐེངས་འགར་པང་རྗེས། དེ་གར་ཙོག་པུར་བསྡད་ནས་རྩྭ་ཤོག་བསྡམས། ཁོ་སྔར་ནས་ལས་ཀ་འདིའི་རིགས་ལ་བྱང་ཆ་ལྡན་པས་རྐང་འཚུབ་ལག་འཚུབ་མི་བྱེད། རྩྭ་ཤོག་འགའ་བསྡམས་རྗེས་མཐོ་སར་ཁུར་ནས་དེ་ཚོ་མགོ་བོ་གཏད་སོ་བྱས་ཏེ་བསླངས། ཁོ་ལག་སྟོང་ལ་ཁ་ཐུར་དུ་འགྲོ་སྐབས། ཡང་སྐད་ཆེན་པོས་གླུ་བླངས། གློ་བུར་དུ། ཁོའི་མིག་མདུན་དུ་འོད་དཀར་པོ་ཞིག་འཕྲོས་ཤིང་། དེའི་འཕྲོར་འོད་ནག་པོ་འགའ་འཕྲོས་བྱུང་། ཁོས་ཅི་ཡིན་ཆ་མ་འཚལ་བའི་སྒང་དེར། ས་གཞི་ཡམ་ཡོམ་འགུལ་ནས་ཁོའི་གདོང་དུ་གཏུག་ཡོང་།
       རྒན་མོ་མེ་ཏོག་གིས་ཐག་རིང་ནས་རྩྭ་ལྕོག་འགྲམ་གྱི་གྲིབ་གཟུགས་ནག་པོ་དེ་མཐོང་བྱུང་། དང་ཐོག་མོའི་བསམ་པར་རང་ཚང་གི་རྒན་པོ་དེ་ཉལ་ནས་ངལ་གསོ་རྒྱག་གི་འདུག་སྙམ། འོན་ཀྱང་ཡུན་རིང་སོང་ཡང་འགུལ་ཙམ་མ་བྱས་པས། མོ་དངངས་སྐྲག་སྐྱེས་ནས་ར་ཁྱུ་དོར་ནས་དེའི་ཕྱོགས་སུ་རྒྱུགས། ཆར་པ་བབས་ཟིན་པས། བྱེ་ས་ཡང་ཧ་ཅང་སྲ་ཞིང་མཁྲེགས་པར་གྱུར་ལ། རྩྭ་རྩེར་ཟིལ་པ་དཔྱངས་འདུག། གོམ་པ་གང་རེ་རྒྱུགས་ན། རྐང་སྣམ་གྱི་འདབས་ཁ་ནས་ཆུ་ཐིགས་འཐོར་ཡོང་།
       ད་དུང་ལེ་དབར་ཕྱེད་ཙམ་ཡོད་དུས། རྒན་མོ་མེ་ཏོག་གིས“ཝེ། རྒན་པོ། དོན་གྲུབ”ཅེས་སྐད་བརྒྱབ།
       ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་པོ་སྟོང་ཞིང་འཇགས། ཆར་རྗེས་ཀྱི་ཉི་མ་འོད་ཆེམ་ཆེམ་བྱེད། སྤྲིན་གསེབ་ནས་སྐྱ་མདོག་གི་འོད་ཐིག་འཕྲོས་ཡོང་། མོས་ཐེངས་འགར་བོས་པས། ད་ནི་ངག་འཁྲོལ་ཐབས་བྲལ། ཅི་ཞིག་མགྲིན་པར་ཁེགས་པ་བཞིན་མགྲིན་པ་དྲག་ཏུ་ན་བྱུང་། རྒན་མོ་མེ་ཏོག་གིས་ངུ་ཅོར་བརྒྱབ་པ་ན། མགྲིན་པ་འཕྲལ་མར་སངས་པར་གྱུར། མོ་ངུ་ཞོར་དུ“ཝེ། རྒན་པོ། དོན་གྲུབ”ཅེས་བོས།
       ཐང་སྟོང་ནི་ནམ་ཡང་འདི་འདྲའི་རྒྱ་ཆེ་ཞིང་ལྷིང་འཇགས་སུ་གྱུར་མ་མྱོང་། ཐ་ན་རླུང་ཙམ་ཡང་ལྡང་རྒྱུ་མེད། ད་ནི་ཤིན་ཏུ་ཉེ་བྱུང་། གོམ་པ་བཅུ་ལྷག་ཙམ་ལས་མེད། མཐར་རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་ཀྱི་ངོ་གདོང་ཕྱེད་ཙམ་མཐོང་བྱུང་། ཕྱེད་གཞན་དེ་རྩྭ་ཕུང་ནང་ཟུག་འདུག། མོས་མགོ་རས་དམར་པོ་དྲན་པ་ཐོར་འདུག་པའི་ཁོའི་མགོར་དམ་པོར་དཀྲིས་རྗེས། མགོ་རས་ཀྱི་ཟུར་གྱིས་ཁོའི་ཁ་ཟུར་ནས་སྐྱུགས་པའི་ཝུ་བ་དཀར་པོ་དེ་ཕྱིས།
       "དོན་གྲུབ། དོན་གྲུབ། ཁྱོད་ལ་ཅི་ཞིག་བྱུང་སོང་། ཁྱོད་ཀྱིས་སྐད་ཆ་ཤོད་དང་།” རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་བསྒུལ། ཕལ་ཆེར་སྒུལ་ཤུགས་ཆེ་སོང་བ་ཡིན་སྲིད། རྒན་པོ་དོན་གྲུབ་ཀྱི་མིག་ཕྱེ་བྱུང་མོད། འོན་ཀྱང་མིག་ཟུང་དེ་ནི་ཐག་རིང་ཐག་རིང་ཞིག་ཡིན་སྣང་སྟེར།
       རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་ཀྱི་མིག་ལ་ཞིབ་ལྟ་ཞིག་བྱ་རྩིས་ཡོད་མོད། འོན་ཀྱང་མིག་ལམ་མཆི་མས་བསྒྲིབས། མོས་མིག་ཆུ་འབྱིད་པའི་བར་གླགས་སུ། རྒན་པོ་དོན་གྲུབ་ཀྱི་མིག་ལྕིབས་དེ་དལ་བུའི་ངང་ཐུར་དུ་འཕྱངས་ནས་སྲུབས་ཀ་ཆུང་ཆུང་ཞིག་ལས་མེད་པར་གྱུར། ཆར་པ་བབས་ནས་ཅི་ཙམ་འགོར་སོང་ན། ཁོ་ཡང་ཆར་ནང་དུ་ཉལ་ནས་དེ་ཙམ་འགོར་སོང་། ཁོའི་ལུས་སྟེང་དུ་རློན་ཤིག་ཤིག་བྱེད་ཀྱང་། ལུས་འོག་གི་རྩྭ་སྐམ་པོ་ཡིན་པས། ཐལ་རྡུལ་གྱི་དྲི་བསུང་ཞིག་ཐུལ་ཡོང་།
       རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་པང་དུ་གསེག་བཟུང་བྱས་ནས་གོམ་པ་བཅུ་ལྷག་ཙམ་སྤོས་པ་དང་། ཁོའི་ལྷམ་མཐིལ་དང་རྩྭ་ཤུན་གཉིས་མཉམ་དུ་འཁྲིལ། རྒན་མོ་མེ་ཏོག་འགྲོ་མཚམས་བཞག་ནས་ཐབས་ཤེས་གཞན་ཞིག་འཐེན་དགོས་བྱུང་། བླ་མས་མཁྱེན། མགོ་རས་དམར་པོའི་རིང་ཚད་འགྲིག་འདུག། རྒན་མོ་མེ་ཏོག་གིས་མགོ་རས་དམར་པོས་རྒན་པོ་དོན་གྲུབ་སྐེད་པར་བཀྱིགས་ནས་རྒྱབ་ཏུ་ཁུར། དེ་ལྟར་བྱས་ཚེ། མོས་སྐེད་པ་བསྒུར་ནས་མིག་གིས་ས་ངོས་ཁོ་ནར་བལྟས་ཤིང་། མོས་རྩྭ་ལྟར་ཁུར་ནས་ཁྱིམ་དུ་ལོག། ལས་ལེགས་པ་ནི་མོས་རང་ཚང་གི་ཕྱོགས་བཞིའི་རྩྭ་རྐང་རེ་རེ་ཡང་ངོས་ཟིན་པ་རེད།
       ཁྱིམ་དུ་སླེབས་རྗེས། རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་ཀྱི་ལྭ་བ་ཚང་མ་ཕུད་དེ་ར་ལྤགས་ཀྱི་མལ་ཐུལ་ནང་བསྙལ། རྒན་པོ་དོན་གྲུབ་གཉིད་དུ་ཡུར་ནས་སྔུར་པ་འཐེན་པའམ། ཡང་ན་དབུགས་ཧལ་ཧལ་དུ་ལེན་བཞིན། མིག་ཀྱང་བཙུམས་ནས་སྡོད་པ་དང་། མཚམས་རེར་ཁ་གདང་ཙམ་བྱེད།
       རྒན་མོ་མེ་ཏོག་ཁང་པའི་མདུན་གྱི་ཐེམ་པའི་སྟེང་དུ་ལངས་ནས་ཕྱོགས་བཞིར་བལྟས། མོས་ནམ་ཡང་རི་ཐང་ནི་འདི་འདྲའི་ཁོད་ཡངས་པ་རེད་བསམ་མ་མྱོང་། བྱེ་རི་དམར་སྨུག་དེ་དག་ནི་ཕལ་ཆེར་གནམ་མཐའ་ཡིན་པ་འདྲ། ཐག་རིང་གི་ར་ཁྱུ་ནི་འབྲས་རྡོག་འགའ་དེ་རུ་གཏོར་ཡོད་པ་མཚུངས་ཤིང་། རི་སྐྱེས་ཀྱི་ཚོས་སེར་སྡོང་པོ་དེ་དག་ཅི་ཞིག་ལ་འཇིགས་སྣང་སྐྱེས་པ་དང་འདྲ་བར་ཐག་རིང་དུ་ལངས་འདུག། རྒན་མོ་མེ་ཏོག་དབང་མེད་དུ་ངུས་བྱུང་། འོན་ཀྱང་ལམ་སང་ངུ་མཚམས་བཞག་ཅིང་། མཛོད་ཁང་དུ་སོང་ནས་སྨན་ཐུམ་གང་བཙལ། མོས་སྨན་དེ་དག་ནི་ཅི་ཞིག་ཡིན་པ་ཡིད་ལ་མ་དྲན། དེར་སྨན་གྱི་དྲི་མ་ཐུལ་འོངས་པ་ཙམ་རེད། རྒན་མོ་མེ་ཏོག་གིས་ཆུ་སླ་ང་ཆུང་ཆུང་གང་བསྐོལ་རྗེས། སྨན་རྒན་པོ་དོན་གྲུབ་ཀྱི་ཁ་ནང་དུ་བླུགས།
       མིག་རྡེབ་ཙམ་གྱི་རིང་ལ་ས་རུབ་སོང་། མོས་ར་མའི་འོ་མ་བཞོས་ཡོང་ནས་རྒན་པོ་དོན་གྲུབ་ཀྱི་ཁ་ནང་དུ་ཁེམ་བུ་གང་རེ་གང་རེ་བྱས་ཏེ་བླུགས། འོ་མ་ཁེམ་བུ་བཞི་ལྔ་ཙམ་བླུགས་མ་ཐག། རྒན་པོ་དོན་གྲུབ་ཀྱི་མིད་པའི་ནང་སྒོག་སྒྲ་ཞིག་གྲགས་པ་དང་། འོ་མ་ཚང་མ་ཁ་ནས་ཕྱིར་བསྐྱུགས་བྱུང་། རྒན་མོ་མེ་ཏོག་གིས་རྣམ་པ་དེ་མཐོང་མུར་མིག་ཆུ་དབང་མེད་དུ་ཤོར།
       ར་ལྤགས་ཀྱི་མལ་ཐུལ་ནང་གཅུད་ནས་དྲོས་ཤིང་ཁྲག་རྒྱུག་ཚད་རྒྱུན་ལྡན་དུ་གྱུར་པའམ། ཡང་ན་སྨན་གྱི་ནུས་པ་ཐོན་པ་ཡིན་ཡང་སྲིད། གང་ལྟར་ནམ་གུང་དུ་རྒན་པོ་དོན་གྲུབ་ཀྱིས་མིག་ཕྱེ་ནས“ཆུ། ཆུ”ཞེས་སྐད་བརྒྱབ།
       སྒྲོན་མེའི་འོག་ཏུ་ཧོན་ཐོར་ནས་སྡོད་པའི་རྒན་མོ་མེ་ཏོག་གིས་གློ་བུར་དུ་སྐད་ཆ་དེ་ཐོས་རྗེས། སྔོན་ལ་ཧད་ནས་ལུས་ཤིང་། དེ་ནས་ལམ་སང་ཐབ་སྟེགས་ཐོག་མཆོངས་ནས། ཕོར་པའི་མཐིལ་གྱི་སྨན་བཟའ་ཟླའི་ཁ་ནང་དུ་བླུགས།
       རྒན་པོ་དོན་གྲུབ་ཀྱིས་ཁ་ཅག་ཅག་གིས“སྐོམ་གྱི་འདུག། སྐོམ་གྱི་འདུག། ད་དུང་ཅུང་ཟད་ལྡུད་རོགས”ཞེས་བཤད།
       རྒན་མོ་མེ་ཏོག་གིས་ད་གཟོད་རང་གིས་སྨན་ཆུ་ལ་བརྩིས་ནས་བླུད་པ་ཤེས་འཕྲལ། ཆུ་ཁོལ་ཕོར་པ་ཕྱེད་ཀ་ཁྱེར་ཡོང་བ་ན། མོར་ཕུ་ཙམ་ཡང་འདེབས་དབང་མ་བྱིན་པར། རྒན་པོ་དོན་གྲུབ་ཀྱིས་མགོ་བོ་འགུལ་བཞིན་དུ་ཕོར་ནང་དུ་ཁ་བསྲིངས།
