༄༅། །རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད་མེ་བཙས་བཅོས་ཚུལ་བཤད་པ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-11 09:29:53 ཀློག་གྲངས།:
འགོ་བརྗོད།
       དེ་ཡང་འདི་རུ་བརྗོད་འདོད་པ་ནི་ནུབ་ལུགས་རྒྱ་འགྱུར་དུ“腰椎骨质增生”ཞེས་པ་དང་། དེ་ལ་བོད་འགྱུར་དུ། རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད། ཅེས་པ་དེའི་ནད་ཀྱི་ངོ་བོ་དང་། ནད་རྟགས་མདོར་བསྡུས། མེ་བཙའི་བཅོས་ཚུལ། མེ་བཙས་དེ་ལ་ཕན་པའི་རྒྱུ་མཚན་བཅས་ཅུང་ཙམ་གླེང་བར་བྱའོ། །
གཅིག རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ཀྱི་ངོ་བོ་གླེང་བ།
       རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་འདི་དེང་དུས་ཤིན་ཏུ་མང་བ་དང་། ཁོ་བོའི་འདུག་ཡུལ་ས་བབས་མཐོ་བའི་དར་མཚོ་རྫོང་དུའང་འདི་ན་མཁན་མང་པོ་འདུག་ལ། དེའི་རྒྱུ་ནི། རྒྱུད་ཀྱི་མཁྲིས་པ་སློང་རྐྱེན་དུ།་་་་་་དྲག་ཤུལ་བྱས། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང་། །གཞུ་སྲན་བཀང་དང་འཛིང་ག་བཀྱེ་བ་དང་། །བང་དང་འགྲོ་ལས་དག་གིས་ཉེན་པ་དང་། །རྟ་ཡིས་བརྡབས་དང་གཡང་ལ་ལྷུང་བ་དང་། །འཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་པ་དང་། །[1]ཞེས་པ་ལྟར་དུ། གློ་བུར་བའི་དྲག་ཤུལ་བྱས་པ། མི་ཐེག་བཞིན་དུ་ཁུར་པོ་ཆེན་པོ་འབད་པས་ཁུར་བ་སྟེ། དཔེར་ན་སྔོན་ནས་ད་བར་དུ་བོད་ཁུལ་གྱི་དགའ་སྟོན་ཆེ་མ་ཆུང་གསུམ་ནས་ས་སྒྱེ་རྒྱ་མ་ཉིས་བརྒྱ་སུམ་བརྒྱ་ཅན་ནམ། ཡང་ན་རྡོ་བ་སོགས་རང་གི་ལུས་ཤུགས་ལས་ལྷག་པ་རང་གི་ལ་རྒྱའམ་སྡེ་བའི་ལ་རྒྱ། ཡང་ན་ཤང་དང་རྫོང་གི་ལ་རྒྱ་བསམ་ཏེ་བཏེགས་པས། མཐར་རྐེད་ཚིགས་འགྲམས་ཤིང་ན་བ་མང་པ་དང་། གློག་པར་ལས་བལྟས་ཚེ་ལ་ལའི་རྐེད་ཚིགས་འཕངས་ལོར་བཙིར་གཅུར་བྱུང་ཡོད་པ་དང་། མང་ཆེ་བ་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་དུ་གྱུར་འདུག་པས། ཁོ་བོས་ཤེད་ཆེན་ས་སྒྱེ་འགྱོགས་མཁན་རྣམས་ཀྱི་བྱ་དགའ་མཁལ་འགྲམས་ནད་རེད། ཅེས་དེ་སྔོན་འགོག་ལ་དམིགས་ཏེ་དྲྭ་རྩོམ་ཞིག་ཀྱང་སྤེལ་མྱོང་བ་ཡིན། དེ་དེ་ལྟར་རེད། ས་སྲ་བར་ཤུགས་བཏོན་ནས་བརྐོ་བ་སྟེ། དཔེར་ན་སྔོན་རིག་གསར་གྱི་མཇུག་ཙམ་དུ་ཁོ་བོའི་ཕ་རྒན་སོགས་ཀྱིས། ཐོན་སྐྱེད་རུ་ཁག་གི་འགོ་བས་བཀོད་འདོམས་ལྟར་དུ་དཔལ་ཁ་བོག་ཐོ་ནས་བྲག་བརྐོ་དུས་སུ། འགོ་བ་ཚོས་དགུན་དུས་ས་འཁྱགས་སྒོང་བྱུང་པ་མ་རེད། མི་ཡི་སེམས་འཁྱགས་སྒོང་ཐེབས་པ་རེད། ཅེས་དགུན་བཅུ་པར་ཡང་བྲག་བརྐོས་པ་ཡིན་ཞེས་པ་ལྟར་རོ། །རོང་ཕྱོགས་སུ་གཞུ་སྲན་མོ་བཀང་པའམ། དེང་སྐབས་འབྲོག་ཁུལ་ནས་ལྕགས་ར་འཐེན་པར་ཤུགས་བཏོན་པས་མཁལ་འགྲམས་བྱུང་པ་ཡང་མང་པོ་འདུག །འཁོན་འཛིང་བྱུང་སྟེ་རྐེད་ཚིགས་སུ་རྨས་ཕོག་པ། རྟ། ཡང་ན་འཕྲུལ་རྟ། རླངས་འཁོར་སོགས་ཀྱིས་བརྡབས་པ། གཡང་རོང་དུ་ལྷུང་བ། མཁར་གྱང་གད་པ་ཁང་པ་སོགས་རྡིབ་པའི་འཐིབས་འོག་ཏུ་ཚུད་པ་སོགས་ཀྱི་རྐྱེན་གྱིས་རྐེད་ཚིགས་ལ་འགྲམས་རྨས་ཕོག་པས་ད་གཟོད་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་བྱུང་བ་ཤ་སྟག་གོ །ནུབ་ལུགས་གསོ་རིག་ལས་ཀྱང་། རུས་རྒྱུ་འཕར་སྐྱེས་ནི་ལུས་ཀྱི་ཚིགས་འབྲེལ་བར་བྱེད་པའི་ཕྲུམ་རུས(软骨)དང་མཁར་མཚམས(椎间盘)ད་དུང་ཆུ་བ(韧带)སོགས་མཉེན་པའི་ཕུང་གྲུབ(软组织)ལ་དབྱིབས་འགྱུར་དང་ཞན་འགྱུར་བྱུང་སྟེ་ཚིགས་ཀྱི་མུ་འགྲམ་དུ་རུས་འཛེར་བྱུང་བ་ཞིག་ཡིན།ཞེས་བཤད་པ་དང་། རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་དུའང་། “腰椎骨质增生症”ཞེས་པར་བོད་ཡིག་གིས་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད།[2]ཅེས་བསྒྱུར་ཡོད་དོ། །
གཉིས། རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ཡི་ནད་རྟགས་མདོར་བསྡུས།
       རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ཡིན་ན་ཚང་ཚིགས་སམ་རྐེད་ཚིགས་ལྔ་བོ་ན་བའམ། ཡང་ན་རྐེད་ཚིགས་གཅིག་གམ། གཉིས། གསུམ། བཞི་བོ་བཅས་རྐེད་ཚིགས་གང་དག་ན་རུས་རྒྱུ་འཕར་སྐྱེས་ཡོད་པ་དེ་ཉིད་ཁ་བྱེ་བ་བཞིན་དུ་ན་བ་དང་། གཡས་གཡོན་ཚོན་གང་བཅལ་བའི་གནས་གཉིས་སུ་གནོན་ཟུག་ལྡན་པ། མཁལ་རྐེད་འཁོར་ཞིང་ན་བ། ལུས་པོ་དགྱེ་སྒུར་བྱེད་ཁག་པ། གློ་ལུ་དང་སྦྲིད་པ་བྱུང་ཚེ་ན་ཟུག་བཟོད་གླགས་མེད་པ། དཔྱི་རྩེ་ནས་སྣག་པོ་ཆེའི་ཕྱོགས་སུ་ཚོན་གང་ཙམ་བཅལ་བའི་གནས་དང་། དཔྱི་མིག་བཅས་སུ་གནོན་ཟུག་ཆེ་བ་ཡིན། ལ་ལར་རྐང་པ་བཤལ་སྦྲིད་བྱེད། ནད་པ་འགའ་ཤས་ལ་རྐེད་ཚིགས་ཀྱི་མཁར་མཚམས་གཡས་གཡོན་གཉིས་སུ་རུས་རྒྱུ་འཕར་སྐྱེས་བྱུང་པའི་དབང་གིས་དཔྱི་རྐེད་གཡས་གཡོན་གཉིས། དཔྱི་མིག་གཡས་གཡོན་གཉིས་བཅས་ན་བར་འདུག །ཡང་ཁ་ཤས་ལ་རྐེད་ཚིགས་ཀྱི་གཞོགས་གཡས་གཡོན་གང་རུང་ཞིག་ན་མ་གཏོགས་རུས་རྒྱུ་འཕར་སྐྱེ་མེད་པས། ཕྱོགས་དེ་ག་ཁོ་ནར་ཟུག་གཟེར་ལངས་པ་རེད།
གསུམ། མཁལ་འགྲམས་བར་རྒྱས་ལས་རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད།
       དེས་ན་ང་ཚོས་རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད་འདི། རྒྱུད་ཀྱི་ནད་གཞི་གང་ཞིག་ནད་འགྱུར་བྱུང་དུས་ཀྱི་མངོན་ཚུལ་དང་ཆ་འདྲ་བར་འདུག་ཅེས་ཚེ། བར་དུ་རྒྱས་ན་མཁལ་རྐེད་འཁོར་ཞིང་ན། །དཔྱི་སྟེང་འབྲེལ་མཚམས་རྩ་ནག་སྦོ་ཞིང་གཟེར། །གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད། །ཚིགས་པ་ཁ་བྱེ་རྐེད་པ་ཀྱོག་པོར་འགྲོ། ། [3]ཞེས་པའི་མཁལ་འགྲམས་བར་རྒྱས་ཀྱི་ནད་རྟགས་དང་འདྲ་བོ་ཡོད། མཁལ་འགྲམས་བར་རྒྱས་ནི། གཙང་སྟོད་དར་མ་མགོན་པོས། མཁལ་འགྲམས་སྙིང་པོ་འགྲམས་དང་ནི། །རྩ་འགྲམས་པ་དང་གཉིས་སུ་འདོད། །སྙིང་པོ་འགྲམས་ཆེན་མཁལ་ཤར་ནུར། །ཆུ་ལ་ཤ་དུམ་འབྱུང་ཞིང་མདའ་ལྟར་ཟུག །དེ་ནི་རིང་པོར་མི་ཐོགས་འཆི། །མཁལ་རྩ་འགྲམས་ན་ཆུ་ངན་ཁྲག་འདྲ་འོང་། །མཁལ་མ་འཁོར་ནས་ཆེན་པོ་ན་བ་ཡིན། །གཡལ་དང་ལུད་པ་ལུ་དང་སྦྲིད་པ་འབྱུང་། །ཁྱད་པར་དཔྱི་མིག་མཁལ་མར་ན་ཚ་འབྱུང་། །ནམ་སྟོད་ན་ལ་ནམ་ཕྱེད་བདེ་བ་ཡིན། །འདི་ལ་རྩ་ཁ་བུད་ཀྱང་ཟེར། །མཆིན་ཁྲག་འོར་དུ་ལྷུང་ཡང་ཟེར། །[4]ཞེས་མཁལ་འགྲམས་ཀྱི་སྙིང་པོ་འགྲམས་པའམ་མཁལ་འབྲས་འགྲམས་པ་དང་། མཁལ་རྩ་འགྲམས་པ་གཉིས་ཀྱི་སོ་སོའི་རྟགས་སུ། ཆུ་ལ་ཤ་དུམ་འབྱུང་བ་ཞིག་དང་། ཆུ་ངན་ཁྲག་འདྲ་འོང་བ་བཅས་ཀྱི་མི་འགྱུར་བའི་རྟགས་ཀྱི་གཟེར་མཆིས་པ་དང་། རྒྱུད་ལས་ཀྱང་། མཁལ་འགྲམས་ཚང་ར་མི་ཐེག་དགྱེ་དགུ་དཀའ། །མཁལ་ཁུང་སྣེ་ས་དཔྱི་མིག་བརླ་སྒང་ཟུག །འབྲས་བུ་སྐྲངས་ཤིང་དྲི་ཆུ་ཁྲག་ཏུ་འཛག །[5]ཅེས་མཁལ་འགྲམས་ལ་འབྲས་བུ་སྐྲངས་པ་སོགས་ཀྱི་ནད་རྟགས་མཆིས་པ་གསུངས་ཡོད། དེ་ལས་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ལ་མཁལ་འགྲམས་བར་རྒྱས་ཀྱི་ནད་རྟགས་འདི་རྣམས་མཆིས་སམ་ཞེ་ན། དེ་ལས་མང་པོ་ཞིག་མཆིས་མོད། སྤྱིར་མཁལ་འགྲམས་བར་རྒྱས་ཞེས་ན་སྒྲ་ཡངས་འཇུག་གི་ཆ་ནས། སྤྱི་མིང་ཞིག་ཡིན་ཞིང་། བྱེ་བྲག་དེའི་ནང་གསེས་སུ། རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད(腰椎骨质增生症)དང་། རྐེད་ཚིགས་འདྲེད་འདོར་ནད(腰椎滑脱症)ཅེས་པ། རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད(腰椎间盘突出症)། རྐེད་རྒྱུངས་འབུར་པོ(腰骶膨大)ཞེས་པ། རྐེད་ཚིགས་ཝ་འགྱུར(腰椎骶化)བཅས་མང་པོ་ཞིག་མཆིས་པ་ནི། ང་ཚོས་ནད་ཐོག་ལག་ལེན་ལས་རྟོགས་ཐུབ་པ་བཞིན་ནོ། །
བཞི། མེ་བཙས་རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད་ལ་ཕན་པའི་རྒྱུ་མཚན།
       རང་ཉིད་ཀྱིས་རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད་ལ་བོད་སྨན་གྱི་ཁོང་སྨན་དང་། ནུབ་ལུགས་ཀྱི་གཤེར་ཁབ་མ་བརྒྱབ་པར་གསོ་རིག་རྒྱུད་བཞིའི་དགོངས་པ་ལྟར། མེ་བཙའ་ཁོ་ནས་གསོ་བཅོས་མང་དུ་བྱས་དང་བྱེད་བཞིན་ཡོད་ལ། དེས་ཀྱང་ནད་འདི་ལ་ཕན་སྐྱེད་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་པ་མི་ཉུང་བ་ཞིག་མེ་བཙའ་རྐྱང་པས་བདེ་རུ་བཅུག་སྟེ་ཉུང་ན་ཟླ་གཅིག་གམ་གཉིས། མང་ན་ལོ་དུ་མར་མི་ན་བའང་མཆིས་པ་རེད། དེ་ཡང་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ནི་རུས་པའི་ནད་ཁུངས་སུ་གཏོགས་པ་དང་། དེས་ན་རུས་པ་ལ་ཉེས་པ་གསུམ་གྱི་ནང་ནས་གང་ཞིག་ཤས་ཆེར་རྒྱུ་བ་ནི། རྩ་རྒྱུད་ལས། རུས་པ་རྣ་བ་རེག་བྱ་སྙིང་སྲོག་ལོང་། །[6]ཞེས་ཉེས་པ་གསུམ་གྱི་རྒྱུ་ལམ་བཤད་དུས་རུས་པ་ནི་ཉེས་པ་རླུང་གི་རྒྱུ་ལམ་ཡིན་པ་བསྟན་པ་དང་། ཡང་རུས་པ་ལ་ཉེས་པ་གང་ཞིག་གནས་པ་བརྗོད་དུས། འཕེལ་འགྲིབ་ནད་ལས། དེ་ཡང་རླུང་ནི་རུས་པ་ལ་གནས་ཏེ། །[7]ཞེས་གསལ་བར་གསུངས་ཡོད་པ་བཞིན་ནོ། །དེ་ལས་རུས་པ་ནི་ཉེས་པ་གསུམ་ལས་རླུང་གི་གནས་ཡིན་པ། རླུང་གི་རྒྱུ་ལམ་ཡིན་པ་བཅས་རྟོགས་ཐུབ་པ་དང་། ཡང་འཕེལ་འགྲིབ་ནད་ལས། བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན། །དུ་མར་ཕྱེ་ཡང་ཚ་གྲང་གཉིས་སུ་འདུས། །[8]ཞེས་ནད་ཚ་གྲང་གཉིས་ལས། རླུང་ནད་ནི་གྲང་བའི