༄༅། །བོད་སྨན་ཁང་རྣམས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེ་མོ་སྟེར་མཁན་ནི་བུད་མེད་ཡིན་ན་འགྲིག་མིན་གྱི་བགྲོ་གླེང་།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-27 09:36:23 ཀློག་གྲངས།:
འགོ་བརྗོད།

       ང་ཚོ་བོད་ཀྱི་གསོ་རིག་གི་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སྒྲུབ་སྐབས་སུ། སྨན་སྦྱོར་བ་དག་སྐྱེས་པ་མ་གཏོགས་བུད་མེད་ལ་ཤིན་ཏུ་འཛེམས་པ་ནི། ཐམས་ཅད་ཀྱིས་མཁྱེན་གསལ་ལྟར་ཡིན། འོ་ན་ཁོ་བོར་དོགས་པ་ཞིག་མཆིས་པ་ནི། གལ་ཏེ་རིན་ཆེན་བཙོ་བཀྲུ་ཆེ་མོ་དང་། བཙོ་བཀྲུའི་སྦྱོར་བ་ཅན་གྱི་རིན་པོ་ཆེ་དེ་དག་སྨན་སྟེར་ཁང་དུ་བཞག་པ་ན། དེ་ནད་པར་སྟེར་མཁན་ནི་བུད་མེད་སྨན་པ་ཡིན་ན་འགྲིག་མིན་དེའོ། །
གཅིག མཁས་པའི་ཉམས་ཡིག་ཏུ་དངུལ་ཆུ་བཙོ་བཀྲུའི་སྐབས་སུ་བུད་མེད་ལ་འཛེམས་དགོས་ཚུལ་བསྟན་པ།
       དེ་ཡང་གནའ་དེང་གི་རིན་ཆེན་དངུལ་ཆུ་བཙོ་བཀྲུའི་སྐབས་སུ་བུད་མེད་ལ་འཛེམས་དགོས་ཚུལ་མང་དུ་གསུངས་ཡོད་དེ། «བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད་ཅེས་བྱ་བ་བཞུགས་སོ། །»ཞེས་པ་རུ་ཀོང་སྤྲུལ་རིན་པོ་ཆེས། གནས་ཁང་གཙང་ཞིང་དབེན་ལ་རྒྱ་ཡངས་པར་མི་གཙང་གྲིབ་རིགས་དང་དོན་མེད་ཀྱི་འཕྲུལ(འགྲུལ)བཅད། ཁྱད་པར་ཁྱི་དང་བུད་མེད་ཀྱི་འགྲིམས་འགྲུལ་སྤང་།[1]ཞེས་པ་དང་། ཡང་དེའི་མཇུག་ཏུ། དམ་ཚིག། དེ་ཕྱིན་ཆད་ནམ་ཡང་ཁྱི་དང་བུད་མེད་ཀྱིས་མི་རེག་ཅིང་མ་མཐོང་བ་དང་།[2]ཞེས་བཀོད་འདུག། «སྲིད་གསུམ་གཙུག་རྒྱན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་ལུང་དངུལ་ཆུ་བཙོ་ཆེན་དང་རིན་ཆེན་རིལ་བུའི་སྦྱོར་སྡེ་ཟླ་བ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བི་ཛ་ཧ་རཾ། །»ཞེས་པ་རུ་སྡེ་དགེའི་དྲུང་ཡིག་གུ་རུ་འཕེལ་ནས། ད་ཕྱིན་དུ་འདི་ལ། བུད་མེད་ལག་གིས་མི་རེག །ནམ་མཁའ་དང་ཉི་མར་མི་བསྟན། ཁྱི་སོགས་ཀྱང་མི་འགྲིམ་པའི་དབེན་གཙང་སར་དར་རས་གོས་སོགས་སྔོ་ནག་གིས་དྲིལ་ནས།[3]ཞེས་གསུངས་ཡོད། ཡང«དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་ཁག་གི་སྦྱོར་ཐབས་ལག་ལེན་བཅས་ཀྱི་ཟིན་བྲིས་གངས་དཀར་བདུད་རྩི་ཀུན་བསྡུས་ཞེས་བྱ་བ་བཞུགས་སོ། །»ཞེས་པ་རུ། མཁན་ཆེན་ཁྲོ་རུ་ཚེ་རྣམ་ཚང་ནས་ཀྱང་། དམིགས་སུ་བསྐྲུན་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་ཁང་མཐོ་ཞིང་ཁྱོན་ཡངས་པ་དཀར་ཞིང་གཙང་བ། འཁོར་ཡུག་གཙང་ཞིང་ཁྱི་དང་བུད་མེད་སོགས་ཀྱི་འགྲུལ་སྲུང་བདེ་བའི་ལྕགས་རི་སྒོ་ཆེན་དང་བཅས་པ་ལ་གད་བརྡར་སོགས་ཐུན་མོང་གི་གཙང་སྦྲ་ལེགས་པར་བྱས་ཏེ། ཞེས་གསུངས་པ་དང་།[4]ཡང་དེའི་མཇུག་ཏུ། དེ་ཕྱིན་ཆད་ནམ་ཡང་ཁྱི་དང་བུད་མེད་ཀྱིས་མ་རེག་ཅིང་མ་མཐོང་བ་དང་། ཁྱད་པར་བཙོག་རིགས་དང་འགོམ་ཡུག་མ་སོང་བ་གལ་ཆེ། ཉི་ཟེར་མ་ཕོག་པ་དང་། ནམ་མཁའ་མི་མཐོང་བར་བྱ། བླངས་གཞག་གི་སྐབས་སུའང་ནམ་མཁའི་མཐོང་གསེང་མེད་པར་བྱ་དགོས་སོ། །[5]ཞེས་གསུངས་འདུག། «དུས་རབས་གསར་པའི་དངུལ་ཆུ་བཙོ་བཀྲུ་ཆེ་མོའི་ལག་ལེན་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །[6]ཞེས་པ་རུ། རྒྱལ་ཁབ་རིམ་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒན་དགའ་བའི་རྡོ་རྗེ་ལགས་ནས་ཀྱང་། འཚོ་བྱེད་མཁས་པའི་སྙིང་བཅུད་ལས། དེང་ཕྱིན་ཆད་ནམ་ཡང་ཁྱི་དང་བུད་མེད་ཀྱིས་མ་མཐོང་བ་དང་། ཁྱད་པར་འགོམས་ཡུག་མ་སོང་བ་གལ་ཆེ་ཞིང་། ཉི་ཟེར་མ་ཕོག་པ་དང་ནམ་མཁས་མི་མཐོང་བར་བླང་གཞག་གི་སྐབས་སུའང་ནམ་མཁའི་མཐོང་གསེང་མེད་པར་བྱེད་དགོས་སོ། །[7]ཞེས་གསུངས་པ་དང་། «བོད་ལུགས་གསོ་རིག་སྨན་རྫས་འདུལ་སྦྱོང་ལག་ལེན་ཆེན་མོ་ཞེས་བྱ་བ་བཞུགས་སོ། །»ཞེས་པ་རུ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དེ་སྔའི་སློབ་གཙོ་དགེ་རྒན་ཆེན་མོ་སྙེ་མོ་པ་ཉི་མ་ཚེ་རིང་ནས་ཀྱང་། འདི་ཉིད་ཀྱི་ཕྱག་ལེན་བྱེད་པའི་བརྒྱུད་རིམ་ནང་བཙོ་ཆེན་གྱི་སྐབས་ནས་བཟུང་བུད་མེད་ཀྱིས་མ་རེག་ཅིང་མ་མཐོང་བ་དང་། འགོམས་ཡུག་སོགས་མི་གཙང་བའི་འཁོར་གང་དང་གང་གིས་མི་འགོས་པ་སྤང་བར་བྱ་བ་ནི་གལ་ཆེ་ཞིང་།[8]ཞེས་བཀོད་འདུག །
གཉིས། དངུལ་ཆུ་བཙོ་བཀྲུའི་སྐབས་སུ་བུད་མེད་ལ་འཛེམས་པའི་རྒྱུ་མཚན་ཇི་ལྟར་བཀོད་ཡོད་ཚུལ།
