འཆི་མེད་ཀྱི་སྙན་ངག

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-04 07:58:07 ཀློག་གྲངས།:
ཨ་ཅེ་སྣང་ས།
འཆི་མེད།
 
ཆར་བ་ཟམ་ཟིམ་འབབ་ཀྱིན་པའི་དོ་ནུབ།
ཨ་དཀར་ལོ་མའི་སྟེང་ལ་ཟགས་པའི་ཤག་སྒྲ་དེས།
ཨ་ཅེ་སྣང་ས་ཁྱེད་རང་ཤིན་ཏུ་དྲན་པར་བྱེད།
ཁྱེད་རང་ཤིན་ཏུ་དྲན་པས་མཆི་མ་ཁོག་ལ་མིད་ཀྱིན།
རྒྱང་རིང་གི་ནག་ཡོར་ཡོར་གྱི་རི་ཚོགས་ལ།
ད་དུང་ཡང་ཅེར་ནས་ཡོད།

ཁྱེད་ཀྱི་ས་བོན་ཐེབས་པའི་ང་ཚོས།
རྨི་ལམ་དེའི་གོ་རིམ་དང་མཛེས་སྡུག་ལ་ཡིད་ཆེས་ཀྱིས།
ཉེས་པ་དང་ཕམ་ཁ་རེས་མོས་སུ་ཁུར་བའི་སེམས་པ་མང་པོ།
ཁྱེད་ལ་བཅོལ་ནས་ཡུན་རིང་འགོར།

ཡིན་ནའང་། ཨ་ཅེ་སྣང་ས།
ང་ཚོ་སྐྱོབ་མཁན་རང་ཉིད་ལས་མེད་པ་ཤེས་བཞིན་དུ།
ཁྱེད་ཁོ་ནས་ཟག་མེད་བདེ་བའི་ལམ་བུ་དེ་འཚོལ་ན།
ང་ཚོས་ཆེས་ཐོག་མའི་ཁ་དན་དེ་སུ་ཡིས་སྐྱོང་།

ཐོས་ཨེ་བྱུང་། ཨ་ཅེ་སྣང་ས་ལགས།
སྐྱོབ་ཐབས་བྲལ་བའི་སྤུན་ཆུང་མ་གང་མང་ཞིག་གིས།
འཚོ་བ་རྣལ་མ་དེའི་ཚོད་བགམ་མི་ཐེག་པས།
ཐ་ན། རང་ཉིད་ཀྱི་བླ་ཡང་བཙོང་ནས་ཐལ།

ཨ་ཅེ་སྣང་ས། ཡུལ་འདི་ན་གོམ་པ་སྤོ་སའི་གནས་ཤིག་ཡེ་ནས་མེད།
ཨ་ཅེ་སྣང་ས། ངས་འཇིག་རྟེན་འཇིག་རྟེན་དུ་མཐོང་བས་ཁྱེད་ལ་ངན་ཁག་མི་དཀྲི་ཞིང་།
འཚོ་བ་འཚོ་བར་ཤེས་པས་ཁྱེད་ལ་ལེ་བདའ་ཡང་མི་བྱེད།
ཨ་ཅེ་ལགས། ང་ལ་ཕྱིར་མིག་ཐེངས་ཤིག་གནོངས་དང་།

༢༠༠༩ལོའི་ཟླ༥པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།