དེབ་གསར། «རྨ་སྟོད་རི་ཆུའི་རིག་གནས་རྨ་ཀླུང་སྒེག་མོའི་གསང་གཏམ»(པོད་གསུམ།)

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-12-04 08:04:10 ཀློག་གྲངས།:
       ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་ཕྱག་ཚ་དཔལ་ལྡན་གྱིས་བརྩམས་པའི«རྨ་སྟོད་རི་ཆུའི་རིག་གནས་རྨ་ཀླུང་སྒེག་མོའི་གསང་གཏམ»ཞེས་པ་འདི་ནི་ཡུལ་རྨ་སྟོད་ཀྱི་སྣོད་བཅུད་ཀྱི་ཁོར་ཡུག་དང་བྱེ་བྲག་རི་ཆུའི་རིག་གནས་སྐོར་རྒྱས་པར་བཤད་པའི་བརྩམས་ཆོས་གསར་བ་ཞིག་ཡིན་ལ། བསྡོམས་པའི་པོད་གསུམ་ཡོད།
       འདིའི་བྱེ་བྲག་གི་ནང་དོན་ཆ་ནས་རྨ་སྟོད་ཀྱི་རྫོང་དང་གྲོང་རྡལ། གནས་རི་དང་གཞི་བདག །རི་ཆེན་དང་རི་རྒྱུད། མཚོ་དང་མཚེའུ། མཚོ་སྙིང་། ཆུ་བོ་དང་འབབ་རྒྱུན། ཆུ་མིག་དང་ཆུ་ལག ན་ཐང་དང་ལུང་པ། ངོ་མཚར་བྲག་རྡོ་སྣ་ཚོགས། ལབ་རྩེ་དང་རྡེའུ་འབུམ། དགོན་གནས་གྲགས་ཅན། སྒྲུབ་ཕུག་གྲགས་ཅན། བང་སོ་དང་བྲག་རིས། གླིང་སྒྲུང་གི་རྗེས་ཤུལ། ཐང་བོད་གཞུང་ལམ་གཙོའི་གནའ་བོའི་ལམ་ཆེན། དུར་ཁྲོད་སོགས་དང་དེའི་ཞོར་དུ་སའི་བཤད་པ་དང་ས་ཁྲ། ཟུར་བལྟའི་དཔྱད་གཞིའི་ཡིག་རིགས་སོགས་ཡིག་འབྲུ་ཁྲི་བརྒྱ་དང་བཅུ་གཉིས་དང་། པར་ཆིག་སྟོང་ཉིས་བརྒྱ་ལས་གྲུབ་པ་ཞིག་ལགས།རྨ་སྟོད་ཀྱི་ཡུལ་འདི་ཤར་ཨ་མྱེ་རྨ་རྒྱལ་གངས་རིའི་རྫ་རྒྱུད། ལྷོ་དམར་རྫ་ཟལ་མོ་སྒང་ངམ་ཁྲ་ལ་རི་རྒྱུད་དམ་བ་ཡན་ཧ་རི། ནུབ་གནམ་སྔོན་ཐང་ལ་ལྷུང་འདྲའི་མཚོ་མོ་སྐྱ་སྔོ་གྲོ་གསུམ། བྱང་འཁོར་གྱི་རྫ་རྒྱུད་རིང་མོའམ་གླིང་གི་དུས་སུ་ཐོག་ལའི་རྫ་རྒྱུད་དང་རྫ་གྲུ་བཞི་རྫ་ནག་རི་རྒྱུད་ལ་ཐུག་གི་བར་གནས་ཤིང་། རང་རེའི་རྒྱལ་ཁབ་ཀྱི་སྐྱེ་འགྲོ་ཁྲི་མ་འབུམ་གྱི་མ་ཡུམ་རྨ་ཀླུང་དལ་འབབ་རིང་མོའི་འགོ་ཁུངས། མཚོ་དང་མཚེའུ་ལྔ་སྟོང་ལྷག་གི་འཁྲུངས་གནས་ཡིན་པས། ཀྲུང་ཧྭའི་ཆུ་མཛོད་ཅེས་མིང་དུ་བསྔགས་ཡོད། དེ་ལ་རྡོ་ནག་མདུང་རྩེ་དང་ཀླུ་ནག་མདུང་རྩེ། བང་ཚང་གཡུ་རྩེ། སྨུག་རི་སྟག་རྩེ། བཙན་གྱི་ཤྭ་རྫ་མཐོན་པོ། བྱང་རི་དགྲ་རྒོད་མདུང་རྩེ་སོགས་ཀྱིས་མཚོན་པའི་རྫ་རི་གནམ་ལ་ཟུག་འདྲ། སྟོང་རྫ་ཁྲ་ར་དང་དཀར་ལ་ལྷ་རྩེ། དགྲ་ལྷའི་ཁྲ་མཁར། ཧོ་དབུས་ནག་འདུས་སོགས་ཀྱིས་མཚོན་པའི་གཡའ་རི་སྤྲིན་ལ་རེག་པ། སྟོང་གི་བྲག་དཀར་ལྷ་རྩེ་དང་བེ་རི་གཡུ་རྩེ། སྟོང་གི་མཛོ་རྒན་ཁྲ་བོ། བེ་ཡི་ཨ་མྱེ་རྫ་དམར། ཆུ་འཕོངས་གླང་ཤར་སོགས་ཀྱིས་མཚོན་པའི་གྲུ་རུ་མཛེས་ཤིང་སྡུག་པ། སྤེན་མའི་རི་བཙན་དང་མཚོ་བར་དཀར་རྩེ། བང་ཚང་ཤྭ་བ་སེར་ཡུ། སྐྱ་རེངས་གནས་པོ་འཕྱོར་ཡག །སྔོ་འཕྱོར་སྔོ་ལ་རྩི་ཏོག་སོགས་ཀྱིས་མཚོན་པའི་སྤང་རི་སྣུམ་ཆགས་པ། གཞན་ཡང་ཀླུ་ནག་གསེར་གཞོངས་དང་དཀར་ལའི་གསེར་གཞོངས། བང་ཚང་གསེར་གཞོངས། དུག་གི་ན་གཞོངས། ངང་བའི་གཤོག་ཐང་། ཧུ་ལའི་ན་སྒང་སོགས་ཀྱིས་མཚོན་པའི་དཀྱེལ་ཡངས་ལ་མཐའ་མི་མངོན་པའི་བརླན་ས་ཆེན་མོ། ཨ་ཕྱི་དུག་ཐང་སྐྱ་མོ། རྨ་གཞོངས། རྨ་ཀ་ལིའི་ལྷ་ཐང་རིང་མོ་སོགས་ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན། མཚོ་སྐྱ་རེངས་དང་སྔོ་རེངས། གྲོ་རེངས། སྟོང་རིའི་མཚོ་ནག །བེ་རིའི་དུག་མཚོ་སོགས་མཚོ་དང་མཚེའུ། ཆུ་ཀླུང་ཆེ་ཆུང་བརྒྱ་ཕྲག་དུ་མའི་སྐོར་གླེང་ཡོད། གཞན་ཡང་རྨ་ཆུའི་ཆུ་འགོ་དང་སྟོང་ཆུའི་ཆུ་འགོ་སོགས་ཆུ་མིག་སུམ་སྟོང་ལ་ཉེ་བ་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།