་ནད་ཡིན་པ་གསུངས། དེས་ན་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ལ་མེ་བཙས་ཕན་པ་ནི། སྤྱིར་རུས་པ་ནི་རླུང་གི་རྟེན་ཡིན་པ་དང་། རུས་པར་གནས་པའི་རྣམ་པར་མ་གྱུར་བའི་རླུང་དེ་ཉིད་ཀྱང་ནད་གཞིའི་དབང་གིས་རྣམ་པར་གྱུར་ཏེ། རྒྱུད་ལས། རླུང་གི་འཁྲུགས་རྟགས་སུ། དཔྱི་རྐེད་རུས་ཚིགས་མ་ལུས་བརྡུངས་སྙམ་བྱེད། །[9]ཅེས་དང་། ཡང་རྒྱུད་ཀྱི་བྱུག་པའི་སྐབས་སུ། རླུང་ནད་རུས་ཞུགས་གཏིང་ནས་ལྷང་ལྷང་ན། །[10]ཞེས་པ་དང་། མན་ངག་རྒྱུད་ཀྱི་ཉེས་གསུམ་གསོ་བའི་ལེའུར། རུས་ཞུགས་ཟུག་ཆེ་ཤ་སྐམ་ཉམས་སྟོབས་འཛད། །[11]ཅེས་པ། རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། །[12]ཞེས་པ་སོགས་ཀྱི་ནད་རྟགས་ལྡན་པ་ཡིན་པས། རྒྱུད་ལས། མདོར་ན་བད་རླུང་ལས་གྱུར་གྲང་བ་ཀུན། །རྩ་ནད་ཆུ་སེར་མེ་ཡིས་བསྲེག་པ་བསྔགས། །[13]ཞེས་པ་དང་། ཕན་ཡོན་རྩ་ཡི་འབྲོས་འཕྲང་འགེགས་པར་བྱེད། །ཨ་ནའི་ཟུག་གཅོག་རླུང་ནད་ཁ་ཡན་གནོན། །[14]ཞེས་པའི་གནས་ལུགས་དང་རྒྱུ་མཚན་གྱིས་མེ་བཙས་རྟེན་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་དང་བརྟེན་པ་རྣམ་གྱུར་འཁྲུགས་པའི་རླུང་གཉིས་ལྷན་དུ་བཅོས་པས་ཕན་པ་མ་ཟད། རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ཀྱིས། རྐེད་ཚིགས་མཁར་འགྲམས་ན་རྒྱུ་བའི་ཆུ་རྩ་སྦུ་གུ་ཅན་སོགས་རྩ་རྒྱུད་དང་། སྒལ་གཞུང་བཤུལ་ནག་པོ་སོགས་ཤ་སྒྲིམ་བཅས་ལ་གནོན་གཅུར་བཙུར་རྨས་ཐེབས་ཏེ་ན་བར།རྒྱུད་ཀྱི་རྩ་དཀར་ལེའུ་ལས། རྐང་བཤལ་བཅུ་བཞི་རྩ་ནག་་་་་་། །་་་་་་བསྲེག །[15]ཅེས་པ་ལྟར། མཁལ་མའི་རྩ་ནག་ཀྱང་ནད་བབས་དང་བསྟུན་ཏེ་བསྲེག་པ་ཡིན་ཞིང་། མཁལ་མའི་རྩ་ནག་ནི། རྒྱུད་ལས། ཚིགས་པ་བཅུ་བཞི་པ་དང་གཡས་གཡོན་དུ། །མཚོན་གང་བཅལ་བ་མཁལ་མའི་རྩ་ནག་སྟེ། །[16]ཞེས་པ་བཞིན་དང་། དེ་ནི། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས། དེ་ཡང་རླུང་གིས་ཁྲག་འཁྱགས་ནས་ན་བའི་མེ་བཙའ་དམིགས་སུ་བསྲེགས་པས་རླུང་ཁྲག་དྲོས་ནས་ཞི་བར་འགྱུར་རོ། །[17]ཞེས་པའི་དགོངས་པ་དང་ཡང་ཨ་འགྲིག་ཆ་འགྲིག་ཞིག་གོ །
ལྔ། རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད་ལ་མེ་བཙའ་གནས་གང་དུ་བཞག་པའི་སྐོར།
