བསེ་ཚང་གི་རིག་གཞུང་གྲུབ་འབྲས་ཞིབ་འཇུག་བགྲོ་གླེང་བྱེད་སྒོ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-09-03 08:26:10 ཀློག་གྲངས།:
ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བ་དང་སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་གྲུབ་འབྲས་ལ་ཞིབ་འཇུག་བགྲོ་གླེང་བྱེད་པའི་བྱེད་སྒོ་ལན་ཇུ་རུ་སྤེལ།
 
       ཟླ8པའི་ཚེས28ཉིན། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བའམ་སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་གྲུབ་འབྲས་ལ་ཞིབ་འཇུག་བགྲོ་གླེང་བྱེད་པའི་བྱེད་སྒོ་ལན་ཇུ་རུ་སྤེལ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཆེད་མཁས46གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བ་ལ་དམིགས་ཤིང་། སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་གི་གྲུབ་འབྲས་དང་དགོངས་པ་རྒྱུན་འཛིན་ཐད་ཞིབ་འཇུག་དང་བགྲོ་གླེང་བྱས་ཏེ། མི་རིགས་ཀྱི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་དང་། ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཟུར་པའམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་གྲོས་ཚོགས་སུ་ཞུགས་ནས་བརྗོད་དོན་གཏམ་བཤད་གནང་། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧྲུའུ་ཅེ་གྲོས་ཚོགས་སུ་ཞུགས་ནས་ཤིས་ཚིག་ཕུལ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་དབྱང་ཧྲི་ཧུང་གིས་མཛད་སྒོའི་མགོ་བཟུང་།
       ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧྲུའུ་ཅེ་ཡི་ཤིས་ཚིག་ཁྲོད་ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་བྱེད་སྒོའི་དམིགས་ཡུལ་ནི་ཀན་སུའུ་ཡི་མི་རིགས་ཀྱི་བྱ་བའི་དོན་དངོས་ལ་རྐང་ཚུགས་ནས། སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་གྲུབ་འབྲས་ཁྲོད་དུ་ཡོད་པའི“ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས”ཀྱི་གཞི་རྒྱུ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རང་རེའི་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་ཀྱི་གཞུང་ལུགས་མ་ལག་འཛུགས་པའི་གསར་གཏོད་ཀྱི་ཉམས་མྱོང་མཉམ་དུ་འཚོལ་ཞིབ་བྱེད་བཞིན། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་གྱི་ཐབས་ལམ་བརྗེ་རེས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རིག་གཞུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན།
       དགེ་རྒན་ཆེན་མོ་རྡོར་ཕྲུག་གིས་སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ་ངོ་སྤྲོད་བྱས་དོན། སློབ་དཔོན་ཆེན་མོ་བསེ་ཚང་གི་སྐུ་ཚེ་གང་བོར་རྩོམ་འབྲིའི་མཚམས་མ་ཆད་ལ། བོད་རིག་པ་ཞིབ་འཇུག་གི་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། «བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ཚིག་འགྲེལ»སོགས་རིག་གཞུང་དཔྱད་རྩོམ30ལྷག་འགྲེམ་སྤེལ་བྱས་ཡོད་ལ། «ཚངས་སྲས་བཞད་པའི་སྒྲ་དབྱངས»དང«རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་བཞག»སོགས་བརྩམས་ཆོས་དེབ11སྤེལ་ཡོད། «ཚངས་སྲས་བཞད་པའི་སྒྲ་དབྱངས»ཀྱིས་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པས་བྱ་དགའ་ལན་མང་པོ་ཐོབ་ཡོད་པ་མ་ཟད། ད་དུང་སློབ་གྲྭ་ཆེན་མོ་མང་པོ་ཞིག་གིས་བོད་སྐད་ཡིག་ཆེད་ལས་ཀྱི་བསླབ་དེབ་ཀྱི་གྲས་སུ་བཞག་ཡོད། སྤྱི་ཚོགས་ལ་བཞག་པའི་མཛད་རྗེས་ཐད་དུ། ཁོང་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གསར་དུ་འཛུགས་མཁན་གྱི་གྲས་ཡིན་ལ། ཁོང་གིས་དཀའ་ཁག་ཆེ་བའི་སློབ་མ་ཐུགས་སུ་བཟུང་ནས་སློབ་ཞུགས་རོགས་དངུལ་གྱི་ཐེབས་རྩ་མང་པོ་བཙུགས་ཏེ་མི་རིགས་སོ་སོའི་སློབ་མ་སྟོང་ཕྲག་ལྷག་ལ་རོགས་སྐྱོར་བྱས་ནས་སློབ་མཐར་ཕྱིན། སློབ་དཔོན་ཆེན་མོ་བསེ་ཚང་གི་སྐུ་ཚེ་གང་བོའི་རྒྱལ་གཅེས་ཆོས་གཅེས་དང་། སྙིང་སྟོབས་དང་རིག་གཞུང་ཤུལ་བཞག་ནི་དུས་ནམ་ཡང་རྒྱུན་འཛིན་དང་དར་སྤེལ་གཏང་འོས་ལ། ཁོང་ནི་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཡིན་པས། སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཀན་སུའུ་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེའི་གཟེངས་བསྟོད་ཐེངས་གཉིས་ཐོབ།
       དོན་གྲུབ་དབང་འབུམ་གྱིས«མཁས་པའི་དབང་པོ། རྩ་ཆེའི་ཤུལ་བཞག་སྟེ། ངས་སློབ་དཔོན་ཆེན་མོ་བསེ་ཚང་གི་བྱས་རྗེས་ལ་རྒྱུས་ལོན་བྱས་པ»ཞེས་པ་ཁ་བྱང་བྱས་ཏེ་གཏམ་བཤད། ཁོས་རིག་གཞུང་དང་སྤྱི་ཚོགས་ཀྱི་རིན་ཐང་སོགས་ཕྱོགས་མང་པོའི་ཐད་ནས་སློབ་དཔོན་ཆེན་མོ་བསེ་ཚང་གིས་མི་རིགས་ས་ཁུལ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་རིག་གཞུང་གི་ལེགས་སྐྱེས་གལ་ཆེན་ལ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས།
       བློ་བཟང་ལྷུན་གྲུབ་རྡོ་རྗེ་ཡིས«རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་མཚོན་དང་སློབ་ཁྲིད་མི་སྐྱོང་གི་དཔེ་མཚོན་ཏེ། སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་གྲུབ་འབྲས་ལ་ཕྱིར་དྲན་བྱེད»ཅེས་པ་ཁ་བྱང་བྱས་ནས་གཏམ་བཤད་དེ། དངོས་སུ་མྱོང་རོལ་བྱས་པའི་མཐོང་སྣེ་ནས་སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་བརྒྱུད་རིམ་ལ་གསོན་ཉམས་ལྡན་པའི་སྒོ་ནས་ཕྱིར་དྲན་བྱས།
       ཐེངས་འདིའི་རིག་གཞུང་བརྗེ་རེས་བྱེད་སྒོས་ཁྱོན་བསྡོམས་དཔྱད་རྩོམ20ལྷག་འཚོལ་སྡུད་བྱས་ཤིང་། ཆེད་མཁས་དང་མཁས་དབང་སོ་སོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པའི་རྒྱུན་བསྐྱངས་ཏེ་གཏམ་བཤད་པ་རིགས་པའི་གཞུང་ལུགས་ཀྱི་ཚད་མཐོ་ལ་གསོན་ཉམས་ལྡན་པའི་ལག་ལེན་གཉིས་ལྡན་པས་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པར་སྔར་ལས་བསྐུལ་བ་དང་མི་རིགས་ཀྱི་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་རིག་ལམ་རྩ་ཆེན་འདོན་སྤྲོད་བྱས།
       ཚོགས་ཞུགས་འཐུས་མི་དག་གིས་མགྲིན་གཅིག་ཏུ་ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་གིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཐད་དུ་རིག་ལམ་གསར་བ་བཏོད་ཅིང་ཁ་ཕྱོགས་གསར་བ་རྒྱ་བསྐྱེད་པ་དང་། མ་འོངས་པར། སློབ་གསོའི་ལས་རིགས་ཀྱིས་མུ་མཐུད་དུ་འཚོལ་ཞིབ་ལ་ཤུགས་བསྣན་ནས། སློབ་དཔོན་ཆེན་མོ་བསེ་ཚང་གི་རིག་གཞུང་བསམ་བློ་དེ་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བའི་ཞིབ་འཇུག་དང་ཟུང་འབྲེལ་ཡོང་བར་བྱེད་པ་དང་། རིག་གཞུང་གི་གྲུབ་འབྲས་བརྟན་དུ་བཏང་སྟེ་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རོགས་རམ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་དེ་རིག་གཞུང་རྒྱུད་འཛིན་དང་ལག་ལེན་བྱེད་པའི་ཁྲོད་དུ་མུ་མཐུད་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འབྱུང་པར་བློ་རིག་དང་སྟོབས་ཤུགས་སྔར་བས་མང་པོ་དབུལ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།