ངོས་དང་པོ > མི་སྣ། > སྔོན་བྱོན་མཁས་དབང་། > ༄༅། །རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་བྱུང་བ་དང་འབྲེལ་ཡོད་གནད་དོན་གླེང་བ།
༄༅། །རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་བྱུང་བ་དང་འབྲེལ་ཡོད་གནད་དོན་གླེང་བ།
རྩོམ་པ་པོ།:བྱ་ཉ་བློ་བཟང་ཚུལ་ཁྲིམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-13 08:34:31
ཀློག་གྲངས།:
༄༅། །རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་བྱུང་བ་དང་དེར་འབྲེལ་གྱི་གནད་དོན་འགའ་ཞིག་ལ་དཔྱད་པ།
བྱ་ཉ་བློ་བཟང་ཚུལ་ཁྲིམས།
[ནང་དོན་གནད་བསྡུས།] རྨ་དགེ་བའི་བློ་གྲོས་ནི་བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་ནང་མཛད་རྗེས་ཕུལ་དུ་བྱུང་བ་ཞིག་ཡིན་ཡང་དེའི་ལོ་རྒྱུས་ཞིབ་ཕྲ་རྙེད་དཀའ། འདིའི་ནང་དུ་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས་ལ་རྒྱུས་ལོན་གང་ནུས་བྱ་རྒྱུ་ཡིན། འབྲེལ་ཡོད་ཆོས་འབྱུང་དང་རྣམ་ཐར་དང་འགྱུར་བྱང་ཁག་སོགས་ལ་བརྟག་ན་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ནི་ལོ་ཆེན་རིན་བཟང་ཁ་ཆེ་རུ་ཕེབས་དུས་རོགས་སུ་ཁྲིད་པའི་རིག་པ་ཅན་གྱི་ཁྱེའུ་ལྔ་ལས་གཉིས་གྲོངས་ནས་གསུམ་ལུས་པའི་གྲས་ཀྱི་གཅིག་ཡིན། འཁྲུངས་གཤེགས་ཀྱི་ལོ་ཚིགས་གསལ་པོར་ཤེས་དཀའ་ཡང་རགས་པའི་ཚོད་རྩིས་བྱས་ན་སྤྱི་ལོ(997)ཡས་མས་ལ་འཁྲུངས་ནས་སྤྱི་ལོ(1070)ཡས་མས་ཤིག་ལ་གཤེགས་སམ་སྙམ་པ་ཡོད། ཁོང་གིས«རྣམ་འགྲེལ»དང་དེའི«རང་འགྲེལ།» «ལྷ་དབང་བློའི་འགྲེལ་པ།» ཤཱཀྱ་བློའི«འགྲེལ་བཤད།» «རྩོད་པའི་རིགས་པ»བཅས་ཚད་མའི་གཞུང་ཆེན་ལྔ་བོད་དུ་འགྱུར་ཞིང་། ཚད་མ་རྙིང་པའི་འཆད་ཉན་གྱི་སྲོལ་གཏོད། «བྱང་ཆུབ་ལམ་གྱི་སྒྲོན་མ»བོད་འགྱུར་མཛད་དེ་ལམ་རིམ་གྱི་བསྟན་པ་དར་བ་ལ་ཕྱག་རྗེས་བཞག །གཞན་ཡང་ཤེར་ཕྱིན་དང་གསང་སྔགས་འདུལ་བ་སོགས་ཀྱི་གཞུང་མང་པོ་ཞིག་བོད་འགྱུར་མཛད། ཁོང་ལ་བོད་དུ་གཏན་ཁེལ་བྱས་པའི་འབྲོག་ས་དང་། མི་ཁྱིམ་སོགས་ཀྱང་བཀུར་བཟོས་སུ་སྤྲད་པ་དང་། སྔ་ཕྱི་རུ་འོད་ལྡེ་དང་བྱང་ཆུབ་འོད་དང་ཞི་བ་འོད་དང་རྩེ་ལྡེ་བཅས་ཀྱིས་བཀས་བསྐུལ་ནས་གཞུང་བསྒྱུར་བ་ལས་སྐབས་དེའི་མངའ་རིས་ཀྱི་ཆོས་རྒྱལ་དག་དང་འབྲེལ་པ་ཆེན་པོ་ཡོད་པ་ཤེས་ཐུབ། རྨ་དགེ་བློའི་བྱུང་བ་རྒྱས་པ་གང་དུ་ཡང་མི་གསལ་ལ། ཕྱིས་ཀྱི་ཡིག་ཆ་འགར་རྨ་དགེ་བློ་དང་། རྨ་བན་ཆོས་འབར། རྨ་ཆོས་ཀྱི་ཤེས་རབ་གསུམ་ཕན་ཚུན་ནོར་བ་མཐོང་ཡང་དོན་ལ་མི་དེ་གསུམ་ནི་རུས་གཅིག་པའི་མཁས་པ་མི་འདྲ་བ་གསུམ་ཡིན། འདི་ལས་ལོ་ཙཱ་བ་ཁོང་གི་སྐུ་ཚེ་ལོ་རྒྱུས་དང་གསུང་རྩོམ། བོད་ཀྱི་ཚད་མ་རིག་པ་ལ་བཞག་པའི་མཛད་རྗེས་སོགས་རགས་ཙམ་ཞིག་ཤེས་ཐུབ་ཅིང་། ཁོང་གི་སྐོར་ལ་ཕྱིས་ཀྱི་མཁས་པའི་ནོར་འཁྲུལ་འགའ་ཞིག་ཀྱང་བསལ་བར་ནུས་སོ། །
[གནད་ཚིག] རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས། རིན་ཆེན་བཟང་པོ། ཚད་མ། འགྱུར་བྱང་།
དང་པོ། གླེང་སློང་བ།
དེ་ལྟ་ན་ཡང«ཉང་རལ་ཆོས་འབྱུང»ལས། “གོང་གི་ལོ་ཙཱ་བ་དེ་རྣམས་ཀྱིས་དཀའ་བ་ཇི་ལྟར་སྤྱད་པ་དང་བླ་མ་གང་ཡིན་པ་དང་། ཆོས་ཡོན་དུ་གསེར་ཇི་ལྟར་ཕུལ་བ་དང་། བསྒྱུར་བའི་ཡོན་བདག་སུ་ཡིས་བྱས་པ་དང་། རྗེས་འཇུག་གི་སློབ་མ་ཇི་ལྟར་བྱུང་བ་ལ་སོགས་པ་ཡོད་དེ། ཡི་གེ་མང་བར་འགྱུར་བས་མ་བྲིས་སོ། །”[3]ཞེས་གསུངས་པ་ལྟར་སྔ་དུས་སུ་ལོ་ཙཱ་བ་དག་གི་བྱུང་བ་ཅུང་རྒྱས་པ་རེ་ཡོད་པར་སྣང་མོད། ཕྱིས་སུ་ནུབ་པར་གྱུར་རམ་ལོ་ཙཱ་བ་རེ་གཉིས་ཤིག་གི་རྣམ་ཐར་དང་ལམ་ཡིག་ལྟ་བུ་ཅུང་ཟད་རེ་ཡོད་པ་ལས་ཕལ་མོ་ཆེའི་བྱུང་བ་བྲིས་པ་ཉུང་ངུ་ལས་མི་སྣང་ཞིང་ལ་ལ་ནི་འགྱུར་བྱང་དུ་འཁོད་པའི་མཚན་ཙམ་ཞིག་ལུས། རྨ་དགེ་བའི་བློ་གྲོས་ཀྱི་བྱུང་བའང་དེ་ལས་མ་འདས་པས་རྒྱས་པ་ཤེས་དཀའ་མོད། བོད་ཀྱི་རིག་གནས་ལོ་རྒྱུས་སྤྱི་དང་བྱེ་བྲག་ཚད་མའི་སྐོར་ལ་འབྲེལ་ཆེ་བའི་ལོ་ཙཱ་བ་ཁོང་གི་བྱུང་བ་ཤེས་པའི་ཕྱིར་འདིར་ཆོས་འབྱུང་ཁག་དང་བཀའ་བསྟན་གྱི་འགྱུར་བྱང་སོགས་ལ་བརྟག་ཏེ་གང་ནུས་ཤིག་འབྲི་བར་བྱ་ཞིང་ཞོར་དུ་གཞན་གྱི་ནོར་བ་ཞིག་ཀྱང་སེལ་བར་བྱའོ། །
གཉིས་པ། འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ།
ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་མོར་འཆད་པར་མི་ནུས་ཀྱང་རགས་ཙམ་ཞིག་སྐབས་དེའི་འབྲེལ་ཡོད་ལོ་རྒྱུས་མི་སྣ་དག་གི་ལོ་ཚིགས་ལ་བརྟེན་ནས་བཤད་པར་བྱ། དེ་ཡང་གུ་གེ་གྲགས་པ་རྒྱལ་མཚན་གྱི་ལྷ་བླ་མའི་རྣམ་ཐར[4]ལྟར་ནལྷ་བླ་མ་ཡེ་ཤེས་འོད་ནི་མེ་ཕོ་ཁྱིའི་ལོ(986)ལ་སྟོད་མངའ་རིས་སུ་དམ་པའི་ཆོས་དར་བ་བཀའ་བསྩལ། ས་མོ་གླང་གི་ལོ(989)ལ་རབ་ཏུ་བྱུང་། མེ་ཕོ་སྤྲེའུའི་ལོ(996)ལ་མཐོ་གླིང་ལྷ་ཁང་ཆེན་མོ་རྨང་བཏིང་། ཤིང་ཕོ་འབྲུག་གི་ལོ(1004)ལ་རབ་གནས་དང་ཞལ་སྤྲོ་བསྒྲུབས། ས་མོ་ལུག་གི(1019)ལོར་སྐུ་གཤེགས་པར་གསུངས། གུ་གེ་ཁྱི་ཐང་བ་ཛྙ་ན་ཤྲཱིས་མཛད་པའི«ལོ་ཙྪཱ་བ་རིན་ཆེན་བཟང་པོའི་འཁྲུངས་རབ་རྣམ་ཐར་འབྲིང་པོ་ཀ་དཔྱད་རིན་ཆེན་སྒྲོན་མེ»ཞེས་པ་ལས། “བླ་མ་ལོ་ཙྪ་བ་ནི་ཁ་ཆེ་རུ་སློབ་མ་རྣམས་ཀྱི་མགོ་འདྲེན་དང་། ཆོས་ཀྱི་གཞུག་མ་ཞུ་བ་ལ་ལོ་དྲུག་འགོར་རོ། །ལོ་དྲུག་ནས་ལྷ་བཟོ་བ་སུམ་ཅུ་སོ་གཉིས་དང་ཡུལ་དུ་ཕེབས་པས། ལྷ་བླ་མ་ཡེ་ཤེས་འོད་སྙུང་བ་གསན་ནས་མྱུར་དུ་ཞལ་འཇལ་དུ་བྱོན་པས་སྙུང་གཞི་དྲག་པོ་གཅིག་གིས་ཟིན་ནས་ཞལ་མ་མཇལ་ལོ། །”[5]ཞེས་ལོ་ཆེན་རིན་བཟང་རྟིང་རེས་ཁ་ཆེ་ལ་ཕེབས་དུས་ལོ་དྲུག་འགོར་བ་དང་ཚུར་འབྱོར་དུས་ལྷ་བླ་མ་བསྙུངས་ནས་ཞབས་མ་ཟིན་ཙམ་བྱུང་བར་བཤད་པས་ལོ་ཆེན་ཁ་ཆེར་ཐེངས་རྗེས་མར་ཕེབས་དུས་སྤྱི་ལོ(1012)ཙམ་ལ་ཁེལ་ཡོད། དེ་དུས་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་གི་གཅིག་རྨ་དགེ་བློ་ཡིན་པ་ཡང་རྣམ་ཐར་དེར་འཁོད། དེས་ན་སྐབས་དེར་རྨ་ལོ་ཙཱ་བ་དགུང་ལོ་ཇི་ཙམ་མཐོ་ཡང་བཅོ་ལྔ་ལས་མཐོ་བ་མི་སྲིད་པ་རིག་པ་ཅན་གྱི་ཁྱེའུ་ལྔ་ཞེས་ཁྱེའུ་ཞེས་པའི་ཐ་སྙད་སྤྱད་པ་དེས་ཀྱང་ཤེས་ནུས། དེས་ན་སྐབས་དེར་དགུང་ལོ་བཅོ་ལྔ་ཡིན་པའི་ཚོད་དཔག་བྱས་ན་སྤྱི་ལོ(997)ཙམ་ལ་སྐུ་འཁྲུངས་པ་ཡིན། འདས་ལོ་ཇི་བཞིན་འཆད་དཀའ་ཡང«རང་འགྲེལ»དང«ལྷ་དབང་བློའི་འགྲེལ་པ»བསྒྱུར་བ་སྐུལ་བ་པོ་བྱང་ཆུབ་འོད་ཡིན་པ་དང་། «རྩོད་པའི་རིགས་པ»ཡང་ཁོང་གིས་བསྒྱུར་ཞིང་དེའི་འགྱུར་བྱང་དུ། “དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང༌། དཔལ་ལྷ་བཙན་པོ་ཁྲི་བཀྲ་ཤིས་མངའ་བདག་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས་ཀྱི་བཀས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པའོ། །”[6]ཞེས་ལྷ་བཙུན་ཞི་བ་འོད་ཁུ་དབོན་གྱི་བཀས་བསྐུལ་ནས་རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང་མཉམ་དུ་བསྒྱུར་བ་འཁོད་ཡོད། དེས་ན་ཞི་བ་འོད་གཅེན་གཅུང་དང་དེ་གཉིས་ཀྱི་དབོན་པོ་རྩེ་ལྡེའི་སྐུ་དུས་ཙ་ན་བཞུགས་པ་སྨོས་མ་དགོས། འགྱུར་གྱི་རོགས་སུ་ཡོད་པའི་པཎྜི་ཏ་ཛྙཱ་ན་ཤྲཱི་བྷ་དྲ་ཞེས་པ་ནི་ཡེ་ཤེས་དཔལ་བཟང་སྟེ། «སྡེ་བསྟན»ཚད་མ། [ཚེ]འི་ནང་དུ་བཞུགས་པའི«རྣམ་ངེས»ཀྱི་འགྲེལ་པ་དེའི་མཛད་པ་པོ་ཡིན་ལ། དེ་ནི་མངའ་བདག་རྩེ་ལྡེའི་སྐུ་དུས་སུ་བོད་དུ་བཞུགས་པ་ཡང་། ཁྱད་པར་བཤེས་གཉེན་གྱིས་མཛད་པའི«འདུལ་བ་བསྡུས་པ»ཞེས་པའི་འགྱུར་བྱང་དུ། “འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་བསྡུས་པ་རྫོགས་སོ།། །།སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའོ།། །།རྒྱ་གར་གྱིས་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བཻ་ཙ་ན་རཀྵི་ཏས་བསྒྱུར་བའོ། །སླད་ཀྱི་ཁ་ཆེའི་མཁན་པོ་ཛྙཱན་ཤྲཱི་བྷ་དྲ་དང༌། ལོ་ཙྭ་བ་ཤཱཀྱའི་དགེ་སློང་རྒྱལ་བ་ཤེས་རབ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དགེ་ལེགས་སྙན་པའི་འབྲུག་སྒྲས་འཛམ་གླིང་ཁྱབ་གྱུར་ཅིང༌། །རིག་པའི་གནས་ལྔ་ཟླ་བས་བློ་ཡི་ཀུ་མུད་རྒྱས། །རྒྱལ་བས་ལུང་བསྟན་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི། །ཛྙཱ་ན་ཤཱི་ལར་བོད་རྗེ་བཀྲ་ཤིས་རྩེ་ལྡེའི་བཀས། །རྒྱུད་བསྐུལ་བོད་ཀྱི་སྤྱི་མཐུན་བསོད་ནམས་དག་གིས་ནི། །ཐོ་ལིང་གཙུག་ལག་ཁང་དུ་ཆོས་ཀྱི་སྦྲང་རྩི་ཡིས། །འགྲོ་བ་ཚིམ་མཛད་དེ་ལ་ཤཱཀྱའི་དགེ་སློང་ནི།། རྒྱལ་བའི་ཤེས་རབ་ཅེས་བྱ་ཚུལ་ཁྲིམས་གཡག་རྔ་དང༌། །མིག་གི་འབྲས་བུ་བཞིན་དུ་བསྲུང་བའི་བདག་ཉིད་ཅན། །ཐུགས་རྗེའི་སྤྲིན་ལས་བྱུང་བ་འདུལ་བའི་བདུད་རྩི་ཡི། །ཆར་གྱི་རྒྱུན་འབེབས་ཚུལ་ཁྲིམས་ལོ་ཏོག་སྐྱེད་མཛད་པ། །སྐྱེས་ཆེན་དེ་ཡིས་འགྲོ་ལ་ཕན་ཕྱིར་ཛྙཱ་ན་ཤཱི་ལར་ཞུས། །འདུལ་བ་འཛིན་པ་ཆེན་པོ་དེ་དང་ཤཱཀྱའི་བཤེས་གཉེན་གྱིས། །སྔར་འགྱུར་ཅུང་ཟད་མ་དག་པ་ཡི་རྟོགས་པར་དཀའ་བ་རྣམས། །ལེགས་པར་བཅོས་ནས་ཞུ་ཆེན་བྱས་པ་འདི་ལ་འཇུག་པར་རིགས།། །།”[7]ཞེས་བྱུང་བ་ལས་ཤེས། «བུ་སྟོན་ཆོས་འབྱུང»དུ་ཡང་། “དེའི་སྲས་རྩེ་ལྡེས་ཀྱང་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་ཏེ་ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙཱ་བྱས་ནས་རྒྱུད་རྡོ་རྗེ་རྩེ་མོ་དང་། སྦྱོང་རྒྱུད་དང་། ཚད་མ་རྣམ་ངེས་དང་། དེའི་ཊཱིཀ་ཁོང་ཉིད་ཀྱིས་མཛད་པ་ལ་སོགས་པ་བསྒྱུར་རོ། །”[8]ཞེས་གསུངས་ལ། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ཡིས། “གཅུང་འོད་ལྡེས་ཀྱང་པཎྜི་ཏ་ཛྙཱ་ན་ཤྲི་སོགས་སྤྱན་དྲངས།”[9]ཞེས་འོད་ལྡེས་སྤྱན་དྲངས་པ་གསུངས། གལ་ཏེ་རྨ་དགེ་བློ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་ཁ་ཆེར་ཕེབས་ན་དེའི་ཚ་བོ་ལྷ་ལྡེ་དང་དེའི་སྲས་འོད་ལྡེ་དང་དེའི་སྲས་རྩེ་ལྡེ་ཡིན་པས་མི་རབས་དེ་ཙམ་གྱི་རིང་བཞུགས་སྲིད་དམ་སྙམ་ན། «སྡེ་བསྟན»[དེ་ནེ]གཉིས་ཀྱི་ནང་དུ་བཞུགས་པའི«ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད»སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ་པོད་གཉིས་ཅན་ཞིག་ཡོད་པའི་འགྱུར་བྱང་དུ། “ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྤྲུལ་པ་བྱང་ཆུབ་སེམས་པའི་གདུང་རྒྱུད་མི་རྗེ་ལྷས་མཛད་པ་བོད་ཀྱི་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང༌། བོད་ཀྱི་ལྷ་བཙན་པོ་དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་ཁྲི་བཀྲ་ཤིས་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས། རྒྱལ་པོའི་ཡང་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་ཁུ་དབོན་གྱི་བཀས། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་དཔལ་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་ཆེན་པོ་པཎྜི་ཏ་ཤྲཱི་དཱི་པཾ་ཀར་རཀྵི་ཏ་དང༌། ཞང་ཞུང་གི་ལོ་ཙཱ་བ་ཆེན་པོ་མང་འོར་བནྡེ་བྱང་ཆུབ་ཤེས་རབ་ཀྱིས་ནན་ཏན་སྙིང་པོར་བྱས་ནས་གཏན་ལ་ཕབ་པར་བསྒྱུར་བའོ།། །།”[10]ཞེས་འཁོད་ཡོད། མང་འོར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་ནི་ལོ་ཆེན་རྟིང་རེས་ཁ་ཆེ་ལ་ཕེབས་པའི་དུས་ཀྱི་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་གི་གསུམ་ལུས་པའི་གཅིག་ཡིན་པ་གུ་གེ་ཁྱི་ཐང་བ་ཛྙ་ན་ཤྲཱིས་མཛད་པའི་ལོ་ཆེན་གྱི་རྣམ་ཐར་དུ་གསལ་བས་དེ་ཉིད་རྩེ་ལྡེའི་དུས་སུ་བཞུགས་ན་རྨ་དགེ་བའི་བློ་གྲོས་ཀྱང་མི་བཞུགས་པའི་རྒྱུ་མཚན་བཤད་དཀའ།
ཡང་རྔོག་ལོ་ཆེན་པོ་ཁ་ཆེ་ནས་ཚུར་བོད་དུ་སྤྱི་ལོ(1092)ཙམ་ལ་ཕེབས་ཤིང་། དེའི་གོང་ཙམ་ལ་རྩེ་ལྡེའི་སྲས་དབང་ལྡེས་བསྐུལ་ཏེ«རྣམ་འགྲེལ»ལ་འགྱུར་བཅོས་མཛད་སྐབས་ཁོང་གཤེགས་ཚར་བ་ཚོད་དཔག་བྱ་ཐུབ། དེ་བཞིན་རྨ་དགེ་བློ་ལ་སྔ་ཕྱི་བྱང་ཆུབ་འོད་དང་ཞི་བ་འོད་དང་རྩེ་ལྡེ་བཅས་ཀྱིས་བཀས་བསྐུལ་ནས་བསྟན་བཅོས་འགྱུར་ཡང་དབང་ལྡེས་བཀས་བསྐུལ་བ་གང་ཡང་མེད་པ་དེས་ཀྱང་དབང་ལྡེའི་སྐབས་སུ་གཤེགས་ཟིན་པ་ཤེས་ནུས། དེ་ལས་ཀྱང་སྔ་བ་མངའ་བདག་རྩེ་ལྡེའི་མེ་ཕོ་འབྲུག་གི(1076)ཆོས་འཁོར་ལ་སྐབས་དེར་གྲགས་ཆེ་བའི་ལོ་ཙཱ་བ་མང་པོ་ཞིག་འདུས་ཀྱང་། དེར་རྨ་ལོ་ཙཱ་བ་ཡོད་པའི་སྐོར་རྭ་ཡེ་ཤེས་སེང་གེས་མཛད་པའི«རྭ་ལོ་ཙཱ་བའི་རྣམ་ཐར»[11]སོགས་སུ་མི་གསལ་བས་སྐབས་དེར་གཤེགས་ཟིན་པ་ཡིན་ནམ་སྙམ་པ་འཆར། དེས་ན་རགས་པའི་ཚོད་རྩིས་བྱས་ན་སྤྱི་ལོ(1070)ཡས་མས་ཤིག་ལ་གཤེགས་ཡོད་ངེས།
ལྷ་ལྡེའི་སྲས་དང་བྱང་ཆུབ་འོད་དང་ཞི་བ་འོད་གཉིས་ཀྱི་གཅེན་པོ་ཡིན་པའི་མངའ་བདག་འོད་ལྡེ་ཡིས་བསྐུལ་ནས་བསྒྱུར་བ་ནི་ཤེར་ཕྱིན་སེམས་ཙམ་གྱི་ལུགས་སུ་འགྲེལ་པའི་འགྲེལ་པ་གྲགས་ཅན་ཏེ་ཤིནྟི་པའི«མངོན་རྟོགས་རྒྱན་གྱི་འགྲེལ་པ་དག་ལྡན»ཞེས་པ་དེ་ཡིན་ཞིང་དེའི་འགྱུར་བྱང་དུ། “མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་ལྷ་བཙན་པོ་ཁྲི་བཀྲ་ཤིས་འོད་ལྡེ་བཙན་གྱི་བཀས་རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟིའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སླད་ཀྱི་པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ཞུས་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་བཅོས་པའོ།། །།”[12]ཞེས་འཁོད། མངའ་བདག་འོད་ལྡེ་འདི་པ་སྐུ་འཚོ་བཞུགས་ཀྱི་རིང་སྲིད་ཀྱི་བྱ་བ་མང་བས་ཆོས་ཕྱོགས་ཀྱི་མཛད་པ་དེ་ཙམ་སྐྱོང་ཐུབ་ཀྱི་མེད་པའི་སྐོར་ཡིག་རྙིང་དག་ཏུ་འཁོད་ཀྱང་འགྱུར་བྱང་འདིར་བལྟས་ན་ཁོང་གིས་ཀྱང་གསུང་རབ་བོད་བསྒྱུར་མཛད་པའི་མཐུན་འགྱུར་སོགས་མཛད་ཡོད་པར་ཤེས། རོགས་སུ་ཡོད་པའི་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཞེས་པ«ཉང་རལ་ཆོས་འབྱུང»[13]དུ་ལོ་ཆེན་རིན་བཟང་གི་སློབ་མར་ཡིན་པ་བཤད་ཅིང་བཅོམ་ལྡན་རིག་རལ་གྱི«བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད»དུ་ཡང་དེ་ལྟར་གསུངས་ལ་རྨ་དགེ་བློ་དང་མཉམ་དུ་བསྒྱུར་བ་ལས་ཀྱང་བདེན་པར་སྣང་། རྨ་ལོ་ཙཱ་བ་དགེ་བློ་ཡི་འཁྲུངས་ཡུལ་གང་ནས་ཡིན་བྲིས་པ་ཁོ་བོས་མ་མཇལ་ཡང་ལོ་ཆེན་གྱི་རོགས་སུ་བརྫངས་པའི་ཁྱེའུ་ལྔའི་གྲས་ཡིན་པ་ལ་བསམས་ན་མངའ་རིས་ནས་ཡིན་པར་ངེས། དེ་བཞིན་ལོ་ཆེན་རྟིང་རེས་ཁ་ཆེ་ཙམ་དུ་ཕེབས་པ་ལས་རྒྱ་གར་གྱི་ཡུལ་གཞན་དུ་ཕེབས་པའི་སྐོར་མི་གསལ་བས་རྨ་ལོ་ཡང་ཁ་ཆེ་ཙམ་དུ་ཕེབས་པ་ཡིན་སྲིད། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི«རྡོ་རྗེ་འབྱུང་བའི་ཡིག་སྣ»ཞེས་པ་ལས། “དེའི་ཚེ་ཟངས་རྗེས་ཁྱུང་པོ་ཆོས་བརྩོན་དང་། དགེ་བློའི་གཉའ་མི་སྙོགས་སུ་དོགས་ནས། ཁ་ཆེར་ཕར་བཞུད་ཚུར་བཞུད་དང་སྒྲ་ཚད་ལ་དཀའ་ལས་མང་པོ་མཛད་སྐད།”[14]ཅེས་བྱུང་བ་ལས་ཟངས་དཀར་ལོ་ཙཱ་བ་དང་དུས་མཉམ་ཞིང་ཁྱུང་པོ་དང་རྨ་ལོ་གཉིས་ཀ་སྒྲ་ཚད་ལ་མཁས་པའི་གྲགས་པ་ཆེ་བ་ཤེས་ཐུབ།
གསུམ་པ། ཆོས་འབྱུང་ལོ་རྒྱུས་ཁག་དང་བཀའ་བསྟན་གྱི་འགྱུར་བྱང་དུ་འཁོད་པ།
གུ་གེའི་ཁྱི་ཐང་བ་ཛྙ་ན་ཤྲིའི་ལོ་ཆེན་རྣམ་ཐར་དུ། “དེ་ལ་ལྷ་བྱང་ཆུབ་སེམས་དཔའི་ཞལ་ནས། བླ་མ་ལོཙྪ་བ་ཆེན་པོ་ལ་རྫོངས་བར་རྟ་དང་གླང་པོ་ཕུལ་ན་ནི་རྒྱ་གར་ཅ་ཕྲང་ཟབ་པས་མི་ཐར། གསེར་དངུལ་ཕུལ་ན་ནི་མི་ཐེག །རིག་པ་ཅན་གྱི་ཁྱེའུ་ལྔ་ཉེར་གནས་སུ་བརྫངས། རུས་སྣ་བརྒྱད་ཡོན་དུ་ཕུལ་ནས། ཡང་ཁ་ཆེ་རུ་བྱོན་ནོ། །”[15]ཞེས་ལོ་ཆེན་རྟིང་རེས་ཁ་ཆེར་ཕེབས་དུས་རོགས་སུ་རིག་པ་ཅན་གྱི་ཁྱེའུ་ལྔ་མཉམ་དུ་བརྫངས་པར་གསུངས། ཁྱེའུ་ལྔ་གང་ཡིན་པ་དང་དེའི་ནང་གང་གྲོངས་པ་གང་ལུས་པ་སོགས་ཀྱང་རྣམ་ཐར་དེར་གསལ་བར་འཁོད་ཡོད་དེ། དེ་ཉིད་ལས། “རིག་པ་ཅན་གྱི་ཁྱེའུ་ལྔ་ལ་གཉིད་ཚད་པས་དྲོངས། གསུམ་ལུས་པ་ནི། མང་ཡེར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ། རྨེ་ལོ་ཙཱ་བ་དགེ་བློ། འཛང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་དང་གསུམ་ལ།”ཞེས་གཉིས་ཚད་པས་གྲོངས་པ་དང་གསུམ་ལུས་པར་གསུངས་ཤིང་། གསུམ་པོའི་ནང་དུ་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་གསུངས་ཡོད། ཡང་གོང་གི་འཕྲོར། “དེ་གསུམ་ཡང་ལོ་ཙྪཱ་བ་ཆེན་པོའི་བུ་ཆེན་ཡིན་པས་མང་ཝེར་ལོ་ཙྪཱ་བ་བྱང་ཆུབ་ཤེས་རབ་ལ་ཏི་ཝག་བཙལ། རྨེ་ལོ་ཙཱ་བ་དགེ་བློ་ལ་རི་ཧྲི་སྩལ། འཛང་ལོཙྪཱ་བ་རིན་ཆེན་གཞོན་ནུ་ལ་ཚང་མེད་བསྩལ་བ་ལ། མང་བཀྲ་ཤིས་རྩེ་ལས་བཅད་ཤིང་རྟགས་ཀྱི་ཡལ་བཅད་པ། ཕུའི་འབྲོག་རི་དང་བཅས་པ་སྩལ་བ་ལ། རང་གི་སྲུང་མ་མཆོད་པའི་བསྐྱོན་ཆ། ཕྱེ་ཁ་ལ་ཕྱེད། རྒྱུ་མ་ཁལ་གཅིག །མར་བྲེ་གང། རྐྱང་གི་ལག་པ་གཅིག །འདི་རྣམས་འབུལ་དགོས།”[16]ཞེས་གསུངས་པ་ལ་བལྟས་ན་གསུམ་ལུས་པ་དེ་དག་ལོ་ཙྪཱ་བའི་སློབ་མར་གྱུར་ཅིང་། ཕྱིས་མངའ་རིས་སུ་ཕེབས་རྗེས་སུ་གཏན་ཁེལ་བྱས་པའི་འབྲོག་ས་དང་། མི་ཁྱིམ་སོགས་ཀྱང་བཀུར་བཟོས་སུ་སྤྲད་ཡོད་པར་སྣང་། ས་སྐྱ་ཀུན་དགའ་བསོད་ནམས་ཀྱིས(1597-1659)མཛད་པའི«བཀའ་གདམས་ཆོས་འབྱུང»དུ་ཡང་རྨ་དགེ་བློའི་སྐོར་ཉུང་ངུ་འཁོད་པ་འདི་ལྟར། “ལོ་ཙཱ་བ་དགེ་བློ་ནི། ལོ་ཆེན་གྱི་སློབ་མ་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་ནས། གཉིས་ཁ་ཆེར་ཚད་པས་གྲོངས། གསུམ་ནི་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས། མང་ཐེར་གྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ལྗང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་གསུམ་ལས། འདི་ཉིད་དང་པོ་སྟེ། ལོ་ཆེན་ལ་མཁས་པར་སྦྱངས། ཇོ་བོ་ཆེན་པོའི་དྲུང་དུ་ཆོས་མང་དུ་ཞུས་ཡུན་རིང་དུ་བསྟེན། ལམ་སྒྲོན་སོགས་འགྱུར་མང་དུ་མཛད་དོ། །”[17]ཞེས་གསུངས་ཤིང་། ཇོ་བོ་རྗེ་དང་མཉམ་དུ་བསྒྱུར་བའི་ཆོས་ཚན་མང་པོ་ཞིག་ཀྱང་བཞུགས་པས་ཇོ་བོའི་ཞབས་ལ་གཏུགས་པའི་དུས་ཡུན་མི་ཐུང་བ་བདེན་པར་སྙམ། ཇོ་བོ་རྗེ་བོད་དུ་ཕེབས་རྗེས་སུ་མངའ་རིས་ཀྱི་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་བསྐུལ་ནས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་མཛད་པའི་གསུང་རྩོམ་གྲགས་ཆེན«བྱང་ཆུབ་ལམ་གྱི་སྒྲོན་མ»ཞེས་པའང་ལོ་ཙཱ་བ་འདིས་ཇོ་བོ་དང་མཉམ་དུ་བོད་ཡིག་ཏུ་བསྒྱུར་ཞིང་དེའི་འགྱུར་བྱང་དུ། “བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པ། ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ། །”[18]ཞེས་འཁོད། གཞན་ཡང་ལོ་ཙཱ་བ་འདིས་བསྒྱུར་བ«བཀའ་འགྱུར»ནང་དུ་ཆོས་ཚན་བཞི་ཡོད་ཅིང་བཞི་ཀ་ཇོ་བོ་རྗེ་དང་མཉམ་དུ་བསྒྱུར་བ་ཡིན། «བསྟན་འགྱུར»ནང་དུ་ཆོས་ཚན་ཉེར་གསུམ་ཡོད་ཅིང་དེའི་ནང་ཇོ་བོ་རྗེ་དང་མཉམ་དུ་བསྒྱུར་བ་དགུ་ཡོད། བརྗོད་བྱའི་ཆ་ནས་སྒྲུབ་ཐབས་དང་། འདུལ་བ། དབུ་མ། ཤེར་ཕྱིན། ཚད་མ་བཅས་འདུས། ཁོང་གིས་བསྒྱུར་བའི་ཚད་མའི་སྐོར་ལས«ཚད་མ་རྣམ་འགྲེལ»ནི་འགྱུར་འཕྲོ་ཙམ་ཞིག་བསྟན་པ་སྔ་དར་སྐབས་སུ་ཡང་བྱུང་བ«དཀར་ཆག་ལྡན་དཀར་མ»[19]རུ་གསུངས་ཀྱང་། ཆ་ཡོངས་སུ་ཚང་བའི་ད་ཡོད«ཚད་མ་རྣམ་འགྲེལ»ནི་རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་དང༌། རྨ་དགེ་བའི་བློ་གྲོས་ཀྱིས་ཐོག་མར་བསྒྱུར། དེ་ནས་མངའ་བདག་དབང་ལྡེས་བཀས་བསྐུལ་ཏེ་ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་བཅོས་བྱས། ཕྱིས་སུ་དུས་རབས་བཅུ་གསུམ་པའི་སྟོད་ཁ་ཆེ་པཎ་ཆེན་དང་ཆོས་རྗེ་ས་པཎ་གཉིས་ཀྱིས་འགྱུར་བཅོས་བྱས་པ་ཞིག་ཡིན་པ«རྣམ་འགྲེལ»འགྱུར་བྱང་དུ་འཁོད་ཡོད་པ་ཆ་ཚང་དྲངས་ན་འདི་ལྟར། “རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ། །སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག །དགེ་བའི་ཐུགས་མངའ་ངེས་པ་ས་སྐྱོང་བ། །མི་ཡི་བདག་པོ་དབང་སྡེའི་བཀས་བསྐུལ་ནས། །བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པོ་དང༌། །ཉན་པོ་རྒོལ་དང་ཕྱིར་རྒོལ་དོན་ངེས་དང༌། །འབྲེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར། །འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང༌། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པ། །ལྟ་བ་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིག་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །སྒྲ་དོན་གཉི་ག་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །དཔལ་ལྡན་ཁ་ཆེའི་རིག་པ་བའི། །གཙུག་གི་ནོར་བུ་སྐལ་ལྡན་ནི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །བློ་ལྡན་བཟང་པོས་འདི་བསྒྱུར་རོ། །གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ། །གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང༌། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།”[20]ཞེས་བྱུང་། འགྱུར་བྱང་འདིར་འཁོད་པའི་དབང་ལྡེ་ནི་མངའ་བདག་རྩེ་ལྡེའི་སྲས་དབང་ལྡེ་ཡིན་ཞིང་། རྔོག་ལོས«རྣམ་འགྲེལ»ཁ་ཆེ་སྐལ་ལྡན་རྒྱལ་པོ་ལས་གསན་པ་ཡང་འདིར་གསལ། གོང་གི་འགྱུར་བྱང་ཚིགས་བཅད་དེ་ཡང་རྔོག་ལོས་སྦྱར་བ་ཡིན། རྔོག་ལོས«རྣམ་འགྲེལ»ལེའུ་གསུམ་ཙམ་ལ་འགྱུར་བཅོས་མཛད་པ་ཡང་རྔོག་ལོའི་སློབ་མའི་གཙོ་བོ་བཞིའི་གྲས་གྲོ་ལུང་པས་མཛད་པའི«འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར»ཞེས་པ་ལས། “དེ་ལ་རྟོག་གེའི་ཚད་མའི་གཞུང་ལས་ནི་རིགས་ཐིགས་དང་། རྣམ་ངེས་དང་། རྣམ་འགྲེལ་རྩ་བ་ལེའུ་གསུམ་དང་།”ཞེས་པ་ནས། “འབྲེལ་པ་གྲུབ་པ་སྟེ། སྤྱིར་བདུན་ཁྲི་ཉིས་སྟོང་ལྷག་དང་བཅས་པ་ཕལ་ཆེར་གཞི་བསྒྱུར། ཅུང་ཟད་ཞུ་ཆེན་མཛད་པས་ཤིན་ཏུ་དག་པའི་གཞུང་མིག་པས་ཀྱང་ཡིད་ཆེས་པའི་གསལ་བྱེད་དུ་གནས་སོ། །”[21]ཞེས་གསུངས་པ་ལས་ཤེས། ལེའུ་གསུམ་དེ་ནི«ཚད་མ་རྒྱན»དུ་འཁོད་པའི་ལེའུ་གསུམ་ཡིན་སྲིད། འགྱུར་བཅོས་མ་མཛད་པའི་གོང་གི་རྨའི་ལེའུ་དང་པོའི་འགྱུར་ཇི་ལྟར་ཡིན་མིན་ད་ལྟའང«རྣམ་འགྲེལ་རང་འགྲེལ»ནང་གི་འགྱུར་ཚིག་ལ་བལྟས་ན་ཤེས་ནུས་ཤིང་། ལེའུ་ཕྱི་མ་གསུམ་གྱི་འགྱུར་ཡང«ལྷ་དབང་བློའི་འགྲེལ་པ»དང་དེའི«འགྲེལ་བཤད»ཁོང་གིས་འགྱུར་བ་ལ་བལྟས་ནས་ཅུང་ཟད་རེ་དཔོག་ཐུབ།
དེ་ནས་ལོ་ཙཱ་བ་འདིས་བསྒྱུར་བའི«རྣམ་འགྲེལ»ལེའུ་དང་པོའི«རང་འགྲེལ»དང་ཕྱི་མ་གསུམ་གྱི«ལྷ་དབང་བློའི་འགྲེལ་པ»གཉིས་བསྡོམས་པས་སྟོང་ཕྲག་བཅུ་གཉིས་པ་ཞེས་བྱ་ཞིང་། «སྡེ་བསྟན»སྡེ་ཚན་ཚད་མ་དང་པོད་རྟགས་[ཅེ]་དང་[ཆེ]་ཅན་གཉིས་ཀྱི་ནང་དུ་བཞུགས་ཡོད། དེའི་འགྱུར་བྱང་དུ། “བོད་ཀྱི་དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷུ་ཏི་ཤྲཱི་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། །།”[22]ཞེས་ལྷ་བཙུན་བྱང་ཆུབ་འོད་ཀྱི་བཀས་བསྐུལ་ནས་རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤྲཱི་དང་མཉམ་དུ་བསྒྱུར་བ་འཁོད་ཡོད། དེ་ནས་ད་ཡོད་བོད་འགྱུར«རྣམ་འགྲེལ»གྱི་འགྲེལ་པ་ཆ་ཚང་བ་གཅིག་པུ་སྟེ«སྡེ་བསྟན»སྡེ་ཚན་ཚད་མ་དང་པོད་རྟགས་[ཇེ་ཉེ]་གཉིས་ཀྱི་ནང་དུ་བཞུགས་པའི་ཤཱཀྱ་བློའི«འགྲེལ་བཤད»ཀྱང་ཁོང་གིས་བསྒྱུར་ཞིང་དེའི་འགྱུར་བྱང་དུ། “བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་སྒོམ་པ། སློབ་དཔོན་ཤཱཀྱའི་བློས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རྫོགས་སོ།། །།འདི་ནི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། །།”[23]ཞེས་པ་ཙམ་ཞིག་གསལ་ལ«རྩོད་པའི་རིགས་པའི»འགྱུར་བྱང་གོང་དུ་བཀོད་ཟིན།
བཞི་བ། ཞར་བྱུང་གཞན་གྱི་ནོར་བ་སེལ་བ།
མཁས་དབང་དུང་དཀར་རིན་པོ་ཆེ་ལགས་ཀྱིས་བསྒྲིགས་མཛད་པའི«དུང་དཀར་ཚིག་མཛོད»དུ། “རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་རབ་བྱུང་དང་པོའི་ཤིང་སྤྲེལ(1044)ནས་རབ་བྱུང་དང་པོའི་ས་སྦྲུལ(1089)དགུང་ལོ་ཞེ་དྲུག་ལ་གཞན་གྱིས་དུག་བཏང་སྟེ་དཀྲོངས། ལོ་རྒྱུས་ཞིབ་པར་དེབ་ཐེར་སྔོན་པོ་ལེ་ཚན་[ན]པའི་ཤོག་གྲངས3ནས4བར་གསལ།”[24]ཞེས་བྲིས་ཤིང་དེའི་རྗེས་སུ་འབྲངས་ཏེ་མ་བརྟག་པར་མང་པོ་ཞིག་གིས་ཀྱང་དེ་ལྟར་བྲིས་སྣང་མོད། དེ་ནི་མིན་ཏེ། «དེབ་ཐེར་སྔོན་པོའི»ལེ་ཚན་དེར་འཁོད་པའི་རྨའི་མཚན་ལ་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་དང་། དེ་ནི་ཇོ་བོ་འདས་པའི་ཕྱི་ལོའི་ཤིང་ལུག་ལོར(1055)ཡར་སྟོད་སྐྱེར་སྣང་རྨ་སྨོན་ལམ་ཞེས་བྱ་བའི་སྲས་སུ་འཁྲུངས་པ«དེབ་སྔོན»གྱི་ལེ་ཚན་དེར་གསལ། འོན་ཀྱང་རྨ་དགེ་བའི་བློ་གྲོས་ནི་ལོ་ཆེན་ཁ་ཆེར་ཐེངས་གཉིས་པར་ཕེབས་དུས་སུ་དེའི་རོགས་སུ་ཡོད་པ་གོང་དུ་བྲིས་པ་ལྟར་ཡིན། ཡང་ཇོ་བོ་མངའ་རིས་སུ་ལོ་གསུམ་བཞུགས་རྗེས་ཀྱི་ཤིང་སྤྲེལ་ལོར(1044)འཁྲུངས་ཤིང་། ཐོན་མིའི་སྤྲུལ་པ་ཡིན་པ། ཕ་ཡུལ་ལ་སྟོད་ལྷོ་ནས་ཡིན་པ། དགུང་ལོ་ཞེ་དྲུག་ལ་གཞན་གྱིས་དུག་བཏང་ནས་དཀྲོངས་པའི་རྨ་ལ་རྨ་བན་ཆོས་འབར་ཞེས་བྱ་བ«དེབ་སྔོན»གྱི་དུམ་བུ་བཞི་པ། [ང]རྨ་ལོ་ཙཱ་བ་དང་ཞ་མ་ལྕམ་སྲིང་གིས་བསྟན་པ་ཇི་ལྟར་བསྐྱངས་པའི་སྐབས་ཞེས་པའི་ཚན་པར་འཁོད། དེ་ནི་ཞ་མ་མ་གཅིག་གི་ཁྱོ་ག་ཐེངས་གཉིས་པ་དེ་ཡིན་པ་སོགས་ཏེ་ཞིབ་ཏུ«དེབ་སྔོན»ལ་གཟིགས་ན་ཤེས། དུང་དཀར་ལགས་ཀྱིས་དེ་དག་གཅིག་ཏུ་བསྲེས་ནས་བྲིས་པ་ཞིག་ཏུ་འདུག་པས་ཡིད་རྟོན་མི་སྣང་། དེས་ན་རྨ་དགེ་བློ་དང་། རྨ་བན་ཆོས་འབར། རྨ་ཆོས་ཀྱི་ཤེས་རབ་གསུམ་ནི་རུས་གཅིག་པའི་མཁས་པ་མི་འདྲ་བ་གསུམ་ཡིན། ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་པོས་མཛད་པའི«ཆོས་འབྱུང་མཁས་པའི་ཡིད་འཕྲོག»[25]ཏུ་ལོ་ཆུང་ལེགས་ཤེར་གྱིས་ཇོ་བོའི«ལམ་སྒྲོན»བསྒྱུར་བ་གསུངས་པ་སོགས་ལ་བརྟག་ན་རྨ་དགེ་བློ་དང་གཅིག་ཏུ་བཞེད་པར་སྣང་ལ། ཕྱིས་སུའང་དེ་ལྟར་འཆད་མཁན་འགའ་རེ་འདུག་མོད། རྨ་དགེ་བློ་ནི་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་གི་གཅིག་དང་། ལོ་ཆུང་ལེགས་ཤེར་ནི་ཐུགས་ཡིད་ཆེས་པ་ལྔའི་ནང་གི་གཅིག་ཡིན་པ་ལོ་ཆེན་གྱི་རྣམ་ཐར་དུ་འཁོད་པས་དེ་གཉིས་གང་ཟག་སོ་སོ་ཡིན།
སྤྱིར་རྨའི་རུས་ཅན་གྱི་ལོ་ཙཱ་བ་དུ་མ་བྱུང་སྟེ། གོང་དུ་ཞུས་པ་དེ་དག་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས། “ལོ་རྒྱུས་ཆེན་མོ་ལས་ཀྱང༌། དགེ་སློང་སྡོམ་པ་སྔ་བ་རྦ་ཡི་བནྡྷེ་གཉིས། །བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། །བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །ཐོས་པ་ཆེ་རབ་ལས་གསུམ་བྱང་ཆུབ་རྒྱལ། །མཁས་པའི་ཡང་རབ་བཻ་རོ་ཙ་ན་ཡིན། །ཞེས་རྦ་བཞེད་ཀྱི་དྲུག་པོའི་སྟེང་དུ་ལྷ་ལུང་རབ་འབྱོར་དབྱངས་བསྣན་པ་ལ་སད་མི་བདུན་དང༌། དེའི་ཁར་ན་སྐུ་མཐུའི་རབ་ནི་ན་མཁའ་སྙིང་པོ་སྟེ། །བསོད་ནམས་ཆེ་རབ་ཁྲི་སྲོང་ལྡེ་བཙན་ཡིན། །ཞེས་དེ་གཉིས་བསྣན་པས་བོད་ཡུལ་ན་རབ་ཀྱི་མི་དགུ་ཞེས་འཆད་པར་སྣང་བའི་ཕྱིར་རོ། །”[26]ཞེས་གསུངས་པའི་བསྟན་པ་སྔ་དར་སྐབས་ཀྱི་སད་མི་བདུན་གྱི་ཡ་གྱལ་དང་། རབ་ཀྱི་མི་དགུ་ཞེས་པའི་ནང་ཚན་རྨ་བན་རིན་ཆེན་ཞེས་པའི་ལོ་ཙཱ་བ་དེའང་རྨའི་རིགས་སུ་འཁྲུངས་པ་ཡིན། «གུ་བཀྲ་ཆོས་འབྱུང»ལས། “རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་བྱ་བར་འཁྲུངས།”[27]ཞེས་གསུངས་ཏེ། འདི་ལ་བལྟས་ན་རྨ་རིན་ཆེན་ཞེས་པའི་ལོ་ཙཱ་བ་དེ་འཕན་ཡུལ་གྱི་རྨ་གཙོ་བྱ་བར་འཁྲུངས་པས་མཚན་གྱི་དབུར་རྨ་ཞེས་ཐོགས་ཤིང་། ཕྱིས་དེའི་རུས་སུ་འཁྲུངས་པ་གཞན་ལ་ཡང་རྨ་ཞེས་བཏགས་སམ་སྙམ།