       དེས་ན་ཁོ་བོས་ལོ་ངོ་ཉེར་བདུན་རིང་རྐེད་ཚིགས་རུས་རྒྱུ་འཕར་སྐྱེས་ནད་ལ་གནས་གང་དག་ཏུ་མེ་བཙའ་གདབ་པའི་ཉམས་མྱོང་བཤད་ན། མཁལ་འགྲམས་ཀྱི་ལེའུར། གང་དུ་ཟུག་པའི་སྟེང་དུ་མེ་བཙའ་གདབ། །[18]ཅེས་པ་ལྟར་དུ། རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ཡིན་ན། དེ་ཡང་རྐེད་ཚིགས་ལྔ་ཡི་གང་རུང་ཡིན་པ་དང་། ཚིགས་པ་དེ་རང་དང་གཡས་གཡོན་ཚོན་གང་བཅལ་བའི་ཁ་གསུམ་བཅས་སུ་ནད་བབ་དང་བསྟུན་ཏེ་རྒྱུད་ཀྱི་མེ་དམིགས་ལྟར་མེ་བཙའ་གདབ་པ་ཡིན། དེ་ཡང་གསལ་བཤད་བྱུ་རྒྱུ་ཞིག་ནི། ནད་པ་བུད་མེད་ཡིན་ན་དེ་ལྟར་རུང་བ་ལས། སྐྱེས་པ་ཡིན་པའི་དབང་དུ་བཏང་ཚེ་དེ་ལྟར་མི་རུང་སྟེ། རྒྱུད་ཀྱི་མེ་བཙའི་ལེའུ་ལས། བཅུ་བཞི་མཁལ་གསང་མཁལ་མའི་གྲང་ནད་སེལ། །[19]ཞེས་པ་དང་། རྒྱུད་ཀྱི་ཐུར་མའི་ལེའུ་རུ། ཚིགས་པ་བཅུ་བཞི་པ་དང་གཡས་གཡོན་དུ། །མཚོན་གང་བཅལ་བ་མཁལ་མའི་རྩ་ནག་སྟེ། །དེ་ནས་མཚོན་གང་བཅལ་བ་མཁལ་འབྲས་གསང་། །[20]ཞེས་པ་ལྟར་སྐྱེས་པ་ཡིན་ན་མཁལ་འབྲས་གསང་དུ་རོ་ཙར་གནོད་པར་དོགས་ཏེ་མེ་བཙའ་གདབ་མི་རུང་། རྒྱུད་ལས། གཞུག་གུ་ཆུང་ནས་སྣག་པོ་ཆེ་ཡི་བར། །མཛུབ་གང་བཅལ་བ་དཔྱི་ཡི་འཁོར་མིག་ཡིན། །[21]ཞེས་པ་ལྟར་དཔྱི་ཡི་འཁོར་མིག་ལ་མེ་བཙའ་གདབ་པ་དང་། དེ་ནི་དོན་དུ་ཆུ་རྩ་སྦུ་གུ་ཅན་ལ་གསོ་བཅོས་བྱ་བ་ཡིན་ཏེ། སྦུ་གུ་ཅན་གྱི་གྱེས་ཚུལ་ནི། རྒྱུད་ལས། སྦུ་གུ་ཅན་དེ་ལྟག་པའི་སྡུད་སྒོར་དོན། །ཨན་སྟོང་གཡས་གཡོན་མཚོན་རེ་ཐད་ཀར་འགྲིམས། །ཚིགས་པ་ལྔ་ནས་གཞུང་པའི་རྩ་དང་འབྲེལ། །བཅུ་གཉིས་པ་ནས་བསམ་སེ་མཁལ་མར་འབྲེལ། །གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་དཔྱི་མིག་དོན། །[22]ཞེས་ཆུ་རྩ་སྦུ་གུ་ཅན་ནི་དཔྱི་མིག་མ་ཟད། གཞུག་ཆུང་དང་དཔྱི་ལེབ་བཅས་སུ་བརྒྱུད་ཚུལ་གསལ་པོར་གསུངས་པ་དང་། ལག་ལེན་དུའང་དཔྱི་ལེབ་ཀྱི་ཨ་ནའི་གསང་དམིགས་གང་རུང་དང་། གཞུག་ཆུང(骶椎硬化)བཅས་ལ་མེ་བཙའ་གདབ་བཞིན་ཡོད་པ་ལྟར་ཡིན། དེ་ལས་ཆུ་རྩ་སྦུ་གུ་ཅན་ནི་རྩ་དཀར་ཡིན་པས། རྒྱུད་ལས། དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི། །[23]ཞེས་པའི་དགོངས་དོན་ལྟར་མེ་བཙའ་ཕན་པ་དང་། ནམ་རྒྱུན་དཔྱིའི་ཁ་གཟར་བསྲེག་པའང་། མཚོན་རྨ་གསོ་བ་ལས།དཔྱི་ཡི་ཁ་གཟར་མཁལ་རྩ་ན་གུ་དང་། །[24]ཞེས་པ་དང་། གླིང་སྨན་བཀྲ་ཤིས་ཀྱིས། དཔྱི་མིག་གཟེར་ན་མཁལ་རྩ་ན་གུ་བསྲེགས།[25]ཞེས་པ་བཞིན་མཁལ་རྩ་ན་གུ་བསྲེགས་པའོ། །
