ལྡོང་བུས་བསྒྱུར་བའི«རྒྱལ་སྲས་ཆུང་ཆུང»གི་བཀླགས་བྱང་།

རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-14 08:34:08 ཀློག་གྲངས།:
རྩོམ་པ་པོ། ཨང་ཐོ་ཝནདྷེསཱན་གྷེ་ཟུ་ཕེ་རི།
ལོ་ཙཱ་བ། ལྡོང་བུ།
ཤོག་ངོས། ༡༣༧བྱོན།
རིགས་དབྱེ། བྱིས་སྒྲུང་།
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།
པར་གཞི། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས།
པར་ཐེངས། ༢༠༢༥ལོའི་ཟླ༦པར་པེ་ཅིན་དུ་དཔར་ཐེངས་གཉིས་པ་བརྒྱབ།

[ནང་དོན་གནད་བསྡུས།]
       «རྒྱལ་སྲས་ཆུང་ཆུང»ནི་རྩོམ་པ་པོ་ཁོང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཧྥ་རན་སི་ལ་བྱོལ་ནས་ཨ་རིའི་ཉིག་ཡོག་ལ་ཡུལ་འཁྱར་དུ་འབྱོར་བའི་སྐབས་སུ་བརྩམས་པ་ཡིན་ཞིང་། འགྲོ་བ་མི་ཡི་ཁེར་རྐྱང་དང་བརྩེ་དགའ། སྐྱོ་སྣང་དང་འཆི་བ། འགན་འཁྲི་དང་གདམ་ག་སོགས་བརྗོད་བྱའི་སྲོག་འདི་དག་རྒྱལ་སྲས་ཆུང་ཆུང་སྐར་མའི་གོ་ལ་གཞན་ཞིག་ནས་སླེབས་པ་ཞིག་གི་གཏམ་གྱི་ཕྲེང་བ་ལ་མུ་ཏིག་ལྟར་དུ་བརྒྱུས་ནས་བརྗོད་ཡོད།(སྒྱུར་པ་པོའི་གཏམ་ལས་བཤུས།)

[བཀླགས་བྱང་ཉུང་བསྡུས།]
       ༢༠༡༨ལོའི་ཟླ༨པར«རྒྱལ་སྲས་ཆུང་ཆུང»གི་བོད་འགྱུར་མ་གཞན་ཞིག་བཀླགས་མྱོང་། ཕལ་ཆེར་དེབ་མིང་ལ«རྒྱལ་སྲས་གཞོན་ནུ»ཞེས་བསྒྱུར་ཡོད་པ་འདྲ། སྐབས་དེར་ཁྲིན་ཏུ་ཡི་བར་སྣང་གི་ཀོག་ཧྥེ་ཁང་ཞིག་ནས་བཀླགས་པ་ད་དུང་ཡིད་ལ་ཝ་ལེར་གསལ་ཞིང་། བཀླགས་རྗེས་སུ་མྱོང་ཚོར་ཐུང་ཐུང་ཞིག་ཀྱང་དྲ་ལམ་དུ་སྤེལ་བས་འགའ་ཞིག་གིས་མྱོར་ཚོར་དེའང་སྒྲུང་ཐུང་ཞིག་ཏུ་གྲུབ་འདུག་ཅེས་བཤད་མྱོང་བ་དྲན། གང་ལྟར་ཡང་། བྱིས་སྒྲུང་འདི་ཉིད་འཛམ་གླིང་ལ་སྐད་གྲགས་ཆོད་པ་ཞིག་ཡིན་པའི་ངོས་ནས་ཀྱང་མ་བཀླགས་ཐུ་མེད་ཅིག་ཏུ་འཁུམས་པས། དེའི་རྗེས་སུ་རྒྱ་འགྱུར་མ་ཞིག་ཀྱང་ཆོད་མི་ཆོད་ཀྱིས་བཀླགས་པ་དྲན།
       ཉེ་ལམ། དྲ་ལམ་ཁག་ཏུ་རྩོམ་པ་པོ་ལྡོང་བུ་ལགས་ཀྱིས་བསྒྱུར་གནང་མཛད་པའི་དེབ་འདིའི་གསར་འགྱུར་ཞིག་སྤེལ་བཞིན་པའི་སྐབས་དང་བསྟུན་ནས། དགའ་སྤྲོ་དང་བཅས་ཏེ་མི་རིགས་དཔེ་སྐྲུན་ཁང་གི་དྲ་ལམ་དཔེ་ཚོང་ཁང་ནས་ཐད་ཀར་བླུས་པ་ཡིན། རྒྱུ་མཚན་ཡང་གུས་པའི་སྣང་ངོར་རྩོམ་པ་པོ་ལྡོང་བུ་ལགས་ནི་བོད་ཀྱི་རྩོམ་པ་པོའི་ཁྲོད་ནས་རྩོམ་རིག་གི་བློ་སྦྱོང་དང་གྲུབ་འབྲས་ཆེ་ཤོས་ཀྱི་གྲས་ཡིན་པར་འདོད་ཅིང་། ཁོང་དང་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི«འཛམ་གླིང་རྩོམ་རིག»སོགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་ལ་བྱས་རྗེས་མི་དམན་པ་འཇོག་མྱོང་སྟབས། ཁོང་གིས་བརྩམས་པ་དང་བསྒྱུར་བ། བསྒྲིགས་པ་གང་ཞིག་ཡིན་ཡང་དོ་སྣང་འོས་པ་ཞིག་ཏུ་མཐོང་ཡོད། ཡང་ན་ཚད་ཐིག་ཅིག་ཏུ་བསྒོམས་ཡོད་ཅེས་བཤད་ཀྱང་ཐལ་མི་ཆེ་བར་འདོད། དེ་བས། ད་ཐེངས་དེབ་འདི་བཀླགས་པས་རང་ཉིད་ཀྱིས«རྒྱལ་སྲས་ཆུང་ཆུང»ཞེས་པའི་བྱིས་སྒྲུང་འདིའང་ཐེངས་གསུམ་བཀླགས་གྲུབ་པ་ཡིན།
       འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཅན་རྣམས་ལ་བོད་འགྱུར་འཕྲོ་རིམ་འཕྲོར་འབྱུང་བ་ནི་དགའ་འོས་པ་ཞིག་སྟེ། དཔེར་ན«རྒྱལ་སྲས་ཆུང་ཆུང»ཁོ་ན་ལའང་མ་མཐའ་ཡང་བོད་འགྱུར་གསུམ་ཙམ་བྱུང་བ་ནི་བོད་ཀྱི་རྩོམ་རིག་དང་ལོ་ཙཱ། དཔེ་ཀློག་སོགས་གང་ཅིའི་ཐད་ནས་འཕེལ་རྒྱས་འབྱུང་བཞིན་པའི་དན་རྟགས་ཤིག་ཅི་ལ་མིན། དེ་བཞིན«རྒད་པོ་དང་རྒྱ་མཚོ»དང«སྒེའུ་ཁུང་གམ་གྱི་ཐོ་ཐོ་མ»སོགས་ལའང་བོད་འགྱུར་འགའ་ཞིག་ཐོན་དང་ཐོན་བཞིན་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་གོ །
       «རྒྱལ་སྲས་ཆུང་ཆུང»ཞེས་པ་ནི་བྱིས་སྒྲུང་ཞིག་ཡིན་པའི་ངོས་ནས། འདིས་བྱིས་པ་རྣམས་ལ་ངོ་མཚར་ཞིང་ཡ་མཚན་པའི་འཇིག་རྟེན་གསར་པ་ཞིག་གི་སྒོ་མོ་ཕྱེས་འདུག་སྟེ། བྱིས་པ་ཚོས་ཆུང་དུས་ནས་འདི་ལྟ་བུའི་བྱིས་སྒྲུང་མང་ཙམ་ཀློག་ཐུབ་ན་བསམ་བློའི་འཆར་སྒོ་དང་རྟོག་བཟོའི་འཇིག་རྟེན་ཕུན་སུམ་ཚོགས་པར་འགྱུར་བར་ཅིས་ཀྱང་ཕན་ཐོགས་པར་འདོད། «རྒྱལ་སྲས་ཆུང་ཆུང»གིས་སྐར་མའི་གོ་ལ་གཞན་ནས་བྱུང་བའི་ཁྱེའུ་ཆུང་ཆུང་ཞིག་གིས་མཐོང་སྣེ་སྤྱད་དེ་མིའི་རིགས་ཀྱི་ཁེར་རྐྱང་དང་བརྩེ་དགའ། སྐྱོ་སྣང་དང་འཆི་བ་སོགས་གླེང་འདུག་པས། ཀློག་པའི་ཚེ་ནའང་བྱིས་པའི་བློ་ཁ་དང་འཚམ་ཞིང་མཚར་སྣང་འདྲེན་པར་རམ་འདེགས་ཆེ་བར་འདོད། རང་རེའི་བྱིས་པ་རྣམས་ལ་སྔོན་ནས་བཟུང་གཏམ་རྒྱུད་ཙམ་ལས་འདི་ལྟའི་བློ་སྒོ་འབྱེད་པའམ་མཚར་སྣང་འདྲེན་པ། འཆར་སྣང་ཕྱུག་པའི་ཀློག་དེབ་ཉུང་བའི་སྟབས་ཀྱིས་ད་བར་དུ་བྱིས་པའི་ཀློག་དེབ་སྐོར་ལ་སྟོང་ཆ་ཆེན་པོ་ཞིག་ཤོར་སོང་བ་རེད། དེ་བས། བོད་ཀྱི་བྱིས་སྒྲུང་གསར་རྩོམ་པ་རྣམས་ཀྱིས་འདི་ལྟ་བུའི་བརྩམས་ཆོས་གྲགས་ཅན་ལ་སློབ་སྦྱོང་བྱེད་པ་ནི་གལ་འགངས་ཆེ་བར་འདོད།
