ས་དམར་གྲགས་པའི་སྙན་དེབ«སྐར་མའི་ས་ཁྲ»སྒོར་ཐོན་པ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-30 08:45:57
ཀློག་གྲངས།:
ཉེ་ཆར། བོད་ཀྱི་སྐད་གཉིས་རྩོམ་པ་པོ་ས་དམར་གྲགས་པ་ལགས་ཀྱིས་བརྩམས་པའི་སྙན་དེབ་གསར་པ«སྐར་མའི་ས་ཁྲ»ཞེས་པ་བོད་ཀྱི་དེང་རབས་གསར་རྩོམ་གཅེས་བཏུས་དཔེ་ཚོགས་ཁག་དང་པོ་ལས་སྙན་ངག་སྐོར་གྱི་དཔེ་ཚོགས་ཁྲོད་བདམས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་འདུག

སྙན་དེབ«སྐར་མའི་ས་ཁྲ»རུ་འབོད་པ་འདི་སྙན་ངག༡༨༦གིས་གྲུབ་པ་དང། ཏག་ཏག་མི་ལོ་བདུན་ལ་བྲིས་པ་ཡིན། མི་ལོ་བདུན་ལ་གར་སོང་སེམས་ཀྱི་ངལ་བ་ཚིག་གིས་གསོས་པའི་རྟེན་འབྲེལ་དང་། རྐང་མཐིལ་དུ་བཏབས་པའི་ས་ཁྲ་རབ་རིབ་ཅིག་སྣང་བའི་མཁའ་རུ་བཀྲམ་པ་ཡིན་ཡང་སྲིད། མི་ལོ་བདུན་ལ་མིང་དང་ཚིག་གི་རྒྱུ་སྤུན་བསྡེབས་ཤིང་སྣམ་བུ་ཆུ་ལ་སྦངས་འདྲའི་སྲ་ཞིང་མཁྲེགས་པའི་སྙན་ངག་གི་ཁང་སྟོང་ཞིག་བསྐྲུན་པའི་དགེ་བ་ཡིན་ཟེར་ན་ཐལ་ཆེ་ཡང་། ཟས་ཀྱི་རིན་དོད་ཙམ་དུའམ། གསོན་པའི་དབུགས་རྒྱུན་མ་ཆད་པའི་བསོད་བདེ་ཙམ་མཚོན་བྱེད་ཡིན་ཟེར་ན་ཅིས་མི་ཆོག་ཨང་། བཀྲ་ཤིས་བདེ་ལེགས།
འོད་འཚེར་བའི་ཐ་སྙད།
རྨོག་རུ་ཤེས་རབ་རྡོ་རྗེ།
ང་རང་ས་དམར་གྲགས་པའི་སྙན་ངག་གི་ས་ཁྲ་ལ་བརྟེན་ཏེ་བོད་ཀྱི་ལུང་བ་སོ་སོའི་ས་ཆུའི་ཁམས་དང་རིག་གནས་ལོ་རྒྱུས་ཀྱི་དྲན་པ་འདྲེན་པའི་ཚིག་གི་འཇིག་རྟེན་དེ་ལས་ཕྱིར་སད་ཙམ་བྱུང་། ས་དམར་གྲགས་པའི་སྙན་ངག་ནི་ལུས་སེམས་གཉིས་ཀྱིས་བྲིས་པ་ཞིག་ཡིན་པའི་ངེས་ཤེས་ཀྱང་རྙེད། ས་དམར་གྲགས་པ་ནི་གོམ་པ་གར་སྤོས་སར་སྙན་ངག་གི་རྟགས་ཤིག་རྒྱག་པར་སྤྲོ་བ་ཞིག་དང་ཐོས་པའི་གཏམ་དང་མཐོང་བའི་དོན་ཀུན་ཡང་སྙན་ངག་གིས་བཞེངས་པར་བྱང་བ་ཞིག་རེད། ལྷག་པར་སྙན་ངག་གི་དབྱངས་རྟ་ལ་དང་དོད་ཆེ་བས་ཚེག་བར་དྲུག་མའི་མཛའ་གཞས་ཀྱི་དབྱངས་འགྲོས་ཀྱིས་རྒྱན་པའི་སྙན་ངག་མང་དུ་འདུག