       “ཤི་རྒྱུ་མེད་པ་ཁྱོད། ང་ཞེད་དུ་བཅུག་བྱུང་།” རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་ལ་ཆུ་ལྡུད་ཞོར་དང་། ཁ་ནས་སྡིགས་མོ་བྱེད་ཅིང་མིག་ནས་མཆི་མ་ཤ་ར་ར་བཞུར། རྒན་པོ་དོན་གྲུབ་ཀྱིས་མིག་བགྲད་ནས་ཡུད་ཙམ་ལ་བལྟས་རྗེས་གདོང་དུ་དགོད་འཛུམ་ལངས་མོད། དགོད་སྒྲ་འབྱིན་མ་ཐུབ།
       “ཁྱོད་ཀྱིས་ང་གཅེར་བུར་ཕུད་དོན་ཅི་ཡིན།”
       ཐང་སྟོང་དུ་མི་རྣམས་གཅེར་བུར་ཉལ་བ་ཉུང་ཉུང་ཡིན་པས། རྒན་པོ་དོན་གྲུབ་ཀྱིས་ཉལ་ཆས་ནང་རང་ཉིད་གཅེར་བུར་ཡོད་པ་མཐོང་སྐབས་ངོ་ཚ་པོ་བྱུང་།
       “ཆར་ནང་དུ་སྦངས་ནས་ལྕི་བ་རྡོག་པོ་ཞིག་ལྟར་དུ་གྱུར་མེད་ཚེ། ངས་ཁྱོད་རང་གཅེར་བུར་ཕུད་སྲིད་དམ།”
       རྒན་མོ་མེ་ཏོག་གིས་མིག་ཆུས་ཡང་ཡང་སྦངས་ནས་ན་ཟུག་ལངས་པའི་ངོ་གདོང་དང་མིག་ལ་ཕུར་ཕུར་བྱས།
       “ཕྱི་པོ་དེ་འདྲ་ཆགས་སོང་ངམ། ཉི་མ་ནུབ་སོང་ངམ། ངས་མགོ་རས་དམར་པོ་དང་མིག་དམར་པོ་ཁོ་ན་མཐོང་བ་ཅི་ཡིན།”
       “ད་ལྟ་ད་དུང་མགོ་རས་དམར་པོ་མཐོང་ངམ།”
       “མིན། དེ་དུས་རེད། དགོ་བ་ངོ་དམར་ཞིག་ཚུར་ཡོང་ནས་སྣ་ཡིས་ང་ལ་མཚམས་མེད་པར་སྣོམ། རྗེས་སུ། ངས་ཁྱོད་ཀྱིས་ངའི་མིང་ནས་འབོད་པ་ཐོས་རྗེས། ཁྱོད་ཚུར་ཡོང་ནས་ང་འཐེན་ཞིང་། ངའི་ལུས་ཡོངས་སུ་ན་ཟུག་སྐྱེས་སུ་བཅུག། ཡིན་ཡང་ངས་སྐད་ཆ་བཤད་ཐབས་མི་འདུག”
       ཉིན་གཉིས་པར། རྒན་པོ་དོན་གྲུབ་ཐང་ལ་བབས་ནས་འགྲོ་འགོ་བརྩམས། ཉམས་དེ་ལ་བལྟས་ན། ཉིན་སྔ་མར་གནས་ཚུལ་ཅི་ཡང་མ་བྱུང་བ་འདྲ། ཁོ་སྔར་བཞིན་མ་རྨོས་ལོ་ཏོག་འབྲེག་པར་འགྲོ་བ་དང་། རྒན་མོ་མེ་ཏོག་ལ་གཡོལ་ནས་རྩྭ་གསེབ་ཏུ་ཆང་རག་སྦེད་བཞིན་ཡོད།
       ཉིན་གསུམ་རིང་ལས་ཀ་ལས་རྗེས། ལས་ཀ་ཡོངས་རྫོགས་གཞི་ནས་ཚར་ཏེ། བཟའ་ཚོ་གཉིས་ཀ་ཁོམ་པར་གྱུར། ཉིན་ཤས་མ་སོང་བར། བྱེ་ཚང་ཁུག་གི་རྩྭ་སྣ་ཚོགས་ཀྱི་འབྲུ་ཟགས་ཤིང་ལོ་མ་ལྷུངས་ནས། རྩི་ཤིང་ཁམས་ཀྱི་སྐྱེ་འཆིའི་བར་གྱི་འགྲུལ་བཞུད་ཐུང་ངུ་ཞིག་བྱས། ར་རྣམས་དཔྱིད་དབྱར་གཉིས་དང་བསྡུར་ན་ཤ་ཤེད་རྒྱས་ཏེ་གོམ་པ་སྤོ་སྐབས་དབུགས་ཧལ་བཞིན་ཡོད་ལ། ཤ་ཤེད་རབ་ཏུ་རྒྱས་པའི་ར་ཕོ་ནི་དེ་བས་ཀྱང་ཉམས་སྣང་མངོན་ཞིང་།རིལ་མ་བཏང་བ་ཡང་ནག་ཅིང་འོད་ཆེམ་ཆེམ་བྱེད།
       ཉིན་དེར། རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་ལ་ཞོ་འདག་འདག་དཀར་ཡོལ་གང་ནང་ཀ་ར་ཁེམ་བུ་ཕྱེད་ཀ་བཏབ་ནས་དྲངས། རྒན་པོ་དོན་གྲུབ་ཀྱིས་ཁམ་འགའ་བྱས་ནས་བཏུངས་ཚར་རྗེས། ད་དུང་དཀར་ཡོལ་ཕར་བསྲིངས་ནས་ཞོ་བཅུ་བའི་བཟོ་བསྟན། རྒན་མོ་མེ་ཏོག་གིས“ད་དུང་ཀ་ར་འདེབས་རྒྱུ་ཡིན་ནམ”ཞེས་དྲིས།
       ཡིན་ནའང་རྒན་པོ་དོན་གྲུབ་ཀྱིས“ད་སོ་མར་ཀ་ར་བཏབ་པ་ཡིན་ནམ”ཞེས་ལྡོག་འདྲི་བྱས།
       “ཁེམ་བུ་ཕྱེད་ཙམ་བླུགས་ཡོད། ཁྱོད་ཀྱིས་མ་ཤེས་སམ།”
       རྒན་པོ་དོན་གྲུབ་ཡུད་ཙམ་ལ་ཁ་རོག་གེར་བསྡད་རྗེས“དེ་འདྲ་ཡིན་རྒྱུ་རེད། ཅུང་ཟད་མངར་མོ་འདུག”ཅེས་བཤད།
       ཡང་ཉིན་འགའ་འགོར་རྗེས། རྒན་མོ་མེ་ཏོག་གིས་ཤ་ཁུ་སླ་ང་གང་བསྐོལ་ནས་ཚྭ་འདེབས་རྒྱུ་བརྗེད་ནའང་གཡེར་མ་ཁེམ་གང་ལྷག་མ་བཏབ། མོས་ཟ་སྐབས་མིད་དཀའ་ནའང་། རྒན་པོ་དོན་གྲུབ་ཀྱིས་ཧུབ་ཀྱིས་འཐུང་བཞིན་རྔུལ་ཆུ་ལམ་ལམ་བྱེད།