དྲུག །རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ཀྱིXའཕྲོ་འོད་གློག་པར་དང་། མེ་བཙའི་གསོ་བཅོས་ཀྱི་དམར་དཔེ་འགའ།
རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ཀྱིXའཕྲོ་འོད་གློག་པར་གཉིས།
མེ་བཙའི་གསོ་བཅོས་ཀྱི་དམར་དཔེ།
མཇུག་སྡུད་པ།
       འདི་ལྟར་རྐེད་ཚིགས་རུས་རྒྱུ་འཕར་སྐྱེ་ནད་ལ། རྒྱུད་ལས། གསོ་དཔྱད་གཞན་བརྡུགས་ཕལ་ཆེར་མེ་ཡིས་གསོ། །ཞེས་པ་ལྟར་དུ། མེ་བཙའ་ཁོ་ནས་དཔྱད་བཅོས་བྱས་པས། ནད་པ་བརྒྱ་ཆའི་བརྒྱད་ཅུ་ཙམ་ལ་ཕན་ཐོགས་འབྱུང་ཐུབ་པར་འདུག་གོ །

དཔྱད་གཞིའི་ཡིག་ཆ།
[1][3][5][6][7][8][9][10][11][12][13][16][18][19][20[21][22][23][24] «༄༅།།བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །» གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༥པར་པར་ཐེངས༣པ་བཏབ། P37. P304. P230. P10. P38. P46. P40.  P641. P108. P107. P634. P645. P637. P344. P306. P635. P645. P645. P341. P471. P472.
[2] «བོད་རྒྱ་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད།» གཙོ་སྒྲིག་པ་འོ་ཚང་ཚོགས་ཆེན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས༡པོ་བཏབ། P675
[4] «༄༅།།གཙང་སྟོད་ཟིན་ཐིག་དང་ཡང་ཐིག།» མི་རིགས་དཔེ་སྐྲུན་ཁང་། གཙང་སྟོད་དར་མ་མགོན་པོ། ༢༠༠༦ལོའི་ཟླ༧པར་པེ་ཅིན་དུ་པར་ཐེངས༡པོ་བཏབ། P262.
[17] «༄༅།།གསོ་དཔྱད་རྒྱལ་བོའི་དཀོར་མཛོད་བཞུགས་སོ། །» རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོའི་ཟླ༤པར་པར་ཐེངས་གཉིས་པ་དཔར། P76.
[24] «༄༅།།གླིང་སྨན་པའི་རྒྱུད་བཞིའི་དཀའ་འགྲེལ།» མི་རིགས་དཔེ་སྐྲུན་ཁང་། གཙང་སྟོད་དར་མ་མགོན་པོ། ༢༠༠༧ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P510.
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།