ས་དམར་གྲགས་པས་སྐར་ཚོགས་ཀྱིས་ཡོངས་སུ་ཁེངས་པའི་བོད་ཡུལ་གྱི་ལུང་པ་སོ་སོར་སྙན་ངག་གི་སྐར་མའི་ཕྲ་རྒྱན་གསར་བཟོ་བྱས་ཡོད་པ་དང་ལོ་རྒྱུས་ཀྱི་དྲན་པ་རུམ་པའི་ཚིག་གྲུབ་ཀྱི་སྦྱོར་བས་སླར་ཡང་སེམས་པའི་རྨ་ཁ་དག་ཡང་སོས་བྱེད་ལ་རྨ་ཁའི་གཏིང་ཇེ་ཟབ་ཏུའང་གཏོང་།
ང་ལ་བཞག་པའི་བག་ཆགས་ལྟར་ན། ས་དམར་གྲགས་པ་ནི་སྙན་ངག་གི་ལམ་ཡིག་ཁྱེར་ཏེ་གྲོགས་པོ་བསྒྲིགས་པར་དགའ་བ་དང་དགའ་སྡུག་གང་གི་དུས་སུའང་སྙན་ངག་དང་ཁ་མི་འབྲལ་བ་ཞིག ད་དུང་ངག་བདེ་ལ་གླུ་སྣ་ཚོགས་ལེན་པར་སྤྲོ་བ་ཞིག བདུད་རྩི་ཆང་གི་རོ་བཅུད་ལའང་ཐུགས་དགྱེས་པ་ཞིག་ཡོད་ལ་འཇིག་རྟེན་གྱི་དགའ་སྟོན་རོལ་བར་ལྷག་ཏུ་བརྩོན་པ་དང་དུས་ཚོད་འཕུད་ཐུབ་མཁན་ཞིག་ཀྱང་མིན་ནམ་སྙམ། འོན་ཀྱང་ངེད་གཉིས་ཐོག་མར་ཅི་ལྟར་ངོ་ཤེས་པ་བརྗེད་ངེས་རྐུན་པོས་ཁྱེར་ཏེ་དྲན་རྒྱུ་མི་འདུག་ལ། ངེད་གཉིས་ཐེངས་ག་ཚོད་ལ་ཐུག་པའང་གཏིང་ནས་བརྗེད་ཟིན། ཐེངས་མ་གཅིག་གམ་གཉིས། གསུམ་དང་བཞི།

ལོ་འདི་ཚོར་ས་དམར་གྲགས་པ་ནི་ཤོག་བུའི་འཇིག་རྟེན་དང་དྲ་བའི་འཇིག་རྟེན་གང་ཡིན་དུ་མཐོང་གྲངས་མང་ལ་སྙན་ངག་གསར་རྩོམ་ལ་དབྱིངས་ཞུགས་ནས་འགྲོ་འཆག་ཉལ་འདུག་ཀུན་སྙན་ངག་དང་མ་བྲལ་བ་ཞིག་ཡོད་པ་འདྲ། མ་ཟད་སྙན་ངག་ལ་བརྟེན་ནས་སྙན་གྲགས་ཀྱི་བྲག་ཅ་རྙེད་པ་དང་རྒྱུ་ནོར་ཕྲན་བུའང་བསྒྲུབ་ཐུབ་ཀྱིན་ཡོད་པ་འདྲ། འཚོ་བ་ཡོད་པས་སྲོག་དང་སྲོག་ཡོད་པས་སྙན་ངག་ཀྱང་ཡོད་པའོ། །
