ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་གིས་རིག་གནས་རྒྱུན་འཛིན་གྱི་ལམ་ཁ་བདེན་དཔང་བྱས་ཡོད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-09-03 08:39:14 ཀློག་གྲངས།:
       མཚོ་འཕགས་སྨི3700ལྷག་ཡོད་པའི་དམར་པོ་རིའི་རྩེ་རུ་ཀྲོང་ངེར་འགྱིངས་པ་དེ་ནི་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་ཞིང་གཞི་རྒྱ་ཆེས་ཆེ་ལ། ཉར་ཚགས་བྱས་པ་ཆེས་བཟང་བའི་ཕོ་བྲང་ཡིན། གནའ་ཉམས་ཀྱིས་ཕྱུག་ཅིང་གསོན་ཉམས་ལྡན།
       “ཉི་འོད་གྲོང་ཁྱེར”ལྷ་ས་ཡི་ལྟེ་བར་གནས་ཡོད་ཅིང་། འདི་ནི་ལོ་ངོ་སྟོང་ཕྲག་རིང་ལ་མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་སའི་ལོ་རྒྱུས་ཀྱི་ཁྱམས་ར་ཡིན་ལ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བཀྲག་མདངས་འཚེར།
       ལོ་ངོ་སྟོང་གི་ཤུལ་ནོར་གྱི་སྲུང་སྐྱོང་དང་རྒྱུན་འཛིན་གྱི་བཤུལ་ལམ་ལ་ཕྱིར་ལྟ་བྱས་ཚེ། འདིར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ཀྱི་རྗེས་ཤུལ་ཡོད་ཅིང་། ལོ་ཟླ་ཇི་ལྟར་འགོར་ན་དེ་ལྟར་གསར་པ་ཡིན།
       འདི་ནི་ཕོ་བྲང་པོ་ཏ་ལ་ཡིན།
       དུས་རབས་གསར་པའི་ཚུན་དུ། ཕོ་བྲང་པོ་ཏ་ལ་སྲུང་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱེད་པར་ཤུགས་བསྣན་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་སྲུང་སྐྱོང་ལེགས་པོ་བྱེད་དགོས།”ཞེས་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཏུ་བྱས་ཤིང་། “སྲུང་སྐྱོང་ནི་གཙོ་བོ་དང་། དོ་དམ་ལ་ཤུགས་སྣོན་པ། རིན་ཐང་སྔོག་འདོན། གོ་ཆོད་དུ་བེད་སྤྱོད་པ། རིག་དངོས་གསོན་དུ་འཇུག་དགོས།”ཞེས་པའི་དུས་རབས་གསར་པའི་རིག་དངོས་བྱ་བའི་བྱེད་ཕྱོགས་རྒྱུན་ལྡན་གྱི་བྱ་བའི་ཁྲོད་དོན་འཁྱོལ་བྱས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་གནའ་བོའི་ཕོ་བྲང་འདི་ལ་བཀྲག་མདངས་ལྡན་པར་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།
དེང་རབས་ཚན་རྩལ་གྱིས་གནའ་བོའི་ཕོ་བྲང་ལ་སྲུང་སྐྱོང་བྱས་ཏེ་གསོན་ཤུགས་བསྩལ།
       ཟླ་བརྒྱད་པའི་ལྷ་སའི་ནམ་ཟླ་མི་ལ་ལྷག་པར་འཕྲོད། མཚན་མོར་ཆར་བབས་རྗེས་མཁའ་དབུགས་སྔར་ལས་གཙང་། “ལྷ་སའི་སྔོ་མདོག”གི་ནམ་མཁས་བརྒྱན་པ་ན། ཕོ་བྲང་པོ་ཏ་ལ་ནི་སྔར་ལས་རྔམ་བརྗིད་ལྡན་པར་མངོན།
       ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ། ལས་བྱེད་མི་སྣས་གྲངས་ཀ་ཅན་གྱི་སྟེགས་བུར་བརྟེན་ནས་ཕོ་བྲང་པོ་ཏ་ལའི“གྱོ་མོག་དང་རྫ་གཡམ་རེ་རེ”ལ་དུས་ཐོག་ལྟ་སྐུལ་ཚོད་འཛིན་བྱེད་པར་བྲེལ་བཞིན་ཡོད།
       ཕོ་བྲང་པོ་ཏ་ལ་ནི་དུས་རབས7པར་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་ཤིང་། འཛུགས་སྐྲུན་གྱི་སྒྲིག་གཞི་རྙོག་འཛིང་ཆེ་ཞིང་ནང་ཁུལ་དུ་སྒྲིག་ཆས་མང་ལ། གྱང་ངོས་ནི་གོང་ནས་འོག་ཏུ་སྐས་དབྱིབས་སུ་མངོན་པས་ཐིག་ལེན་པར་དཀའ་ཁག་ཅུང་ཆེ།
       “ང་ཚོས་མི་མེད་གནམ་གྲུས་བརྙན་ལེན་པ་དང་ཚད་གསུམ་སྐུལ་འོད་ཀྱིས་བཤེར་འབེབས་བྱེད་པ། མཐོང་སྣེ་མང་པོའི་བརྙན་རིས་བསྐྱར་སྐྲུན་སོགས་ཀྱི་སྔོན་ཐོན་ལག་རྩལ་སྤྱད་ནས་དེ་ལ་ཕྱོགས་ཡོངས་ནས་ཡང་དག་པའི་ཐིག་ལེན་བྱས་ཏེ། ཆ་ཚང་བའི་གྲངས་ཀ་ཅན་གྱི་མ་དཔེ་ལེགས་པར་བསྐྲུན”ཞེས་ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཐུབ་བསྟན་ཚེ་རིང་གིས་དེ་ལྟར་བཤད།
       གྲངས་ཀ་ཅན་གྱི་མ་དཔེ་བསྐྲུན་པའི་གོ་རིམ་ཁྲོད། ཕོ་བྲང་པོ་ཏ་ལའི་ཤིང་ཆ་རེ་རེ་དང་གྱང་ངོས་རེ་རེ། གློག་སྒོའི་སྐུད་ལམ་རེ་རེ། ལྷ་སྐུ་དང་ལྡེབས་རིས། ཐང་ག་སོགས་རིག་དངོས་ཀྱི་ཆ་འཕྲིན་ཚང་མ་རྩིས་འཁོར་ནང་དུ་བཅུག་པ་ཡིན། གྲངས་ཀ་འདི་དག་གིས་ཞིབ་འཇུག་མི་སྣར་འཛུགས་སྐྲུན་དང་རིག་དངོས་ཉིད་ལ་རྒྱུས་ལོན་གསལ་པོ་བྱེད་པར་རོགས་བྱེད་ཐུབ་པར་མ་ཟད། བྱ་བ་སྒྲུབ་པའི་གོ་རིམ་ཁྲོད་རིག་དངོས་ལ་མི་མངོན་པའི་གནོད་པ་གཏོང་བ་ཇེ་ཉུང་དུ་གཏོང་ཐུབ།
       “ཞིབ་འཇུག་མི་སྣས་ལྡེབས་རིས་གང་རུང་ཞིག་ལ་ཞིབ་འཇུག་བྱ་འདོད་ན། མ་དཔེའི་ཁྲོད་ནས་པར་རིས་དྭངས་གསལ་ཅན་ལ་བལྟས་པས་ཆོག ཡུལ་དངོས་སུ་སོང་ནས་རེག་མི་དགོས། འདི་ལྟར་བྱས་ཚེ་རིག་དངོས་ཉིད་ལ་ཐེངས་གཉིས་པར་གནོད་པ་གཏོང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ”ཅེས་ཐུབ་བསྟན་ཚེ་རིང་གིས་ངོ་སྤྲོད་བྱས།
       ཕོ་བྲང་པོ་ཏ་ལ་ནི་དཔེ་མཚོན་རང་བཞིན་གྱི་བོད་ལྗོངས་སྲོལ་རྒྱུན་གྱི་ས་རྡོ་ཤིང་གསུམ་གྱིས་ལས་པའི་འཛུགས་སྐྲུན་ཡིན། རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པས། དུས་ཡུན་རིང་བོའི་རླུང་འགྱུར་དང་ས་རྒྱུའི་འགྱུར་ལྡོག་གིས་དེའི་བརྟན་བརླིང་རང་བཞིན་ལ་གནོད་པ་ཐེབས་སྲིད། དེའི་ཕྱིར། ཕོ་བྲང་པོ་ཏ་ལའི་གཞི་ཁྱོན་ཆེ་བའི་ལྟ་ཞིབ་ཚད་ལེན་མ་ལག་ཁྲོད། ཚོར་ཆས1000ལྷག་བཞག་སྟེ་འཛུགས་སྐྲུན་སྒྲིག་གཞིའི་འགྱུར་ལྡོག་ལ་དུས་ཐོག་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད།
       ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། “ང་ཚོས་ཁོར་ཡུག་གི་དྲོད་ཚད་དང་གྱང་ངོས། ཀ་བའི་གསེག་ཚད་སོགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཅིང་། ཕོ་བྲང་པོ་ཏ་ལའི་ཤིང་གི་སྒྲིག་གཞི་དང་གྱང་ངོས། ས་ངོས་ཀྱི་བརྟན་འཇགས་རང་བཞིན་ལ་དཔྱད་དཔོག་བྱེད་པར་གཞི་གྲངས་ཀྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་ཐུབ།”
       མི་མེད་གནམ་གྲུ་དང་དྲོད་འཇལ་འོད་རྒྱུས། 3Dབཤེར་འབེབས་ལག་རྩལ་སོགས་ཚན་རྩལ་སྟོབས་ཤུགས་ཀྱིས་རྒྱུན་ཆད་མེད་པར་ཕོ་བྲང་པོ་ཏ་ལར“རིག་ནུས་ཀྱི་རྒྱུད་རྒྱུ”བསྩལ་ཅིང་། མི་རྣམས་ལ་དེ་ཉིད་ལོ་ངོ་སྟོང་ལ་རྒྱུན་མཐུད་པའི་སྙིང་གི་འཕར་སྒྲ་ཐོས་སུ་བཅུག “ང་ཚོས་ད་དུང་སྲུང་སྐྱོང་ལག་རྩལ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས་ཚན་རྩལ་སྟོབས་ཤུགས་ཀྱིས་རྒྱུན་མཐུད་ངང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ནུས་པ་འདོན་རྒྱུ་ཡིན”ཞེས་ཀུན་དགའ་བཀྲ་ཤིས་ཀྱིས་བཤད།
རིག་དངོས་ཀྱིས་ལོ་རྒྱུས་ཡང་བསྐྱར་མངོན་ཏེ་ལོ་ངོ་སྟོང་གི་མི་རིགས་མཉམ་འདྲེས་བདེན་དཔང་བྱས།
       དབྱར་གནང་གི་སྐབས་སུ། ལྷ་སའི་ལོ་གཅིག་གི་ནང་ཆེས་སྐྱིད་པའི་ཡུལ་སྐོར་དུས་ཆེན་སླེབས། ཕོ་བྲང་པོ་ཏ་ལའི་ལྗོངས་ཁུལ་དམར་པོ་རིའི་འདབས་རོལ་གྱི་གངས་ལྗོངས་རྟེན་མཛོད་ཁང་གི“བདེན་དཔང་དང་ལྟ་སྲུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་གཞིའི་འགྲེམ་སྟོན”གྱིས་ཡུལ་སྐོར་པ་མང་པོ་བཀུག ཁོ་ཚོས་སྤུས་ལེགས་པའི་གསེར་ཡིག་བྲིས་ཡོད་པའི་ཐེམ་བྱང་དང་ཐང་ག དར་གོས་ཀྱིས་བཏགས་པའི་ཐོན་རྫས། རྫ་ཆས། གཡང་ཊིའི་རིགས་ལ་ལྟ་ཞོར་དུ་བསྟོད་བསྔགས་མཚམས་མ་ཆད་པར་གནང་བཞིན་ཡོད།
