«གཡུ་དྲུག་དཀར་དཔེ་ཚོགས»(ཁག་བཞི་པ)དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-12 17:29:10 ཀློག་གྲངས།:
       སྤྱི་ལོ༢༠༢༥ལོའི་ཟླ༡༡པར་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་དང་འཇུ་སྐལ་བཟང་སོགས་ཀྱི་བརྩམས་ཆོས་གསར་པ་པོད་དྲུག་གི་བདག་ཉིད་ཀྱིས་གྲུབ་པའི«གཡུ་དྲུག་དཀར་དཔེ་ཚོགས»(ཁག་བཞི་པ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།
       ཐེངས་འདིའི་དཔེ་ཚོགས་ནི། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི«ཐོལ་རྩོམ་བདམས་བསྒྲིགས»དང་། འཇུ་སྐལ་བཟང་གི«སྒྲུང་བརྗོད་སྙན་ངག་རིང་མོ»(ཚིགས་བཅད་སྙན་ངག) མཚོ་སྐྱེས་ཀྱི«གོ་ཁ»(རང་མོས་སྙན་ངག) བུ་ཚེ་རིང་རྒན་པའི«ཕ་ཡུལ་གྱི་ནམ་མཁའ། ཕ་ཡུལ་གྱི་ས་གཞི»(ལྷུག་རྩོམ) གཅན་རང་སད་ཀྱི«མེ་ལོང་དགུ་རྡུང»(ཚིགས་བཅད་སྙན་ངག)  ཚེ་དབང་རྣམ་རྒྱལ་གྱི«ཁྭ་ཏ»(སྒྲུང་གཏམ)བཅས་བརྗོད་བྱ་རྗོད་བྱེད་གང་ཐད་ནས་སྤུས་ཚད་མཐོ་བའི་དཔེ་དེབ་དྲུག་གིས་གྲུབ་ཅིང་། དེབ་འདི་དག་ཏུ་བསྡུས་པའི་བརྩམས་ཆོས་རྣམས་ནི་རྩོམ་པ་པོ་དག་གི་ཉེ་བའི་ལོ་ཤས་རིང་གསར་རྩོམ་གྱི་འབྲས་བཟང་འབའ་ཞིག་གོ །
       དཔེ་དེབ་འདི་དག་ཏུ། བོད་ཀྱི་རིག་གནས་ལོ་རྒྱུས་ཐད་མཛད་རྗེས་ཆེ་བའི་སྐྱེས་ཆེན་དག་ལ་རྗེས་དྲན་ཞུས་པ་དང་། གསར་རྩོམ་གྱི་ཉམས་མྱོང་གླེང་བ། ཕུ་ནུ་ལྷན་འཛོམས་ཀྱི་བྱུང་བ་བརྗོད་པ། འཚོ་བའི་བྲོ་བ་ལས་བྱུང་བའི་བསམ་གཞིག་བྲིས་པ། ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་དོ་མཉམ་གྱི་དགེ་མཚན་གླེང་བ། དགའ་སྐྱོ་ཆགས་སྡང་གི་སྲིད་པའི་མྱོང་སྣང་བརྗོད་པ། གཞན་དབང་གི་འཆིང་བ་ལས་ཐར་ཏེ་རང་དབང་གི་ཕྱོགས་སུ་རེ་ཞིང་སྙེག་པ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས། དེ་དག་ཀྱང་མདོར་བསྡུས་ན། བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གོ་གནས་གལ་ཆེན་ཟིན་ཡོད་པའི་རྩོམ་པ་པོ་དག་གི་དུངས་ཞེན་དང་ཁུར་སེམས་ལྕི་མོས་འུ་ཅག་ཚང་མའི་ལུས་སེམས་ཀྱི་གནས་མལ་དུ་གྱུར་པའི་ཕ་ཡུལ་གངས་ཅན་གྱི་ལྗོངས་འདིའི་ལོ་རྒྱུས་དང་རིག་གནས། ད་ལྟའི་གནས་བབ། མ་འོངས་པའི་རེ་འདུན་སོགས་ཀྱི་ཐད་མནོ་བསམ་ཟབ་མོ་ཁུར་དུ་བཞེས་འདུག་པས་ན། རྒྱ་ཆེ་བའི་ཀློག་མཁན་རྣམས་ལ་སྤྲོ་བ་དང་སེམས་ཤུགས། བློ་སྐྱེད་སོགས་ཆེས་ཆེར་སྩོལ་ནུས་ཅེས་སྨྲས་ཆོག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།