ས་དམར་གྲགས་པའི་སྙན་ངག་ནི་ལུང་པ་ཆུང་ཆུང་ས་དམར་ནས་ཆེན་པོ་གངས་རིའི་ལྗོངས་དང་གཞན་ཡང་གྲོང་དང་གྲོང་ཁྱེར་ཀུན་ལ་ཨ་སྔོན་དགུང་གི་སྐར་མ་བཞིན་འཚེར་གྱིན་པའི་དུས་འདིར། འཚོ་བ་དང་སྙན་ངག་གང་གི་ཐད་ནས་ཡིན་ཡང་ངས་ནི་ས་དམར་གྲགས་པ།གྲགས་པ་རྒྱ་མཚོ་ཁྱོད་སྙན་ངག་པ་རེད་བསམ་ཡོད། འཚོ་བ་ནི་ལྟོས་བཅས་ཀྱིས་སྒྱུ་རྩལ་དང་རང་དབང་ལ་ཉེ་བ་ཞིག་དང་སྙན་ངག་ཀྱང་ཚིག་གྲུབ་བཙན་བསྒྲུགས་ཀྱིས་རང་གི་སེམས་སྒྲ་དང་བར་ཐག་གིས་བརྒྱངས་པ་ཞིག་མ་ཡིན་པར་འཚོ་བའི་སྲོག་ཏུ་གྱུར་བ་ཞིགསྤྱིར་ན་འདི་ནས་ས་དམར་གྲགས་པའི་སྙན་ངག་བྱེ་བྲག་ཅིག་ལུག་བཤའ་བཤའ་བྱས་ཏེ་ཐ་སྙད་ཀྱི་ལྷུ་ཚུགས་མ་ལུས་གཏོར་ཏེ་ཤ་བཤུས་རུས་བཤུས་ཚར་རྗེས་ཕྲད་དང་རྣམ་དབྱེ་ཡིས་སླར་ཡང་ཡོས་ཡོས་དང་རྒྱུ་མ་རྒྱུ་མ། ཤ་ཤ་དང་རུས་པ་རུས་པ། རྐང་བ་རྐང་བ་དང་ལག་པ་ལག་པ། འཚིང་ར་དང་བྲང་སོགས་རེ་རེ་བཞིན་གྲ་དག་པོར་བཙོ་བེ་ལེན་དང་ཚོས་ཟིན་པ་དག་བཟའ་བེ་ལེན་བྱས་ཚེ་ཀློག་མཁན་ཁ་ཤས་ཀྱི་ཁམས་དང་ཧ་ཅང་འཕྲོད་སྲིད། སྙན་ངག་ལ་མཁས་པའི་ཉམས་ཤིག་ཀྱང་ཡོད་པ་འདྲ་མོད། ལས་དེ་ངས་ཚེགས་དང་ཀླད་པ་གཉིས་ཀྱིས་མ་འཁྱོངས་པར་ཀློག་མཁན་ཁྱོད་རང་ལ་བསྐྱུར་བ་ཡིན།
བཤད་ཚུལ་ཅིག་ལ་སྙན་ངག་ལས་སྙན་ངག་པ་མང་བ་དང་སྙན་ངག་ཀློག་མཁན་ལས་ཀྱང་སྙན་ངག་པ་མང་ཟེར་ཡང་། དེ་ནི་ཕུགས་མེད་པའི་སྐད་ཆ་ལྟར་སྣང་བ་ཞིག་སྟེ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་ད་ལྟའི་བར་བལྟས་ན་ལོ་རབས་རེ་རེར་མཚན་གྱིས་སྐད་གསང་མཐོན་པོས་འཛིན་ཆོག་པའི་སྙན་ངག་པ་ནི་ཁ་ཤས་ལས་སྐྱེས་མྱོང་མེད་པ་ཀུན་ལ་གསལ། དུས་སྐབས་ཤིག་གི་རིང་སྙན་ངག་ཁ་ཤས་འབྲི་བ་དེ་ནི་མི་ཞིག་གི་གནས་སྐབས་ཀྱི་འཚོ་བའི་དགོས་པ་ཞིག་ལས་དོན་དམ་གྱི་སྙན་ངག་པ་ནི་མ་ཡིན་ནོ། །དེ་ལ་མི་ཀུན་སྙན་ངག་པ་ཡིན་ཡང་སྙན་ངག་དམ་པས་འཚོ་བ་ནི་དཀོན་ཞེས་ཀྱང་སྨྲའོ། །