       “ང་ཚོས་མི་རིགས་མཐུན་སྒྲིལ་མཚོན་ཐུབ་པའི་རིག་དངོས་རྩ་ཆེན100ལྷག་བདམས་ནས‘ཁྱིམ་ཚང་གཅིག་ལྟར་འདྲེས’དང‘དངོས་ཀུན་གསར་བརྗེ’ཞེས་པའི་ཁག་གཉིས་སུ་བགོས་ཏེ། དངོས་པོ་དང་པར་རིས། བརྙན་སོགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་གཟུགས་ལྡན་གྱི་རྣམ་པས་བོད་ལྗོངས་དང་མེས་རྒྱལ་གྱི་ས་ཁུལ་སོ་སོའི་མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་མངོན”ཞེས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་རིག་དངོས་ཞིབ་འཇུག་ཁང་གི་ཀྲུའུ་རེན་རྡོ་རྗེ་ཕུན་ཚོགས་ཀྱིས་ཡུལ་དངོས་སུ་དེ་ལྟར་ངོ་སྤྲོད་བྱས།
       རིག་དངོས་རྩ་ཆེན་འདི་དག་དང་ཉེ་བར་བཅར་ཚེ། ལོ་ངོ་སྟོང་གི་སྔོན་གྱི་མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་ཁྱམས་རར་རྒྱུ་བ་དང་འདྲ།
       ཕོ་བྲང་པོ་ཏ་ལ་ནི་མ་གཞི་ནས་རྒྱ་དང་བོད། སོག་པོ། མན་ཇུ་དང་མི་རིགས་གཞན་པ་རྣམས་ཀྱིས་ཐུན་མོང་གིས་ཀྲུང་ཧྭའི་ཤེས་རིག་བསྐྲུན་པའི་བདེན་དཔང་ཡིན། ལོ་རྒྱུས་ཡིག་ཚགས་སུ་བཀོད་པ་ལྟར་ན། ཕོ་བྲང་དམར་པོ་བཞེངས་དུས། གོང་མ་ཁང་ཤིས་ཆེད་དུ་རྒྱ་རིགས་དང་མན་ཇུའི་རིགས། སོག་རིགས་བཅས་ཀྱི་བཟོ་པ་བརྒྱ་ལྷག་བོད་ལ་མངགས་ཏེ་བཞེངས་རོགས་བྱེད་དུ་བཅུག
       ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོའི་སྒོ་དང་བར་ཁྱམས་ཀྱི་ལྡེབས་རིས་ངོས་སུ། རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་རྣམ་པ་གསོན་ཉམས་ལྡན་ཞིང་། དེས་ལོ་ངོ1300ལྷག་གི་སྔོན་དུ་རྒྱ་བོད“མཐུན་སྦྱོར་གཉེན་སྒྲིག”བྱས་པའི་ལོ་རྒྱུས་གསོན་ཉམས་ལྡན་པའི་ངང་རྗོད་བཞིན་ཡོད། ཕོ་བྲང་པོ་ཏ་ལའི་ནུབ་ཀྱི་ཕོ་བྲང་གི་ལྡེབས་རིས་སུ། རྒྱལ་དབང་སྐུ་ཕྲེང་ལྔ་པ་སྤྱི་ལོ1652ལོར་ལམ་ལ་ཆས་ཏེ་པེ་ཅིན་དུ་ཆིང་གི་གོང་མ་ཧྲུན་ཀྲི་ལ་མཇལ་དུ་ཕྱིན་པའི་གནས་ཚུལ་ཞིབ་ཏུ་བཀོད་ཡོད་དེ། ལྷ་ས་ནས་ལམ་ལ་ཆས་པ་དང་པེ་ཅིན་དུ་ཕེབས་པ། མཇལ་འཕྲད། གསོལ་སྟོན་ལ་ཞུགས་པ། རྩེད་མོར་རོལ་བ། ཟློས་གར་ལ་བལྟ་བ། པེ་ཅིན་དང་ཁ་བྲལ་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་མུ་འབྲེལ་རི་མོའི་རྣམ་པས་ལོ་རྒྱུས་རྩ་ཆེན་དེ་གསོན་ཉམས་ལྡན་པར་མཚོན་ཡོད།
       “འཛམ་གླིང་གི་ཡང་རྩེའི་མུ་ཏིག”ཏུ་བསྔགས་པའི་གནའ་བོའི་བརྗིད་ཆགས་པའི་ཕོ་བྲང་འདིར་ད་དུང་རྒྱུ་ཆ་མི་འདྲ་བའི་དཀྱིལ་འཁོར་དང་ལྷ་སྐུ། གནའ་དཔེ་ཡིག་ཚང་། ཐང་ག གྱོན་གོས། རྫ་ཆས་སོགས་རིག་དངོས་ཁྲི་བཅུ་ཉར་ཚགས་བྱས་ཡོད།