ལྔ་བ། མཇུག་བསྡུ་བ།
དེ་དག་བསྡུ་ན། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ནི་ལོ་ཆེན་རིན་བཟང་ཁ་ཆེ་རུ་ཕེབས་དུས་རོགས་སུ་ཁྲིད་པའི་རིག་པ་ཅན་གྱི་ཁྱེའུ་ལྔ་ལས་གཉིས་གྲོངས་ནས་གསུམ་ལུས་པའི་གྲས་ཀྱི་གཅིག་ཡིན། ལོ་ཙྪཱ་བ་རིན་ཆེན་བཟང་པོའི་སློབ་མར་གྱུར་ཅིང་། བོད་དུ་ཇོ་བོ་རྗེ་ལས་ཆོས་མང་དུ་གསན། «བྱང་ཆུབ་ལམ་གྱི་སྒྲོན་མ»བོད་འགྱུར་མཛད་དེ་ལམ་རིམ་གྱི་བསྟན་པ་དར་བ་ལ་ཕྱག་རྗེས་བཞག །ཁོང་ལ་གཏན་ཁེལ་བྱས་པའི་འབྲོག་ས་དང་། མི་ཁྱིམ་སོགས་ཀྱང་བཀུར་བཟོས་སུ་སྤྲད་པ་དང་། སྔ་ཕྱི་རུ་འོད་ལྡེ་དང་བྱང་ཆུབ་འོད་དང་ཞི་བ་འོད་དང་རྩེ་ལྡེ་བཅས་ཀྱིས་བཀས་བསྐུལ་ནས་གཞུང་བསྒྱུར་བ་ལས་སྐབས་དེའི་མངའ་རིས་ཀྱི་ཆོས་རྒྱལ་དག་དང་འབྲེལ་པ་ཆེན་པོ་ཡོད་པ་ཤེས་ཐུབ། ཁོང་གི་བླ་མ་ལོ་ཆེན་རིན་ཆེན་བཟང་པོས་ཚད་མའི་སྐོར་གྱི་གཞུང་བསྒྱུར་བ་དང་རྩོམ་པ་སོགས་གང་ཡང་མེད་པས་ཚད་མའི་སྐོར་ལ་དམིགས་བསལ་ཐུགས་སྣང་མེད་པར་སྣང་། འོན་ཀྱང་བྱང་ཆུབ་འོད་དང་ཞི་བ་འོད་རྩེ་ལྡེ་བཅས་ཀྱིས་ཚད་མའི་གཞུང་མང་པོ་བསྒྱུར་གྱི་སྐུལ་མ་མཛད་པ་དང་། རྨ་ལོ་ཙཱ་བ་དང་མང་འོར་ལོ་ཙཱ་བ་སོགས་ཀྱིས་ཚད་མའི་སྐོར་གྱི་གཞུང་བསྒྱུར་བ་དང་འཆད་ཉན་སྤེལ་བ་ནི་འོད་ལྡེས་བོད་དུ་གདན་དྲངས་པའི་ཁ་ཆེའི་མཁས་པ་ཛྙཱ་ན་ཤྲཱི་བྷ་དྲའི་ཤུགས་རྐྱེན་ཡིན་སྲིད། པཎྜི་ཏ་དེ་ནི་ཚད་མའི་མཁས་པ་བྲམ་ཟེ་རིན་ཆེན་རྡོ་རྗེའི་སློབ་མ་ཡིན་ཞིང་། «རྣམ་ངེས»ཀྱི་འགྲེལ་པ་མཛད་པ་བོད་འགྱུར་དུ་བཞུགས། ཚད་མ་རྙིང་པའི་མཁས་པ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱང་ཁོང་གི་སློབ་མ་ཡིན། རྨ་དགེ་བའི་བློ་གྲོས་དང་མཉམ་དུ«རྩོད་པའི་རིགས་པ»བོད་བསྒྱུར་མཛད། གཞན«རྣམ་འགྲེལ»དང་«ཚད་མ་སྟོང་ཕྲག་བཅུ་གཉིས་པ»གཉིས་ཀྱི་འགྱུར་གྱི་རོགས་རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་ཞེས་པའང་ལྷ་ལྡེས་བོད་དུ་གདན་དྲངས་པ་རྒྱལ་དབང་ལྔ་བ་ཆེན་པོའི་རྒྱལ་རབས་སུ་གསུངས་ཤིང་པཎྜི་ཏ་དེ་ཡང་ཚད་མའི་མཁས་པ་ཞིག་ཡིན། རྨ་དགེ་བའི་བློ་གྲོས་ཀྱི་འཁྲུངས་གཤེགས་ཀྱི་ལོ་ཚིགས་གསལ་པོར་ཤེས་དཀའ་ཡང་རགས་པའི་ཚོད་རྩིས་བྱས་ན་སྤྱི་ལོ(997)ཡས་མས་ལ་འཁྲུངས་ནས་སྤྱི་ལོ(1070)ཡས་མས་ཤིག་ལ་གཤེགས་སམ་སྙམ་པ་ཡོད། ཁོང་གིས«རྣམ་འགྲེལ»དང་དེའི«རང་འགྲེལ།» «ལྷ་དབང་བློའི་འགྲེལ་པ།» ཤཱཀྱ་བློའི«འགྲེལ་བཤད།» «རྩོད་པའི་རིགས་པ»བཅས་གལ་ཆེ་བའི་ཚད་མའི་གཞུང་ཆེན་ལྔ་བོད་དུ་འགྱུར། གཞན་ཡང་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི«ལུང་ཕྲན་ཚེགས་ཀྱི་འགྲེལ་པ།» དུལ་བ་ལྷས་མཛད་པའི«སུམ་བརྒྱ་པའི་འགྲེལ་པ།» ཤིནྟི་པའི«མངོན་རྟོགས་རྒྱན་གྱི་འགྲེལ་པ་དག་ལྡན།» «སྤྱོད་འཇུག་གི་འགྲེལ་པ»སོགས་མདོ་ཕྱོགས་དང་སྔགས་ཀྱི་སྐོར་འགའ་དང་སྒྲུབ་ཐབས་འགའ་ཞིག་བཅས་བོད་འགྱུར་མཛད། དུས་འཁོར་ལ་ཡང་མཁས་པ་དུས་འཁོར་གྱི་ཆོས་འབྱུང་དག་ཏུ་འཁོད། ཚད་མ་རྙིང་པའི་འཆད་ཉན་གྱི་སྲོལ་གཏོད། ཕྱིས་ཀྱི་ཡིག་ཆ་འགར་རྨ་དགེ་བློ་དང་། རྨ་བན་ཆོས་འབར། རྨ་ཆོས་ཀྱི་ཤེས་རབ་གསུམ་ཕན་ཚུན་ནོར་བ་མཐོང་ཡང་དོན་ལ་མི་དེ་གསུམ་ནི་རུས་གཅིག་པའི་མཁས་པ་མི་འདྲ་བ་གསུམ་ཡིན་པ་དེ་འགོས་ཀྱི«དེབ་སྔོན»སོགས་སུ་གསལ་པོར་འཁོད་ཡོད་དོ། །
མཆན་དང་ལུང་ཁུངས།
[1] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས726
[2] འགོས་ལོ་ཙཱ་བ་གཞོན་ནུའི་དཔལ། «དེབ་ཐེར་སྔོན་པོ། »སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། 1984ལོ། ཤོག་ངོས97
[3] ཉང་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས445
[4] དྷི་ལྷ་ལྡན་གྱིས་བསྒྲིགས། «ལོ་པཎ་གྱི་རྣམ་ཐར་ཕྱོགས་བསྒྲིགས།» [G] དེབ་གསུམ་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས184-185
[5] གུ་གེའི་ཁྱི་ཐང་བ་ཛྙཱ་ན་ཤྲི། «ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།» [G] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། པར་དུས་མི་གསལ། ཤོག་ངོས47
[6] སློབ་དཔོན་ཆོས་ཀྱི་གྲགས་པ། «རྩོད་པའི་རིགས་པ་ཞེས་བྱ་བ།» སྡེ་དགེའི་ཤིང་པར། «སྡེ་བསྟན»ཚད་མ། [ཅེ] ཤོག་ངོས0710
[7] ཁྱད་པར་བཤེས་གཉེན། «འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་བསྡུས་པ།» སྡེ་དགེའི་ཤིང་པར། «སྡེ་བསྟན»འདུལ་བ། [ནུ] ཤོག་ངོས0535