གལ་ཏེ་ཁྱོད་ཀྱི་ལག་ལ་སྐར་མའི་ས་ཁྲ་ཞེས་པའི་སྙན་དེབ་འདི་རེག་ཅིང་ཁོམ་པ་ཡོད་ཚེ་སྙན་ངག«སྡིག་བཤགས»དང«ལྷོ་བྲག་ཤར་ཆུ་ནུབ་ཆུ»ལྟ་བུ་རེ་གཉིས་ཀློགས་དང་། དེ་ཡིས་ཁྱོད་ལ་དེབ་ཧྲིལ་བོ་ཚར་གཅིག་བཀླག་པའི་འདོད་པ་སློང་ངེས། གལ་ཏེ་ཁྱོད་རང་བྲེལ་བ་ཧ་ཅང་ཆེ་ཚེ་འགྲོ་ཞོར་འདུར་ཞོར་ཏུ་དེབ་ཁ་ཕྱེས་ཏེ་ཕར་སློག་ཚུར་སློག་ཅིག་བྱོས་དང་གནའ་བོའི་མཛའ་གཞས་དྲུག་ཚིག་མ་ཞིག་གིས་ཡིད་སེམས་དྲངས་ཏེ་དེབ་ཧྲིལ་བོ་མི་ཀློག་པའི་ངེས་པའང་མེད། སྐད་ཆ་ཉུང་ཉུང་འདི་ཁྱོད་དང་ཁྱོད་ཀྱི་སྙན་ངག་ཀློག་པའི་ཡི་ག་འདྲེན་བྱེད་ཀྱི་བདུད་རྩི་ཕོར་བ་གང་དུ་འགྱུར་ན་ཅི་མ་རུང་སྙམ་ཡོད། ཁ་བྲོ། བཀྲ་ཤིས།
༢༠༢༣ལོའི་སྤྱི་ཟླ༡༡པའི་ཚེས༢༧ཉིན།

རི་མོ་མཁན་དགའ་བ་དགྲ་འདུལ།
མཇུག་བྱང་།
ས་དམར་གྲགས་པ།
ལོ་འདི་གར། ང་རང་དྭངས་དྭངས་ལ་བསྡད་པ་ཡིན། སྤྱིར་སྨྱོ་ན་འདོད། སྨྱོན་པ་ངོ་མ་ཞིག་ལ་འབད་ཀྱང་སྨྱོན་པ་ཆགས་མ་སོང་། ལོ་བདུན་གྱི་རིང་ལ་རྗེ་མི་ལའི«རྣལ་འབྱོར་སྨྱོ་བའི་མགུར»ཐེངས་གང་མང་ལ་བཀླགས་པ་ཡིན། སྨྱོན་པ་ལྟ་བུའི་སེམས་པ་ཞིག་སྨྱོ་ན་འདོད་ཀྱང་སྨྱོ་མ་སོང་། མི་ལོ་བདུན་ཟེར་ན་དུས་ཚོད་རིང་པོ་ཞིག་མ་རེད། ཡང་ཕྱིར་བལྟས་བྱས་ན་རིང་པོ་ཞིག་ཀྱང་རེད་འདུག ནད་བྱུང་། དམག་འཁྲུག ས་འགུལ། དམ་པ་དུ་མ་ཚེ་ལས་འདས། ད་དུང་མཚམས་བཞག་མེད་པའི་འཁོར་བའི་ལས་ཀྱི་སྡུག་བསྔལ་འདི་དག་ལོ་བདུན་གྱི་རིང་ལ་ཚར་མ་སོང་། ང་ཁོ་ན་བདེ་རྒྱུ་སྐྱིད་རྒྱུ་ཞིག་ལ་བལྟས་མེད་པའི་ཕྱིར། ལོ་བདུན་རིང་དྭངས་དྭངས་ལ་འདུག་དགོས་སོང་། དེ་ན་ང་ལ་སྨྱོ་བའི་སྨོན་ལམ་ད་ལྟ་ཕོག་མི་འདུག