       “ཤོག། ཚྭ་ཏོག་ཙམ་འདེབས། ངས་ཚྭ་འདེབས་རྒྱུ་བརྗེད་སོང་།”
       “མི་དགོས། མི་དགོས། ཞིམ་པོ་འདུག། བལྟས་པས་ཞིམ་པོ་ཡིན་པ་ཤེས་ཐུབ།”
       རྒན་པོ་དོན་གྲུབ་ཀྱི་སྐད་ཆ་འདི་གང་དགར་བཤད་པ་ཞིག་ཡིན་མོད། འོན་ཀྱང་རྒན་མོ་མེ་ཏོག་གི་རྣ་ནང་དུ་ནང་དོན་གཞན་ཞིག་ཏུ་གྱུར། ཉིན་ཤས་མ་སོང་བར། མོས་ཚྭ་བཏབ་མེད་པའི་ཇ་དེ་རྒན་པོ་དོན་གྲུབ་ལ་བླུགས་པ་ན། རྒན་པོ་དོན་གྲུབ་ཀྱིས་དཀར་ཡོལ་གང་རེ་གང་རེ་བྱས་ནས་གཙང་མར་བཏུངས།
       ད་ཆ་རྒན་མོ་མེ་ཏོག་གིས་མིག་མདུན་གྱི་རྒན་པོ་དེར་སྣོམ་ཚོར་དང་རོ་ཚོར་མེད་པར་གྱུར་ཡོད་པ་གཏན་འཁེལ་བྱས། ཁོའི་ཁ་ནང་གི་ལྕེ་ནག་པོ་དེ་ཤི་འདུག་ལ། ད་དུང་སྣ་ཁུང་དོག་ཅིང་རིང་བ་དེའང་ཤི་འདུག།
       “ཨ་ཧ་བོ། རྒན་པོ་ཧོན་ལོག་འདི། རྒན་མོ་མེ་ཏོག་གི་སེམས་ཧ་ཅང་སྡུག་པོ་བྱུང་། མོའི་བསམ་པར་འདི་དག་ཚང་མ་ནི་ཁོས་ཆང་བཏུངས་ནས་བཟོས་པ་རེད་སྙམ། གལ་ཏེ་ཆང་མིན་ན། ཁོའི་ལྕེ་དང་སྣ་ལ་ཚོར་བ་མེད་པར་འགྱུར་ག་ལ་སྲིད། རྒན་པོ་དོན་གྲུབ་ཁོ་རང་ཉིད་ཀྱིས་དེ་གཏན་ནས་ཤེས་ཀྱི་མེད། ཉིན་རེར་ཉལ་ཁར་ཁོས་སྔར་བཞིན་ཆང་ཁམ་འགའ་འཇིབ་དགོས་ལ། ཞོགས་པར་གཉིད་ལས་སད་རྗེས་དགའ་ལྷང་ལྷང་གིས་ཁམ་འགའ་འཇིབ་བཞིན་ཡོད།
       ཤེལ་དམ་ནང་ཁ་རོག་གེར་ཆུ་ཁོལ་ལྡུག་རྒྱུའི་བློ་དེ་ནི་རྒན་མོ་མེ་ཏོག་མཚན་མོ་ཞིག་ལ་ཉལ་རྗེས་འགྲམ་དུ་ཆང་འཇིབ་པའི་སྒྲ་གྲགས་སྐབས་གློ་བུར་དྲན་པ་རེད། རེད། བྱུར་ཉེས་ཀྱི་རྩ་བ་ཆང་རེད། གལ་ཏེ་ཆང་མིན་ན། མོའི་འགྲམ་གྱི་རྒན་པོ་འདི་ཅི་ཡིན་འདི་ཡིན་མེད་པར་དྲན་མེད་དུ་བརྒྱལ་སྲིད་དམ། ད་ཐེངས་ལྷ་ཡིས་མགོན་སྐྱབས་གནང་བས་གཞི་ནས་དྲག་སྐྱེད་བྱུང་སོང་། འགྲིག་གི་མ་རེད། ཐབས་ཤེས་ཤིག་བཏང་ནས། ཁོས་ཆང་འཐུང་བར་བཀག་འགོག་བྱ་དགོས། རྒན་མོ་མེ་ཏོག་གིས་ཁོ་ཆང་དང་ཁ་འབྲལ་ཐབས་མེད་པ་ཤེས་ཀྱི་ཡོད། གལ་སྲིད་ཨུ་ཚུགས་ཀྱིས་ཁོར་ཆང་རག་གཅོད་དུ་བཅུག་ཚེ། ཁོ་སྨྱོ་སྲིད། མོས་དེ་ལྟར་བསམ་བློ་གཏོང་གིན་མིག་མདུན་གློ་བུར་དུ་གསལ་ལྷམ་མེར་གྱུར། མོས་རྒན་པོ་དོན་གྲུབ་ཀྱི་སྣོམ་ཚོར་དང་རོ་ཚོར་དྲན་པ་དང་། རེད་ཡ། ཁོས་དྲི་མ་སྣོམ་མི་ཐུབ་པ་མ་རེད་དམ། མངར་སྐྱུར་གྱི་བྲོ་བ་མྱང་མི་ཐུབ་པ་མིན་ནམ།
       རྒན་པོ་དོན་གྲུབ་ཁང་པའི་ནང་མེད་པའི་སྐབས་དང་བསྟུན་ནས། རྒན་མོ་མེ་ཏོག་གིས་སྦུ་གུ་བཙུགས་ཡོད་པའི་ཆང་རག་ཤེལ་དམ་ཕྱེད་ཀ་དེ་འཕོས་ནས་ཆུ་ཁོལ་བླུགས་པ་རེད།
       མཚན་མོར། རྒན་མོ་མེ་ཏོག་སྔ་མོ་ནས་ཉལ། མོ་ལ་སེམས་ཁྲལ་ཅུང་ཡོད་ལ། སེམས་སྡུག་ཀྱང་ཅུང་ཟད་སྐྱེས། མོས་མུན་ནག་གི་ཁྲོད་འཇིབ་པའི་སྒྲ་ཐོས་སྐབས། མོར་དགའ་སྐྱོ་གཉིས་ལྡན་གྱི་སྣང་བ་ཞིག་སྐྱེས་མོད། འོན་ཀྱང་རྒན་པོ་དོན་གྲུབ་ཀྱིས་ཤེས་པར་སྐྲག་ནས། ཡར་ལངས་ཏེ་ཁང་པའི་ཕྱི་རོལ་དུ་མི་འགྲོ་ཀ་མེད་བྱུང་།
       དགུན་ཁའི་མཚན་མོར་གྲང་ངར་ཤིན་ཏུ་ཆེ། རྒན་མོ་མེ་ཏོག་ར་ལྷས་ནང་སོང་ནས་དམིགས་ས་གང་ཡང་མེད་པར་ཕར་ལྟ་ཚུར་ལྟ་བྱས།
       དེ་རྗེས་ཀྱི་ཉིན་དེ་དག་ནང་རྒན་པོ་དོན་གྲུབ་ཀྱིས་དོགས་པ་ཕྲན་ཙམ་ཡང་ཟ་ཡི་མེད། ཁོས་སྔར་བཞིན་ཉིན་ལྟར“ཆང”ཁམ་འགའ་བཏུངས་ཤིང་། ཁོ་ཁོ་ནར་དབང་བའི་མཛེས་སྡུག་གི“འཕྲུལ་སྣང”ལ་མགོ་འཁོར་ནས་འདོད་བློ་ཡིད་ཚིམ་འདུག།
