མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2025-03-04 08:43:10 ཀློག་གྲངས།:
       ཟླ3ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ལམ་སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་ཚན་རིག་ལྟེ་གནས་དང་། གནའ་རྫས་རྟོག་ཞིབ་རིག་དངོས་སློབ་གླིང་གིས་གྲུབ་པའི་མཚོ་བོད་མཐོ་སྒང་གནའ་རྫས་རྟོག་ཞིབ་དཔུང་སྡེ་ཡིས་མཚོ་སྔོན་ཞིང་ཆེན་རིག་དངོས་རྟོག་ཞིབ་ཞིབ་འཇུག་ཁང་དང་མཉམ་དུ་མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་གསེར་ཆེན་གཞོངས་སའི་ཁ་ཡོག་རིག་གནས་འདུས་སྡོད་དང་འཕེལ་འགྱུར་དང་འབྲེལ་བའི་གནའ་ཤུལ་གསར་པ་ཞིག་རྙེད་ཚུལ་ཁྱབ་སྒྲོག་བྱས།
       2022ལོ་ནས2023ལོའི་བར་དུ། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་ཐོབ་ཅིང་། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་དངོས་སློབ་གླིང་། གནའ་རྫས་རྟོག་ཞིབ་ཚན་རིག་ལྟེ་གནས་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་ཐོག་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་ཞིང་རིང་ལུང་བའི་ལྷོ་ངོས་སུ་གནའ་ཤུལ་སྔོག་འདོན་བྱས་པ་ལས། ཁ་ཡོག་རིག་གནས་གཙོ་བྱས་པའི་འདུས་སྡོད་གནའ་ཤུལ་ཞིག་ཕྱིར་བཏོན་པ་རེད།
       ཞིང་རིང་ལུང་པའི་ལྷོ་ངོས་ཀྱི་གནའ་ཤུལ་དེ་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་དེ་གསེར་ཆེན་གཞོངས་སར་ཡོད་ཅིང་། རྨ་ཆུའི་བྱང་འགྲམ་གྱི་སྐས་རིམ་ཅན་གྱི་ས་རིམ་གསུམ་པར་ཡོད། མཁར་རོ་རིག་གནས་ཀྱི་ཤུལ་དེ་མུ་གཅིག་ཏུ་སྦྲེལ་བའི་ས་སྟེགས་དྲུག་ན་ཡོད་ཅིང་། གནའ་ཤུལ་གྱི་རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ49000ཡོད། དེ་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ1581སྔོག་འདོན་བྱས་ཟིན་པ་དང་། གནའ་ཤུལ་མི་འདྲ་བ500ལྷག་གཙང་སེལ་བྱས། དེའི་ནང་རྙེད་པའི་ཁ་ཡོག་རིག་གནས་ཀྱི་གནའ་ཤུལ63ནི་གལ་ཆེ་ཤོས་རེད། དེ་ལ་གྲུབ་སྟངས5ཡོད་དེ། ས་ངོས་རྡོ་རྩིག་ཅན་གྱི་ཁང་པ་དང་། ས་ཕུག་རྣམ་པའི་ཁང་པ། ཞབས་གཞོང་ཅན་གྱི་ཁང་པ། ས་ཕུག་དང་རྡོ་རྩིག་གཉིས་ཀ་ཅན། ས་ཕུག་དོང་ཕྱེད་ཅན་གྱི་ཁང་ཤུལ་བཅས་སོ། དེ་ལས་ཁང་ཤུལ་གྱི་རིགས་མང་ཤོས་ཁ་ཡོག་རིག་གནས་དང་ཐ་ན་ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་ཆིན་སྔོན་མའི་དུས་ཀྱི་རིག་གནས་རྟོག་ཞིབ་ཁྲོད་ཐོག་མར་རྙེད་པའི་ཁང་ཤུལ་གསར་པ་ཞིག་རེད། ལོ་ཚིགས་ཚད་འཇལ་བྱས་པ་ལྟར་ན། ཁ་ཡོག་རིག་གནས་ཀྱི་གནའ་ཤུལ་དེ་ནི་སྤྱི་ལོ་སྔོན་གྱི་ལོ་སྟོང་གཉིས་ཀྱི་མཇུག་དང་དེའི་ཡར་སྔོན་གྱི་ལོ་སྟོང་གཅིག་གི་དུས་ཕྱེད་སྔོན་ལ་བྱུང་བ་ཞིག་རེད། ས་རིམ་གྱི་ཆགས་ཚུལ་ལ་བལྟས་ན། ཞིང་རིང་ལུང་པའི་ལྷོ་ངོས་ཀྱི་ཁ་ཡོག་གནའ་ཤུལ་དེ་མ་མཐའ་ཡང་དུས་རིམ་གསུམ་ལ་དབྱེ་ཆོག་སྟེ། དུས་རིམ་དང་པོ་ནི་ས་ཕུག་དོང་ཕྱེད་ཀྱི་རྣམ་པ་ཅན་གཙོ་ཡིན་པ་དང་། དུས་རིམ་གཉིས་པ་ནི་ཁ་མིག་མི་འདྲ་བའི་ས་ཕུག་དང་རྡོ་རྩིག་གཉིས་ཀ་ཅན་དང་། ས་ཕུག་རྣམ་པ། ཞབས་གཞོང་བ་ལྟ་བུ་ཅན་བཅས་ཡིན་པའི་ཁང་ཤུལ་མང་པོ་བྱུང་བའི་དུས་རིམ་མི་འདྲ་བ་གཉིས་བྱུང་། དུས་རིམ་གསུམ་པ་ནི་ས་ངོས་སུ་རྡོ་རྩིག་བརྒྱབ་པའི་ཁང་ཤུལ་གཙོ་བྱས་པའི་གནའ་ཤུལ་རེད། ས་ཕུག་རྣམ་པ་དང་ས་ཕུག་དང་རྡོ་རྩིག་གཉིས་ཀ་ཅན་གྱི་ཁང་ཤུལ་ཁག་ཅིག་རྒྱ་བསྐྱེད་དང་བཟོ་བཅོས། ཡང་བསྐྱར་བཀོལ་སྤྱོད་བྱས་པའི་སྣང་ཚུལ་མངོན། དེ་ནི་སྔོན་ཆད་སྔོག་འདོན་བྱས་པའི་མཁར་ཡོ་རིག་གནས་ཀྱི་གནའ་ཤུལ་དང་བསྡུར་ན། ཞིང་རིང་ལུང་པའི་ལྷོ་ངོས་ཀྱི་གནའ་ཤུལ་འདི་ནི་གཞི་ཁྱོན་ཅུང་ཆེ་ལ། ཁང་ཤུལ་གྲངས་འབོར་མང་པ། བཟོ་སྟངས་སྣ་ཚོགས་པ། རིམ་པའི་འབྲེལ་བ་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། ཁ་ཡོག་རིག་གནས་འདུས་སྡོད་བྱེད་སྟངས་འཕེལ་འགྱུར་གྱི་ཞིབ་འཇུག་ཐད་ལ་རྒྱུ་ཆ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།
       སྔོག་འདོན་བྱས་པའི་གནས་ཚུལ་ཕྱོགས་གཅིག་ཏུ་བསྡུས་ཤིང་། ལོ་ཚིགས་ཚད་འཇལ། སྲོག་ཆགས་དང་རྩི་ཤིང་གི་ཤུལ་རྫས་སོགས་ལ་ཐོག་མར་དབྱེ་ཞིབ་བྱས་ན། ཞིང་རིང་ལུང་པའི་ལྷོ་ངོས་ཀྱི་ས་དེ་ནི་དུས་ཡུན་རིང་བོར་བར་མད་དུ་བེད་སྤྱོད་བྱས་པའི་ཁ་ཡོག་རིག་གནས་འདུས་སྡོད་བྱེད་ས་ཞིག་ཡིན། གནའ་ཤུལ་གསལ་འབྱིན་བྱས་པའི་ཁང་ཤུལ་མི་འདྲ་བ་དེ་དག་གི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་རྣམ་པ་དེ་ནི་ནུབ་བྱང་ས་ཁུལ་དུ་ཆིན་སྔོན་མའི་དུས་ཀྱི་གནའ་རྫས་རྟོག་ཞིབ་ཁྲོད་ཐོག་མར་རྙེད་པའི་སྣང་ཚུལ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།