་པས། མ་སྨྱོ་སྨྱོ་ཚུལ་ཅན་དག་དང་རྒྱང་དུ་འགྲོ། གང་དུ་འགྲོ་ཨང་། རྫུན་གྱིས་སྨྱོ་བ་ནི་དོན་མཐའ་མ་འཁྱོངས་པའི་སེམས་མཐའ་འཁོབ་ཅན་དག་གི་ལ་རྒྱ་ལྟ་བུའི་སྨྱོ་ཚུལ་ལ་ཡིད་མི་རངས་པས་སོ། །སྣང་བ་སྨྱོན་པ། ཤེས་རབ་སྨྱོན་པ། རིག་པས་ཅི་བྱེད་དམ། ཀྱེ། ཐུགས་རྗེ་ཆེ། ངས་ཁྱེད་ཅག་ལ་གླུ་ཞིག་ལེན། ཡར་གན་ན་སུ་ཞིག་འདུག་ཅི་ཡང་མི་འདུག །ང་ཨེ་འདུག་ང་མི་འདུག་པ་མཐོང་སོང་ངམ། །སེམས་ནང་ན་འོད་ཨེ་འདུག་ཕྱི་ལ་ཤོར་བ་མ་མཐོང་། །ད་དེ་མཐོང་བས་ཅི་བྱེད་མེད་མེད་པོ་མེད་དོ། །མིག་སྨྱོན་པ། རྣ་སྨྱོན་པ། ཁ་སྨྱོན་པ། སྣ་སྨྱོན་པ། ལྕེ་སྨྱོན་པ། སེམས་སྨྱོན་པ་བདག་མེད་ཀྱི་འཁོར་བ། ལས་བཟང་བ་བདག་ཡོད་ཀྱི་ང་ད་དུང་འཁོར་བར་ཡོད་པས། ནས་དཀར་དྲུག་མ་ཞིག་གི་དགེ་བ་ངས་མ་འཁྱོངས་པར་འདོད། ལམ་ཕྱེད་གངས་དང་ལམ་ཕྱེད་ཕ་ཡུལ་ཡིན་པའི་ཡུལ་འདི་ནས། རང་གི་ངག་གིས་གཞན་ལ་བསྔོ་བ་བྱས། གཞན་གྱི་ཚིག་རང་གི་སེམས་ལ་འཛིན་ཅི་ཐུབ་བྱས། དེ་ལྟ་ནའང་། ང་ད་དུང་སྨྱོ་མི་འདུག་པས། ཚེ་རབས་ལས་ཀྱི་དགེ་བ། །གངས་ཀྱི་འོབས་སུ་སྦས་ནས། །དྲན་པ་ཕར་ལ་གཏད་ན། །མཐོང་རྒྱུ་ཞིག་ཀྱང་འདུག་ག །
ངའི་སྙན་དེབ«གཡོས་ཁང་གི་མདོ»ཁྱེད་ཅག་གི་མིག་ནང་དུ་བཏབས་ནས་མི་ལོ་བདུན་འགོར་འདུག མེ་ཏོག་བཞད་འདུག་གམ། རླུང་ནག་འཚུབ་བྱུང་ངམ། ཁྱེད་ཅག་སྐུ་ཚེ་རིང་། ཀློག་པ་བོ། བློ་བདེ་བར་གྱིས་ཤིག ད་རེའི་སྙན་དེབ«སྐར་མའི་ས་ཁྲ»ཞེས་པ་འདི་ལ་དོན་ཆེན་པོ་ཞིག་འདི་རེད་ཟེར་རྒྱུ་མེད། འོན་ཀྱང་། ཚིག་དང་ཚིག་གི་རལ་བ་བསླས་པའི་ངག་གི་གཙང་བོ་འདི་བཞེས་གནང་རོགས་ཞུ་དགོས་སོང་། ཀློག་པ་བོ། མི་ལོ་བདུན་རིང་ངས་སྙན་ངག་མཚམས་མེད་པར་བྲིས། བྲིས་ཤིང་བྲིས་ཟིན་པ་འདི་དག་གིས་ང་ལ་འཚོ་བ་དང་བདེན་པ་མཉམ་གནས་ཀྱི་སྣང་བ་བསྟར། དགེ་བ་བསྐྲུན། ཤེས་རབ་མ་འཆལ་བ་བྱས། དེ་ན་ངའི་སྙན་ངག་འདི་དག་རྣམ་དཀར་དགེ་བའི་ལས་ཀྱི་ཆ་ཞིག་ཏུ་འདོད་ནས་ཁྱེད་ཅག་ལ་འབུལ་ལོ། །