       ཡིན་ནའང་། ལོ་གཉིས་པའི་དཔྱིད་ཀ་ཤར་རྗེས། རྒན་མོ་མེ་ཏོག་གིས་སེམས་ཁྲལ་བྱེད་པའི་གནས་ཚུལ་སྔར་བཞིན་ཐོན། རྒན་པོ་དོན་གྲུབ་གོམ་པ་སྤོ་མི་ཤེས་པ་མ་ཟད་སྐད་ཆ་ཡང་བཤད་བདེ་པོ་མེད་པར་གྱུར། སྐད་ཆ་བཤད་འདོད་དུས། ཁ་གདངས་རྗེས། ཁའི་ཟུར་ནས་རྩ་འདར་རྒྱག་པ་དང་། ཁོས་རྩ་འདར་མཚམས་བཞག་རྗེས་ད་གཟོད་སྐད་ཆ་ཚིག་གཅིག་གཉིས་རེ་བཤད་ཐུབ། ཁོའི་དཔུང་པ་གཡས་པ་དང་རྐང་པ་གཡས་པ་འགུལ་མི་ཐུབ་ལ། ལག་པ་གཡས་པའི་མཁྲིག་མ་ནང་དུ་འཁྱོག་སྟེ། གསུས་ཁོག་ནང་ནས་ཅི་ཞིག་རྐོ་བ་དང་འདྲ། རྒན་མོ་མེ་ཏོག་གིས་སྨན་པ་ཞིག་གདན་དྲངས་ནས་རྒན་པོ་དོན་གྲུབ་ལ་སྨན་བཅོས་བྱེད་དུ་བཅུག། སོག་ལུགས་ཀྱི་སྨན་པ་རྒན་པས་སྐམ་ཁབ་ཐེངས་འགར་བཏབ་ཅིང་། སྨན་རྩྭ་ཐེངས་འགར་བསྐོལ་ནས་བླུགས། དེ་ནས་ཡང་ཡུལ་ཐབས་ལྟར་རྒན་པོ་དོན་གྲུབ་བཤས་མ་ཐག་པའི་རྟའི་གསུས་ཁོག་ནང་བཞག་ཀྱང་ཕན་ཐོགས་གང་ཡང་མ་བྱུང་།
       རྒན་པོ་དོན་གྲུབ་ཀྱིས“ང་ཕལ་ཆེར་འཆི་རྒྱུ་རེད”ཅེས་བཤད།
       རྒན་མོ་མེ་ཏོག་གིས“ཤི་དགོས་ཀྱང་། ཁྱེད་རང་གིས་ཁུ་ལུ་བཙོངས་ནས་ཆང་རག་ཞིམ་པོ་ཤེལ་དམ་ཁ་ཤས་ཉོས་རྗེས་ཤི་ན་འགྲིག”ཅེས་སེམས་བག་ཡངས་པོས་བཤད། རྒན་མོ་མེ་ཏོག་གིས་དེ་ལྟར་བརྗོད་སྐབས་མོའི་གདོང་ལ་སྐྱོ་སྣང་དང་སེམས་ཁྲལ་གྱི་རྣམ་འགྱུར་སྤུ་ཙམ་ཡང་མི་འདུག་ཀྱང་། མོའི་སེམས་པ་བྲང་ཁོག་ཏུ་དམ་པོར་གྱུར།
       ཟླ་བ་དྲུག་པ་གཞི་ནས་ཚེས་བྱུང་། ར་རྩིད་ཀྱང་བྲེགས་ཚར་སོང་། ཁུ་ལུ་བཙོངས་རྗེས། རྒན་མོ་མེ་ཏོག་གིས་ཆུས་ནང་ནས་གསེར་གྱི་རྔ་མོང་རྟགས་ཅན་གྱི་ཆང་རག་དམ་བེ་གསུམ་ཉོས། ཚེ་གང་ཆང་རག་བཏུངས་པའི་རྒན་པོ་དོན་གྲུབ་ཀྱིས་ཤེལ་དམ་གང་གིས་ར་གཅིག་ཉོ་ཐུབ་པའི་ཨ་རག་གོང་ཆེན་པོ་འདི་འདྲ་རྩ་བ་ནས་འཐུང་མྱོང་མེད།
       ཁོས་དེ་འདྲའི་རིན་གོང་མཐོ་བའི་ཆང་གྲོན་ཆུང་བྱས་ནས། ཉིན་གཅིག་ལ་ཧུབ་དྲུག་ཙམ་མ་གཏོགས་འཐུང་མ་ཐུབ།
       “ཁྱོད་ཀྱིས་ཆང་དེ་གྲོན་ཆུང་མི་དགོས།” རྒན་མོ་མེ་ཏོག་གིས་ཤེལ་དམ་གྱི་ཁ་ལེབ་སྟེང་གཟེར་མ་བཙུགས་ཤིང་ཐོ་བས་མར་བརྡབས་པ་ན། ཤེལ་དམ་གྱི་ཁ་ལེབ་སྟེང་ཨི་ཁུང་ཆུང་ཆུང་ཞིག་བཏོད། མོས་གཟེར་མ་ཕྱིར་ཕྱུང་ནས་འགྱིག་སྦུག་རིང་པོ་དེ་ནང་དུ་བཙུགས། དེ་ནས་སྦུ་གུའི་སྣེ་གཅིག་རྒན་པོ་དོན་གྲུབ་ཀྱི་ལག་ཏུ་བཞག། ཁོས་སེམས་ཆུང་ངང་ཁམ་ཆུང་ཞིག་བཏུངས། མོས་ཡང“ཆང་རག་མང་པོ་ཡོད། ཁམ་ཆེན་པོ་གང་འཐུངས”ཞེས་བཤད།
       གལ་སྲིད་ཟླ་བ་ཁ་ཤས་ཀྱི་སྔོན་ཡིན་ཚེ་རྒན་མོ་མེ་ཏོག་གིས་ཆང་རག་གོང་ཆེན་པོ་འདི་འདྲ་གཏན་ནས་ཉོ་གི་མ་རེད། མོས་མི་ཉོ་བ་མ་ཟད། ད་དུང་འཕོ་བ་དང་། དེ་ནས་ཆུ་ཁོལ་འཁྱག་པ་ནང་དུ་ལྡུག་སྲིད། མོ་ནི་དངོས་གནས་སྐྲག་བྱུང་། ཉིན་ཞིག་ལ་བྱེ་ཚང་ཁུག་ནས་མོ་གཅིག་པུ་ལྷག་འགྲོ་བར་སྐྲག། མོ་ཁེར་རྐྱང་ལ་འཆི་བ་ལས་ཀྱང་སྐྲག། མོས་ཁོ་རང་གསོན་ངོགས་སུ་བསྡད་དེ་མཉམ་དུ་རྒས་པ་དང་། རྒས་ནས་འགུལ་མི་ཐུབ་ལ། སོ་བརྡར་ནས་སྙོམས་པོར་འགྱུར་བ་དང་། མིག་མདངས་རབ་རིབ་ཏུ་གྱུར་ནས་ར་རྒན་ཞིག་དང་འདྲ་བའི་བར་དུ་གསོན་དུ་འཇུག་དགོས། མོའི་བསམ་པར། ཤི་ན་མཉམ་དུ་ཤི་དགོས་སྙམ། ཁོ་མེད་པའི་འཚོ་བ་ནི་འཚོ་བར་བརྩིའམ། ཡིན་ཡང་། ཁོ་ད་དུང་འདི་འདྲའི་ཨུ་ཚུགས་ཅན་ཞིག་རེད། ནམ་མཁའ་གཡའ་དག་པའི་ཞོགས་པ་ཞིག་ལ། ཁོ་ཚ་ཐབ་ཐོག་ཉལ་ཞིང་། མིག་འབྲས་དཀར་ལོག་ལོག་བྱེད། ལུས་ཡོངས་སུ་རྩ་འདར་བྱུང་སྟེ། མོས་ཁོ་རང་ཡར་མ་སྐྱོར་གོང་དུ་ཁོའི་ལུས་ཕྱེད་ཞ་ཞིང་འཁུམ་པར་གྱུར།