       “དེ་ལས་མིང་དང་ཆིང་རྒྱལ་རབས་ཚུན་གྱི་གོང་མ་རིམ་བྱོན་གྱིས་གནང་བའི་ཤོག་དྲིལ་དང་སྐུ་འདྲ། ཆོ་ལོ་སྩོལ་བའི་གོང་མའི་བཀའ་ཡིག བརྡ་བསྒྲགས། བོད་ལྗོངས་ས་གནས་ཀྱི་རིམ་པ་སོ་སོའི་དཔོན་གནས་བསྐོ་གཞག་བྱེད་པའི་ཐམ་ག ད་དུང་གོང་མས་གནང་བའི་ཐེམ་བྱང་དང་མཚན་བྱང་སོགས་ཚང་མས་བོད་ལྗོངས་ནི་གནའ་ནས་བཟུང་མེས་རྒྱལ་དང་ཁ་བྲལ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་སྟོབས་དང་ལྡན་པར་བདེན་དཔང་བྱེད་བཞིན་ཡོད”ཅེས་ཀུན་དགའ་བཀྲ་ཤིས་ཀྱིས་བཤད།
བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭའི་ཤེས་རིག་གི་སྐྱེ་སྟོབས་ལ་སྐུལ་འདེད་བྱས།
       ཕོ་བྲང་པོ་ཏ་ལ་ནི་ཉིན་གཅིག་ལ་བཞེངས་ནས་གྲུབ་པ་ཞིག་མིན། བདེན་སྲུང་གསར་གཏོད་གཞི་མ་བྱས་པའི་སྲུང་སྐྱོང་དང་རྒྱུན་འཛིན་ནི། དེ་ཉིད་ཀྲུང་ཧྭའི་ཤེས་རིག་གི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་གསོན་ཤུགས་གཏན་དུ་འཛིན་པའི་གསང་གྲངས་ཡིན།
       ད་ལོའི་ཟླ7པའི་ཟླ་དཀྱིལ་དུ། ཕོ་བྲང་པོ་ཏ་ལ་ནས་ཏ་ལའི་ལོ་མའི་ཆོས་དཔེར་ཚོད་ལྟའི་རང་བཞིན་གྱི་སླར་གསོ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་པ་ཁྱབ་བསྒྲགས་བྱས། ལས་སྒྲུབ་མི་སྣས་རྒྱལ་ནང་དུ་སླར་གསོའི་ཆ་རྐྱེན་དང་འཚམ་པའི་ཏ་ལའི་ལོ་མའི་རྒྱུ་ཆ་རྙེད་པར་མ་ཟད། ད་དུང་ཏ་ལའི་ལོ་མའི་ཆོས་དཔེའི་སླར་གསོ་སྦྱོར་རྫས་ཀྱི་སྡེབ་སྦྱོར་དང་ཁ་དོག་སླར་གསོ་དང་མཁྲེགས་པོ་བཟོ་བ་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་བླངས།
       ཏ་ལའི་ལོ་མའི་ཆོས་དཔེ་ནི་ཤིང་ཏ་ལའི་ལོ་མའི་སྟེང་བྲིས་པའི་ཆོས་གཞུང་ཡིན་ཞིང་།  ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་ཆོས་དཔེ་ནི་འཛམ་གླིང་གི་ཆེས་མང་ཤོས་ཡིན་མོད། ལོ་ཟླ་མང་པོ་འགོར་བས་ཉུང་ངུ་ཞིག་ལ་ཤུན་པ་རྫེ་བ་དང་འབྱར་བ་སོགས་ཀྱི་གནོད་སྐྱོན་བྱུང་ཡོད་པས་སླར་གསོ་བྱེད་པར་དཀའ་ཁག་ཤིན་ཏུ་ཆེ།
       2018ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱིས་དུས་ཡུན་ལོ10དང་མ་དངུལ་སྒོར་དུང་ཕྱུར3ཙམ་གཏོང་འཆར་ཡོད་པའི་ཕོ་བྲང་པོ་ཏ་ལའི་ཏ་ལའི་ལོ་མའི་ཆོས་དཔེ་སོགས་གནའ་དཔེ་ཡིག་ཚང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས།