བཀྲ་ཤིས་བདེ་ལེགས།
2024.9.6ཉིན་དབུས་སུ་གྲུབ།
2024.9.6ཉིན་དབུས་སུ་གྲུབ།
རྩོམ་པ་པོ་ངོ་སྤྲོད།

ས་དམར་གྲགས་པ། ས་དམར་གྲགས་པའམ་གྲགས་པ་རྒྱ་མཚོ། མིང་གཞན་གཡག་རྭ། ལོ་རབས་བརྒྱད་བཅུའི་ནང་ཅོ་ནེ་ས་དམར་དུ་སྐྱེས། རྩོམ་རིག་གི་བྱས་འབྲས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་སྙན་ངག་གཙོ་བོས་བརྩམས་ཆོས་བརྒྱ་ཕྲག་འགའ་བཀོད། སྔ་རྗེས་སུ༢༠༠༩ལོར་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་། ༢༠༡༧ལོར་རྒྱལ་ཡོངས་སྐབས་དང་པོའི«ཐུ་བྷོད་སྙན་ངག་མཁན་པོའི»མཚན་སྙན་བྱ་དགའ་དང་། ༢༠༢༠ལོར༢༠༢༠ལོའི་དབྱི་ཐ་ལིའི“རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ”དང་། ༢༠༢༡ལོར་སྐབས་དགུ་བའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་དང་། ༢༠༢༣ལོར་སྐབས་བཅུ་བའི་དབྱི་ཐ་ལིའི་རྒྱལ་སྤྱིའི་ཨ་པོ་ལའོ•ཏིའོ་ཉོ་སོས་སྙན་ངག་བྱ་དགའ་སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ«སེམས་ཚེགས»དང་། སྙན་ངག་དེབ«གཡོས་ཁང་གི་མདོ»དང་། རྒྱ་ཡིག་གི་སྙན་ངག་དེབ«རང་ཁྱིམ་གསལ་བྱེད་ཀྱི་མིང་ཐོ»དང་། དབྱི་ཐ་ལིའི་སྐད་ཀྱི་སྙན་ངག་དེབ«སྐྱེ་བ་བོད»སོགས་དེབ་དགུ་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་སྐད་དང་། དབྱི་ཐ་ལིའི་སྐད། སི་ཕེན་གྱི་སྐད་སོགས་ཡིག་རིགས་བདུན་ལ་བསྒྱུར་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号