       ཉེ་ཆར། རྒན་མོ་མེ་ཏོག་གིས་རྒན་པོ་དོན་གྲུབ་ཀྱི་གཟུགས་གཞི་མངོན་གསལ་གྱིས་ཇེ་ཆུང་དུ་སོང་བ་ཚོར་བྱུང་། མོས་བྲེལ་འཚུབ་ངང་ཁོའི་ལུས་ཕྱིས་ཤིང་ལྭ་བ་བརྗེ་སྐབས། ཁོ་སྔོན་ཆད་ལས་རིད་ཡོད་པ་ཤེས།
       རྒན་པོ་དོན་གྲུབ་ཉིན་རེ་ལས་ཉིན་རེར་ཉམ་ཐག་ཏུ་གྱུར་པས། རྒན་མོ་མེ་ཏོག་གི་མིག་ཆུ་མཚམས་ཚིགས་མེད་པར་བཞུར།
       རྒན་པོ་དོན་གྲུབ་ཀྱིས“མ་ངུ། མ་ངུ”ཞེས་བཤད་བཞིན་དུ་གད་མོ་དགོད་རྩིས་བྱེད་སྐབས། གདོང་ཕྱེད་འཁུམ་འདར་བྱས་ནས་ཅི་ཞིག་གིས་ཤུགས་ཀྱིས་སྦར་འབྲད་བྱས་པ་དང་མཚུངས།
       “ཤི་རྒྱུ་མེད་པའི་ཁྱོད། ཁྱོད་ཀྱིས་ཆུ་འཐུང་བཞིན་ཡོད་མོད། བཟོ་ལྟ་འདི་འདྲ་ཞིག་ཏུ་འགྱུར་དོན་ཅི་ཡིན།”མོས་ཆིག་ལབ་བརྒྱབ།
       མོས་བཤད་པའི་སྐད་ཆ་ཁོས་མ་གོ་བར། ལག་པ་གཡོན་པས་སྦུ་གུ་བཟུང་ནས་ཁ་ནང་དུ་བཞག་སྟེ་ཁམ་གང་གཞིབས་རྗེས“འདི་ནི་ཆང་ཞིམ་པོ་ཞིག་རེད”ཟེར།
       “ཞིམ་པོ་ཡིན་ནམ། དེས་ན་ཁྱོད་ཀྱིས་ཁམ་འགའ་འཐུངས།”
       “ཨེ། ཧམ་འཐུང་བྱ་མི་རུང་། ཤེལ་དམ་གང་ར་གཅིག་གི་རིན་པ་རེད།”
       “ཁྱོད་ཀྱིས་སེམས་བདེ་མོས་འཐུངས་དང་། ངེད་ཚང་གི་ར་མར་རེའུ་མང་པོ་འཕེལ་འདུག།”
       ཉིན་ཞིག་གི་ཕྱི་དྲོར། རྒན་པོ་དོན་གྲུབ་ལ་མེ་བུམ་འཇོག་སྐབས། ཁོས་གློ་བུར་དུ“ཁྱོད་ཀྱིས་མགོ་རས་དམར་པོ་དེ་དཀྲི་རོགས”ཞེས་བཤད།
       “མགོ་རས་དམར་པོ་ཨེ།”
       “ཨུན། མགོ་རས་དམར་པོ།”
       རྒན་མོ་མེ་ཏོག་གིས་ཁུང་བུ་བརྡོལ་ཡོད་པའི་མགོ་རས་དམར་པོ་དེ་ཁྱེར་ཡོང་ནས། རྒན་པོ་དོན་གྲུབ་ཀྱི་མིག་མདུན་དུ་གཡུག་གཡུག་བྱེད་བཞིན“འདི་ཟེར་རམ”ཞེས་དྲིས།
       རྒན་པོ་དོན་གྲུབ་ཀྱིས་མགོ་བོ་ལྕོག་ལྕོག་བྱས། ཁོའི་གདོང་འཁུམ་འདར་ཞིག་བྱས་རྗེས“དགོ་བ་ངོ་དམར”ཞེས་ལྡབ་ལྡིབ་ཅིག་བཤད།
       རྒན་མོ་མེ་ཏོག་གིས་མགོ་རས་མགོར་དཀྲིས། མོའི་སེམས་སུ་མིག་མདུན་གྱི་མི་འདིས་མོ་གཏན་དུ་བསྐྱུར་རྒྱུ་ཡིན་པ་ཤེས། ཁོས་མོ་ལ་ཆེས་མཇུག་མཐའི་མཛད་སྒོ་སྤེལ་དུ་འཇུག་པ་རེད། མཛད་སྒོ་མཇུག་རྫོགས་སོང་ན། ཡོད་ཚད་རྟག་བརྟན་དུ་གྱུར་པ་རེད། མོས་མིག་ཆུ་སྲོན་བཞིན་ངོ་གདོང་རིད་ཅིང་ནག་པའི་མིག་མདུན་གྱི་རྒན་པོ་དེ་ལ་འཐམ། དུས་རབས་ཕྱེད་ཙམ་གྱི་རིང་ལ་མོར་འདུག་རོགས་བྱས་ཀྱང་ངོ་གདོང་དམར་པོ་ཆགས་མྱོང་མེད་པ་དང་། ཁ་རྩོད་རྒྱག་མྱོང་མེད་པའི་སྐྱེས་པ་འདི། མོས་མགོ་རས་དམར་པོ་དེའི་ཟུར་གཉིས་ལ་ཤུགས་ཡོད་རྒུས་མདུད་པ་བརྒྱབ།
       “འདི་འདྲ་ཡིན་ནམ།”རྒན་མོ་མེ་ཏོག་གིས་དགོད་བཞིན་དུ་དྲིས།
       རྒན་པོ་དོན་གྲུབ་ཀྱིས་ཡུན་རིང་པོར་ཅེ་རེར་བལྟས་ནས་བསྡད། མིག་མཐའ་སྐྱ་བོའི་ནང་དུ་མིག་འབྲས་སྐྱ་བོ་ཆ་གཅིག་འཚེར། མཇུག་མཐར“ཕྱི་རོལ་གྱི་གནམ་གཤིས་ཧ་ཅང་དྲོ་པོ་འདུག”ཅེས་བཤད།
       “ཤོག། ངས་ཁྱོད་པང་དུ་བཟུང་ནས་ཁང་པའི་ཕྱི་ལ་འགྲོ།”