[8] བུ་སྟོན་རིན་ཆེན་གྲུབ། «བུ་སྟོན་ཆོས་འབྱུང་།» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས202
[9] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། «བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས74
[10] སློབ་དཔོན་རྒྱལ་བ་ཅན། «ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད།» « སྡེ་བསྟན»ཚད་མ། [ནེ།] ཤོག་ངོས0623
[11] «རྭ་ལོ་ཙཱ་བའི་རྣམ་ཐར»ལས། “དེའི་ཚེ་མངའ་བདག་རྩེ་ལྡེས་དབུས་གཙང་གི་སྡེ་སྣོད་འཛིན་པ་དྲག་རིམ་རྣམས་སྤྱན་དྲངས་ཏེ་ཆོས་འཁོར་བཙུགས་པ་དང་དུས་མཚུངས་པས། གཞིས་བྱེས་ཀྱི་སྐྱེ་བོའི་བསུ་སྐྱེལ་རྒྱུན་མི་འཆད་པས་བསུས་ཏེ་ཆོས་འཁོར་ལ་ཕེབས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གཉན་ལོ་ཙཱ་བ་དར་མ་གྲགས། བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། མར་ཐུང་དད་པ་ཤེས་རབ། མང་འོར་བྱང་ཆུབ་ཤེས་རབ། དྭགས་པོ་དབང་རྒྱལ་རྣམས་དང་སྟབས་གཅིག་ཏུ་བྱུང་། དེར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། ཟངས་འཁར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དུས་དེར་བསྒྱུར།” ཞེས་གསུངས། རྭ་ཡེ་ཤེས་སེང་གེ །«རྭ་ལོ་ཙཱ་བའི་རྣམ་ཐར» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས205
[12] ཤིནྟི་པ། «མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དག་ལྡན་ཞེས་བྱ་བ།» སྡེ་དགེའི་ཤིང་པར། «སྡེ་བསྟན»ཤེར་ཕྱིན། [ཉ] ཤོག་ངོས0407
[13] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས464
[14] གྲགས་པ་རྒྱལ་མཚན། «ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ཞབས་ཀྱི་བཀའ་འབུམ།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས275
[15][16] གུ་གེའི་ཁྱི་ཐང་བ་ཛྙཱ་ན་ཤྲི། «ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།» [G] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། པར་དུས་མི་གསལ། ཤོག་ངོས45 ཤོག་ངོས53
[17] ངག་དབང་ཀུན་དགའ་བསོད་ནམས། «དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996ལོ། ཤོག་ངོས91
[18] དཔལ་མར་མེ་མཛད་ཡེ་ཤེས། «བྱང་ཆུང་ལམ་གྱི་སྒྲོན་མ།» སྡེ་དགེའི་ཤིང་པར། «སྡེ་བསྟན»དབུ་མ། [ཁུ] ཤོག་ངོས0481
[19] «དཀར་ཆག་ལྡན་དཀར་མ»ལས། “བསྟན་བཅོས་བསྒྱུར་འཕྲོ་ལ། དབུ་མའི་གཞུང་ཞིབ་མོར་རྣམ་པར་འཐག་པ་རྩ་བ་དང་། འགྲེལ་པར་བཅས་པ་གཉིས། དབུ་མ་སྙིང་པོའི་རྟོག་གེ་འབར་བ་རྩ་བ་དང་། འགྲེལ་པར་བཅས་པ་གཉིས། ཚད་མ་རྣམ་འགྲེལ། བམ་པོ་བཅུ་གཅིག །རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་བརྒྱད། རྩོད་པའི་རིགས་པ། བམ་པོ་གཅིག །ཚད་མའི་དེ་ཁོ་ན་བསྡུས་པ་རྩ་བ་དང་འགྲེལ་པ་བཅས་པ་གཉིས།”ཞེས་གསུངས། ཀ་བ་དཔལ་བརྩེགས་སོགས། «ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག།» སྡེ་དགེའི་ཤིང་པར། «སྡེ་བསྟན»སྣ་ཚོགས། [ཇོ] ཤོག་ངོས619
[20] སློབ་དཔོན་ཆོས་ཀྱི་གྲགས་པ། «ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ» སྡེ་དགེའི་ཤིང་པར། «སྡེ་བསྟན»ཚད་མ། [ཅེ] ཤོག་ངོས030
[21] གྲོ་ལུང་པ་བློ་གྲོས་འབྱུང་གནས། «ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།» [G] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། པར་དུས་མི་གསལ། ཤོག་ངོས267
[22] སློབ་དཔོན་ཆོས་ཀྱི་གྲགས་པ། «ཚད་མ་སྟོང་ཕྲག་བཅུ་གཉིས་པ།» སྡེ་དགེའི་ཤིང་པར། «སྡེ་བསྟན»ཚད་མ། [ཆེ།] ཤོག་ངོས0652
[23] སློབ་དཔོན་ཤཱཀྱ་བློ། «ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྲག་ཕྱེད་དང་ཕྲག་བཞི་པ་དང་། ལྷ་དབང་བློའི་འགྲེལ་པ་གཉིས་ཀྱི་འགྲེལ་བཤད།» སྡེ་དགེའི་ཤིང་པར། «སྡེ་བསྟན»ཚད་མ། [ཉེ] ཤོག་ངོས0563
[24] དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ།» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས1659
[25] ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་པོ། «ཆོས་འབྱུང་མཁས་པའི་ཡིད་འཕྲོག» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས28
[26] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས361
[27] ཧི་མ་ལ་ཡའི་རིག་མཛོད་དྲ་བའི་གློག་རྡུལ་དེབ་ལས་དྲངས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།