       “ཏ་ལའི་ལོ་མའི་ཆོས་དཔེ་སླར་གསོའི་ལག་རྩལ་ལ་འཛམ་གླིང་ཡོངས་སུ་གཅིག་གྱུར་གྱི་ཚད་གཞི་མེད་ལ་བྱེ་བྲག་གི་སླར་གསོའི་བཟོ་རིམ་ཡང་མེད། ང་ཚོས་གོམ་པ་རེ་རེ་བཞིན་འཚོལ་ཞིབ་དང་གསར་གཏོད་བྱས་པས་ད་གཟོད་གྲུབ་འབྲས་གལ་ཆེན་བླངས།”ཞེས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་རིག་དངོས་སྲུང་སྐྱོང་ཁོ་ཡི་ལས་སྒྲུབ་མི་སྣ་ཀླུ་འབུམ་མཁར་གྱིས་དེ་ལྟར་བཤད།
       བོད་རང་སྐྱོང་ལྗོངས་ཀྱིས་ད་ལོའི་ལོ་སྟོད་དུ་བཀྲམ་པའི«ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་དང་བེད་སྤྱོད་བྱ་བའི་སྤྱིའི་ཇུས་གཞི»གཞིར་བཟུང་ན། 2025ལོ་ནས2028ལོའི་བར་དུ། བོད་ལྗོངས་ཀྱིས་ཏ་ལའི་ལོ་མའི་ཆོས་དཔེ་བམ་པོ465དང་གནའ་དཔེ39752སྲུང་སྐྱོང་དང་སླར་གསོའི་བྱ་བ་འགྲུབ་འཆར་ཡོད། གནའ་དཔེ་ཡིག་ཚང་བམ་པོ་ཁྲི་ཕྲག་དུ་མ“ཁོང་དུ་སྦེད་པ་ལས་མངོན་པར་ཕྱུངས”ཏེ། མི་སྔར་ལས་མང་པོར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བློ་གྲོས་དང་འགུག་ཤུགས་ཉམས་སུ་མྱོང་དུ་འཇུག་རྒྱུ་རེད།
       ཕོ་བྲང་པོ་ཏ་ལས་ད་དུང་རིག་དངོས་ཐོན་ཁུངས་སྤུས་ཚད་མཐོ་བའི་རིག་གནས་འདོན་སྤྲོད་དུ་བསྒྱུར་བར་འཚོལ་ཞིབ་བྱས། ཕོ་བྲང་དུ་ཉར་བའི་རིག་དངོས“ཕྱི་རུ་འགྲོ་བ”ལ་བརྟེན་ནས། སྔ་ཕྱིར་ཅང་སུའུ་ཡང་ཀྲོའུ་དང་ཐེན་ཅིན། སི་ཁྲོན་སོགས་དང་མཉམ་འབྲེལ་བྱས་ཏེ།  ཕོ་བྲང་དུ་ཉར་བའི་རིག་དངོས་ལ་འགྲེམ་སྟོན་སྟེགས་བུ་རྒྱ་ཆེན་པོ་བསྐྲུན་ནས་མི་སྔར་ལས་མང་པོར་དེའི་བརྗིད་ཉམས་མྱོང་དུ་བཅུག
       དུས་མཚུངས་སུ། གནའ་བོའི་ཕོ་བྲང་གི་རྟེན་མཛོད་གླིང་དང་ཧྲང་ཧའེ་རྟེན་མཛོད་ཁང་སོགས་དང་མཉམ་འབྲེལ་བརྗེ་རེས་བྱས་པར་བརྟེན་ནས།  ཕོ་བྲང་པོ་ཏ་ལས་ཁ་བཏགས་དང་བོད་སྤོས། རྫ་ཆས་སོགས་རིག་གཏོད་ཐོན་རྫས་རིགས400ལྷག་དང་གྲངས་འབོར1000ལྷག་གསར་སྤེལ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་བྱས།
       “རེ་བ་ཡིན་ན་ཕོ་བྲང་པོ་ཏ་ལའི་རིག་གཏོད་ཐོན་རྫས་ལ་བརྟེན་ནས་ཚང་མས་ཀྲུང་ཧྭའི་ཤེས་རིག་གི་སྣ་འཛོམས་རང་བཞིན་མཐོང་ཐུབ་ཅིང་། སྔར་ལས་མང་བའི་རིག་གནས་ཡིད་རྟོན་གྱི་ས་བོན་འདེབས་ཐུབ་པར་སྨོན”ཞེས་ཕོ་བྲང་པོ་ཏ་ལའི་རིག་གཏོད་ཀུང་སིའི་འགན་འཁུར་བ་འཇིགས་མེད་ཀྱིས་དེ་ལྟར་བཤད། །

ཕག་མོ་འཚོས་བསྒྱུར། དཔལ་ཆེན་རྡོ་རྗེས་ཞུས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།