       དབྱར་དུས་ཀྱི་ཉིན་གུང་ལ་ཉི་མ་མཁའ་རུ་འཚེར། ལོ་དེའི་དབྱར་ཁར། བྱེ་ཚང་ཁུག་ཏུ་གནམ་ས་བླ་འོག་ཏུ་བརྗེས་པ་ལྟ་བུའི་ཆར་པ་ཐེངས་གསུམ་བབས་པ་དང་། སྐྱེ་དངོས་ཐམས་ཅད་སྔ་ས་ནས་སྔོ་ཐིང་ཐིང་དུ་གྱུར།
       “ད་ལོ། ཁྱོད་ཀྱིས་མ་འབྲེག”རྒན་པོ་དོན་གྲུབ་ཀྱིས་གློ་བུར་དུ་དེ་ལྟར་བཤད།
       “འབྲེག་གི་མིན། འབྲེག་གི་མིན།” རྒན་མོ་མེ་ཏོག་གིས་དེ་ལྟར་བཤད་ཞོར། མོས་མིག་ཟུང་གིས་ཤར་ཕྱོགས་ཀྱི་རྒྱང་རིང་གི་སྔོ་ཞིང་ནག་པའི་ཞིང་ལ་བལྟས་པ་ན། ད་ལོའི་མ་རྨོས་ལོ་ཏོག་གི་སྐྱེ་ཚུལ་དངོས་གནས་ཡག་པོ་འདུག།
       “ད་ནས་བཟུང་འདེབས་མི་དགོས།”
       “འདེབས་ཀྱི་མིན།” རྒན་མོ་མེ་ཏོག་གིས་དེ་ལྟར་ཤོད་བཞིན། མོས་ཤེལ་དམ་དེ་རྒན་པོ་དོན་གྲུབ་ཀྱི་པང་དུ་ཡག་པོར་བཞག་ནས“འདི་ནི་ཤེལ་དམ་གསུམ་པ་ཡིན། ངེད་གཉིས་ལ་ད་དུང་ཤེལ་དམ་གསུམ་ཡོད”ཅེས་བཤད།
       “ཤོག”རྒན་པོ་དོན་གྲུབ་ཀྱིས་འཇིབ་སྦུག་རྒན་མོ་མེ་ཏོག་ལ་གཏད།
       “ང་ཨེ།”
       “ཨིན། ཁྱོད་ཀྱིས་ཁམ་གང་འཐུངས”ཟེར།
       རྒན་མོ་མེ་ཏོག་གིས་འཛུམ་དམུལ་དམུལ་ངང་སྦུ་གུ་བླངས་ཏེ་དལ་བུར་འཇིབ་པ་ན། མིད་པའི་ནང་དེ་མ་ཉིད་དུ་ཚ་ལམ་ལམ་བྱེད། མོས་སྨིན་མ་བསྡུས་ནས“ཨ་ཡོ། ཁ་ཚ་བ་ལ”ཞེས་བཤད།
       རྒན་པོ་དོན་གྲུབ་ནི་རྒན་མོ་མེ་ཏོག་གི་བཟོ་ལྟར་བལྟས་ནས། འཛུམ་དམུལ་དམུལ་བྱེད་ཅིང་། ཕྲུ་གུ་དམར་འབྱར་ཞིག་དང་འདྲ་བར་མིག་ཟུང་མཆི་མས་ཁེངས། ཁོས་སྐད་ཆ་མ་བཤད་མོད། འོན་ཀྱང་ཁོས་རྒན་མོ་མེ་ཏོག་གིས་རང་གིས་ཚེ་གང་པོར་ལོངས་སྤྱོད་བྱས་པའི་གསང་བ་སྟེ། ལྐོག་གྱུར་དང་ལྷ་གཤིས་ཀྱིས་ཕྱུག་པའི་འཕྲུལ་སྣང་དེ་ཚོར་བར་རེ་བ་བྱེད་ཀྱིན་ཡོད། རེད། རྒན་པོ་དོན་གྲུབ་ཀྱིས་རང་ཉིད་ཅུང་ཙམ་བཟི་རྗེས་མཐོང་བའི་འཇིག་རྟེན་ནི་ལྐོག་འགྱུར་དང་ངོ་མཚར་ལྡན་པ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། གལ་ཏེ་འདི་དག་གི་རྐྱེན་མིན་ན། ཁོ་ཆང་ལ་དེ་འདྲ་དགའ་དོན་ཅི་ཡིན་ནམ། ཁོ་ཅུང་ཟད་བཟི་རྗེས་ཆོས་ཐམས་ཅད་ཀྱི་ཁྱད་གཤིས་ཚོར་ཞིང་།འཇིག་རྟེན་ཁམས་ཀྱི་འཁོར་བ་དང་བརྗེ་རེས་མཐོང་ལ། འཚོ་བ་ཉིད་ཀྱི་དོན་དངོས་དང་འཕྲུལ་སྣང་སོགས་མཐོང་ཐུབ་པ་ཤེས། དེ་ནི་མཛེས་ཤིང་སྡུག་པ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་ལ། མི་སོ་སོར་མཁོ་བ་ཞིག་རེད།
       མཚན་མོར། རྒན་པོ་དོན་གྲུབ་ཁུ་སིམ་མེར་གཤེགས་སོང་།
       དྲོད་འཇམ་གྱི་ས་སྲོད་ཅིག་ལ། རྒན་མོ་མེ་ཏོག་སྒོ་མདུན་དུ་ཙོག་པུར་བསྡད། ཚ་དུས་ཀྱི་མཇུག་ལ་འཁེལ་འདུག་པས། ཉིན་འགའ་འགོར་རྗེས། མོས་མ་རྨོས་ལོ་ཏོག་འབྲེག་དགོས། ཡིན་ནའང་མོའི་བསམ་པར་ད་ནི་ཆང་རག་ཉོ་མི་དགོས་པས། འབྲེག་རྒྱུར་བྲེལ་མི་དགོས། འོན་ཀྱང་མོས་ཡང་ར་ཁྱུར་མ་རྨོས་ལོ་ཏོག་དགོས་པ་དྲན། དེ་ནས་མོས་སད་མ་བབས་སྔོན་ལ་མ་རྨོས་ལོ་ཏོག་འབྲེག་དགོས་སམ། ཡང་ན་བད་མ་བརྒྱབ་སྔོན་ལ་འབྲེག་དགོས་པར་བསམ་བློ་བཏང་།
       རྒན་མོ་མེ་ཏོག་གི་སེམས་པ་ཀུན་ནས་ཉོག་སོང་།
       སྐབས་དེར། ར་ཕོ་མོ་ཆི་ཚུར་ཡོང་ནས་རྒན་མོ་མེ་ཏོག་གི་རྐང་བའི་མདུན་དུ་ཞོག་ཁོག་གི་ཤུན་པ་བསྒྲུགས་ནས་ཟོས། རྒན་མོ་མེ་ཏོག་གིས་དེ་མཐོང་བས་ད་གཟོད་རང་ཉིད་ཀྱིས་དགོང་ཟས་བཟོས་ཏེ་བཟའ་རྒྱུའི་བསམ་བློ་འཁོར། ཡིན་ནའང་མོ་དངོས་གནས་འགུལ་འདོད་མི་འདུག། ར་ཕོ་དེ་ནི་རྒན་པོ་དོན་གྲུབ་ཆེས་དགའ་བའི་ར་ཕོ་ཞིག་ཡིན། སྔ་ས་ནས་བཤའ་དགོས་པའི་ལོ་ཚོད་ལ་སླེབས་ཡོད་མོད། འོན་ཀྱང་ད་ནི་རྒན་པོ་དོན་གྲུབ་ཚེ་ལས་འདས་པས། ད་ལྟ་སུ་ཞིག་གིས་དེ་བཤས་ནས་སྐྱེ་བ་བརྗེ་རུ་འཇུག་གམ།