       «རྒྱལ་སྲས་ཆུང་ཆུང»གི་བོད་འགྱུར་ངོས་ནས་གླེང་ན། སྤྱིར་ལོ་ཙཱ་བས་དབྱིན་འགྱུར་དང་རྒྱ་འགྱུར་མ་མང་ཙམ་ལ་གཤིབ་བསྡུར་གནང་ནས་བསྒྱུར་བ་ཡིན་སྟབས། ལྟོས་བཅས་ཀྱིས་གཞན་ལས་ལྷག་པའི་ཁྱད་ཆོས་མང་ཙམ་མཆིས་མོད། ཀློག་བདེ་མི་བདེ་དང་གོ་དཀའ་མི་དཀའི་ངོས་ནས་ཁོང་གི་འགྱུར་དེབ་རྗེས་མ་དེ་ཚོ་དང་བསྡུར་ན་ཧེ་བག་ཅུང་ཙམ་ཡོད་པར་འདོད། ཁྱད་པར་དུ་ཁོང་གིས་བསྒྱུར་གནང་མཛད་པའི«ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་མེ་ཏོག་རྐང་གཅིག»ལྟ་བུ་དང་བསྡུར་ན། ཚིག་གི་འགྲོས་བདེ་མི་བདེ་དང་ཡིག་སྐྱོན་ཡོད་མེད། ཞིབ་ཚགས་ཡོང་ཡོད་མེད་སོགས་གང་ལ་བལྟས་ཀྱང་ཅུང་ཉམས་དམའ་བར་འདུག དེ་ཡང་ལོས་ཡིན་ཏེ། རྩོམ་པ་པོ་དང་ལོ་ཙཱ་བ་སུ་དང་གང་ཞིག་ཡིན་ཡང་རིམ་པ་བཞིན་འཕེལ་རྒྱས་འབྱུང་བ་ནི་སྨྲོས་མ་དགོས་པ་ཞིག་རེད། མ་འགྲིག་པ་ནི་ཀློག་པ་པོ་ང་རང་གིས་དེབ་འདི་ཀློག་རྒྱུ་འཕྱི་སོང་བ་ཁོ་ན་ཙམ་དུ་ཟད།
       འཛམ་གླིང་བྱིས་སྒྲུང་གྲགས་ཅན«རྒྱལ་སྲས་ཆུང་ཆུང»དང་འབྲེལ་ནས་བོད་ཀྱི་བྱིས་སྒྲུང་གི་འཕེལ་རྒྱས་སྐོར་ལ་བསམ་གཞིག་ཅུང་ཙམ་བྱས་ན། ང་ཚོའི་ད་ལྟའི་བྱིས་སྒྲུང་རྩོམ་པ་པོ་རྣམས་ཀྱི་ལས་ཀ་གཙོ་བོ་ནི་སྔོན་གྱི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་བྱིས་པའི་གནའ་གཏམ་དག་ཇི་མ་ཇི་བཞིན་དུ་ཡིག་ཐོག་ཏུ་ཕབ་པའམ། ཡང་ན་དེ་དག་དང་ཆ་འདྲ་བ་རེ་བརྩམས་པ་ཙམ་གྱིས་མགུ་འདུག་པ་མིན་ལས་ཆེ། དེ་དག་གི་ཁྲོད་ན་བྱིས་པ་ཡ་རབས་བཅའ་དགོས་པ་དང་གཞན་ལ་གནོད་པ་སྐྱེལ་མི་རུང་བའི་སློབ་གསོའི་ཆ་ཞིག་ཅིས་ཀྱང་ཡོད་སྲིད་མོད། ང་ཚོའི་བྱིས་པ་རྣམས་ལ་ད་དུང་བློ་སྒོ་འབྱེད་པ་དང་རྟོག་བཟོ་དང་འཆར་ཡན་ལ་ཕན་པའི་ཀློག་དེབ་ཀྱང་མང་ཙམ་མཁོ་བས། «རྒྱལ་སྲས་ཆུང་ཆུང»ཇི་བཞིན་བཀླགས་མ་ཐག་བྱིས་པར་མཚར་སྣང་དང་བསམ་གཞིག་གི་བར་སྟོང་སྐྲུན་པའི་བརྩམས་ཆོས་མང་ཙམ་འབྲི་བ་ནི་གལ་ཆེ་ལ། དེ་ལྟ་བུའི་བརྩམས་ཆོས་འགྲུབ་དགོས་ན«རྒྱལ་སྲས་ཆུང་ཆུང»ལྟ་བུའི་རྩོམ་ཐབས་དང་སྒྱུ་རྩལ་གྱི་ཆ་ལ་སློབ་སྦྱོང་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།