       “ཤོག། མོ་ཆི། ངའི་བྱིས་པ།”
       མོ་ཆིས་ཞོག་ཁོག་གི་ཤུན་པ་ལྡོད་བཞིན་བདག་པོའི་གདོང་ལ་བལྟས་ནས་འབའ་སྒྲ་བསྒྲགས།
       “ཤོག་ཡ།”
       མོ་ཆི་ཚམ་མེ་ཚོམ་མེ་བྱས་ནས་ཚུར་འོངས། རྒན་མོ་མེ་ཏོག་གིས་ཆང་ཕོར་ནང་དུ་གསེར་གྱི་རྔ་མོང་རྟགས་ཅན་གྱི་ཆང་རག་གང་བླུགས་ནས་མོ་ཆིར་སྣོམ་དུ་བཅུག། མོ་ཆིས་སྣོམ་ཙམ་བྱས་རྗེས་མཆུ་ཏོ་ཡར་བཏེགས།
       “ཤོག། ཧུབ་གང་འཐུངས།”
       རྒན་མོ་མེ་ཏོག་གིས་མོ་ཆིའི་སྐེ་ནས་བཟུང་ཞིང་། མོ་ཆིས་ཅི་ཡིན་ཧ་མ་གོ་གོང་ཆང་དཀར་ཕོར་གང་ཁ་ནང་དུ་བླུགས་ཟིན། མོ་ཆིས་བྲེལ་བྲེལ་འཚུབ་འཚུབ་ངང་བདག་པོའི་ལག་ནས་ལས་ཐར་ཐབས་བྱས་ཤིང་། སྐད་ཆེན་པོས་འབའ་སྒྲ་བསྒྲགས། དེ་ནས་ཅལ་ཅལ་ཅལ་ལྕེ་ལྡག་བྱེད། རྒན་མོ་མེ་ཏོག་གིས་ར་ཕོ་མོ་ཆི་ལ་བལྟས་ནས་བགད། འོན་ཀྱང་རྒན་མོ་མེ་ཏོག་ཁྱིམ་དུ་ལོག་སྐབས། མོ་ཆི་རྗེས་འབྲངས་ནས་མོའི་ལུས་ཐོག་གི་དྲི་མ་སྣོམ། རྒན་མོ་མེ་ཏོག་གིས་ཆང་ཕོར་གཉིས་པ་དེ་བླུགས། ད་ཐེངས་མོ་ཆིས་བདག་པོས་ལྡུག་པར་བསྒུགས་ནས་མ་བསྡད་པར་རང་འགུལ་ངང་ལྕེ་ལྡག་བྱས། ཆང་ཕོར་དྲུག་བལྡགས་རྗེས། མོ་ཆི་དེ་རུ་འགྲེངས་ནས་ཨིག་ག་བྱེད།
       “ཨ་ཧོ་ཡེ། ངའི་བྱིས་པ། ཧ་ཅང་བཟང་། ངས་ད་དུང་ཆང་འདི་ཅི་ཞིག་བྱ་དགོས་སམ་སྙམ་བཞིན་ཡོད། འདི་ནི་ཆང་རྒོད་ཅིག་ཡིན་ཡ།”
       མོ་ཆི་ཁ་ཁུ་སིམ་པོར་ཡུད་ཙམ་ལ་ལངས་ནས་བསྡད་རྗེས། གློ་བུར་དུ་ཁང་སྒོར་ཕྱོགས་ནས་མཆོངས་པ་ན། སྒོའི་ཤེལ་སྒོ་སིང་དི་རེར་ཆག་སོང་།
       “ཨ་ཧོ། མོ་ཆི། ཅི་རེད། བཟི་སོང་ངམ།”
       དེའི་རྗེས་སུ། རྒན་མོ་མེ་ཏོག་གིས་གླུ་སྒྲ་དང་ཤིན་ཏུ་མཚུངས་པའི་འབའ་སྒྲ་རིང་པོ་ཞིག་ཐོས་བྱུང་།
       ར་ཕོ་མོ་ཆིས་རྨིག་བཞི་རྐྱ་བཀར་ཞིང་མིག་གཉིས་བགྲད་འདུག་ཅིང་། རླུང་ལ་ཕྱོགས་ཤིང་ལྕེ་ཕྱིར་བསྣར་ནས་འབའ་སྒྲ་རིང་པོ་ཞིག་བསྒྲགས་བྱུང་། རྒན་མོ་མེ་ཏོག་གིས་གློ་བུར་དུ་རྒན་པོ་དོན་གྲུབ་ཀྱིས་ཀྱང་སྐབས་རེར་གླུ་སྒྲ་དེ་འདྲ་ཞིག་འབྱིན་པ་དྲན་བྱུང་། རྒན་མོ་མེ་ཏོག་མར་བསྡད་ནས་མུ་མཐུད་དུ་མཉན་ནས་བསྡད།
       ར་ཕོ་མོ་ཆུ་བཟི་སོང་བ་མངོན་གསལ་རེད།

པའེ་ཧྭ་རིག་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«རྣམ་ཤེས་ཁུར་བའི་རྟ་ཕོ»༢༠༢༣ལོའི་ཟླ༡༢པའི་པར་མ་ལས་བསྒྱུར།

རྩོམ་མཁན་ངོ་སྤྲོད།
       ན་རན་ཀོ་ཝ། སོག་རིགས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ༢༠༠༨ལོ་ནས་བཟུང་རྒྱ་སོག་ཡིག་རིགས་གཉིས་ཀྱི་ལམ་ནས་རྩོམ་རིག་གསར་རྩོམ་བྱས། བརྩམས་ཆོས་གཙོ་བོར«ལུག་རྭ་བདུན»དང«རྣམ་ཤེས་ཁུར་བའི་རྟ་ཕོ»སོགས་ཡོད། སྔ་གཞུག་ཏུ་མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་དང་། རྟ་མཆོག་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།

གྲོ་ཞིང་ཁ་འཕྲིན་སྟེགས་ལས་བརྒྱུད་འགོད་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།