       དེ་ལྟར་གོང་བཀོད་མཁས་པའི་བསྟན་བཅོས་རྣམས་ལས། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་གྱི་སྐབས་སུ་བུད་མེད་ལ་འཛེམས་དགོས་པ་མང་དུ་གསུངས་ཡོད་པས། བུད་མེད་དང་དངུལ་ཆུ་བཙོ་བཀྲུའི་བར་དུ་གཞི་མཐུན་མིན་པའི་གསང་བ་ཞིག་མཆིས་པ་གོར་མ་ཆག
       ཡིན་ན་ཡང་། བཙོ་བཀྲུའི་སྐབས་སུ་བུད་མེད་ལ་འཛེམས་དགོས་པའི་རྒྱུ་མཚན་ནམ་དེ་ལ་འགྲེལ་བཤད་གསུངས་པ་ཤིན་ཏུ་དཀོན། འོན་ཀྱང་དེ་ལ་འགྲེལ་བ་གཅིག་ཀྱང་མེད་པ་མ་ཡིན་ཏེ། ཁ་གསལ་ཞིང་གནད་དུ་འཁེལ་བ། དོན་གྱིས་ཕྱུག་པ།ཞིབ་ཅིང་རྒྱས་པ་ནི་བཙོ་བཀྲུའི་མཁན་པོ་དགེ་རྒན་ཆེན་མོ་རྒན་དགའ་བའི་རྡོ་རྗེ་ཚང་གི་ལེགས་བཤད་དེ་ཡིན་པར་འདུག་སྟེ། ཇི་སྐད་དུ། དེང་སང་བཙོ་བཀྲུ་ཆེ་མོ་ལ་བུད་མེད་ཀྱིས་རེག་མཐོང་རུང་མིན་ནམ་ཆོག་མིན་སྐོར་རྩོད་གླེང་དང་འདྲི་རྩད་བྱེད་མཁན་མི་ཉུང་བ་ཞིག་ཡོད་འདུག །ཁ་ཅིག་གིས་དེ་སྔོན་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཀྱིས་བུད་མེད་ལ་མཐོང་ཆུང་བྱས་པ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག །གལ་ཏེ་དེ་ལྟར་ཡིན་ན་བཀས་བཀོད་བརྒྱུད་འཛིན་རིང་ལུགས་ནི་དུས་རབས་གོང་མ་ནས་རྩ་མེད་བཏང་ཚར་བ་དང་ཕོ་མོ་ཚང་མ་འདྲ་མཉམ་ཡིན་པས་རེག་མཐོང་མི་ཆོག་པ་ཞིག་ག་ལ་ཡོད། འོན་ཀྱང་བསམ་གཞིག་བྱེད་དགོས་པ་ཞིག་ལ་ཐོག་མར་དངུལ་ཆུ་བཙོ་བཀྲུ་ཆེ་མོའི་ལག་ལེན་གྱི་འབྱུང་ཁུངས་སམ་དར་ས་རྒྱ་གར་བའི་རིག་གནས་སམ་རིག་བྱེད་པའི་བསྟན་བཅོས་ལས་དངུལ་ཆུ་ནི་དབང་ཕྱུག་ཆེན་པོའི་ཐིག་ལེ་ཡིན་ཞེས་དེ་ཉིད་ཕོའི་རང་བཞིན་ལས་བྱུང་བ་ཟླ་བ་དང་བདུད་རྩིའི་ཁམས་ཡིན་པ་ལ། བུད་མེད་དང་ཉི་མ་ནི་དུག་གི་ཁམས་ཡིན་པས་ཕན་ཚུན་ལྡོག་ཟླའམ་དགྲ་གཤེད་ཀྱི་འབྲེལ་བ་ཡིན་པར་ངོས་འཛིན་པ་དང་། བོད་ཀྱི་དྲང་སྲོང་རྣམས་ཀྱི་དགོངས་པ་ནི་རང་བྱུང་ཁམས་ཀྱི་མཚན་ཉིད་ཡེ་གདོད་མ་ནས་གྲུབ་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་མི་འདྲ་བའི་དབང་གིས་ཁམས་ཀྱི་ནུས་པ་གཅིག་གིས་གཅིག་འཇོམས་པ་དང་གཅིག་གིས་གཅིག་སྐྱེད་པར་བྱེད་པས་ཡིན་གསུངས་པར་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། དེ་དག་གི་དགོངས་པ་ལྟར་བྱས་ན་དགྲ་སྤྲད་པའི་གོ་རིམ་ལ་མ་ཐུག་བར་དུ་བུད་མེད་ཀྱིས་རེག་མཐོང་བྱུང་ཡང་རུང་མ་བྱུང་ཡང་རུང་དངུལ་ཆུ་ནི་དུག་ཆེན་རང་ཡིན་པས་ནམ་མཁའ་དང་། ཉི་མ། བུད་མེད་གང་ལའང་འཛེམ་དགོས་དོན་མེད། དངུལ་ཆུ་དུག་མེད་པར་བསྒྱུར་བ་དང་བདུད་རྩི་དར་ཡ་ཀན་ལ་དངོས་སུ་འགྱུར་བ་ནི་དགྲ་དང་སྤྲད་པས་རང་གཟུགས་འགྱུར་བའི་སྐབས་ནས་བཟུང་སྟེ་ཡིན་པས་འཛེམ་བྱ་ཐམས་ཅད་བསྲུང་དགོས་པ་ནི་དམ་ཚིག་ཡིན། ཡང་དེང་རབས་ཚན་རིག་པས་རྫས་འགྱུར་གྱི་བརྟག་ཞིབ་འདྲ་བྱས་པ་ཡིན་ན་བུད་མེད་ཀྱིས་རེག་མཐོང་བྱས་པའི་བཙོ་བཀྲུ་ཆེ་མོའི་ནང་གནོད་པའི་གྲུབ་ཆ་འདི་མང་དུ་ཕྱིན་པའམ་ཡང་ན་ཕན་པའི་གྲུབ་ཆ་འདི་ཉུང་དུ་ཕྱིན་འདུག་ཅེས་བཤད་རྒྱུ་ཡོད་པ་ཞིག་འབྱུང་ཐུབ་ཚོད་མི་འདུག །འོན་ཀྱང་སྐྱེས་པ་དང་བུད་མེད་གཉིས་ལ་ཐོག་མ་ནས་གྲུབ་པའི་ལུས་ཁམས་ཀྱི་ཁྱད་པར་ཞིག་ཡོད་པ་ནི་སུས་ཀྱང་བསྒྱུར་ཐབས་མེད་པ་ཞིག་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ཡིན། དེས་ན་ངོ་བོ་མ་འགྱུར་བའི་དངུལ་ཆུའི་དུག་གིས་མིའི་ལུས་ཁམས་ལ་གནོད་པའི་ཚད་ནི་ཕོ་མོ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ། མོ་ལ་གནོད་ཆེ་བ་ཡིན། ཁྱད་པར་དུ་སྦྲུམ་མ་དང་ཟླ་མཚན་ལྡན་པའི་སྐབས་སུ་དེ་བས་ཀྱང་ཚབས་ཆེ་བ་ཡིན་པས་ཤིན་ཏུ་གཟབ་དགོས། མདོར་ན་དངུལ་ཆུ་འདུལ་སྦྱོང་གི་བྱ་བ་འདི་བུད་མེད་ཀྱིས་བྱེད་དུ་རུང་བའི་ཆེད་ལས་ཤིག་མ་ཡིན་པ་ནི་ཐུགས་ལ་ངེས་པར་བྱའོ། །[9]ཞེས་པ་དང་། འདི་ཡིས་སྔོན་བྱོན་མཁས་དབང་ཚོས་དངུལ་ཆུ་བཙོ་བཀྲུར་བུད་མེད་ཀྱིས་མ་མཐོང་མ་རེག་པ་བྱ་དགོས་ཞེས་པའི་དགོངས་པར་འགྲེལ་བཤད་ཞིབ་ཕྲ་བཀོད་ཡོད་དེ། དེ་ཡང་ཕོའི་རང་བཞིན་ལས་བྱུང་པའི་དངུལ་ཆུ་ཟླ་བ་དང་བདུད་རྩིའི་ཁམས་ཡིན་པ། བུད་མེད་དང་ཉི་མ་དུག་གི་ཁམས་ཡིན་པ། དེ་གཉིས་དགྲ་གཤེད་ཡིན་པ། དངུལ་ཆུའི་དུག་གིས་ཕོ་མོ་གཉིས་ལས་མོ་ལ་གནོད་པ། སྦྲུམ་མ་དང་ཟླ་མཚན་ལྡན་པའི་སྐབས་སུ་དེ་བས་ཀྱང་གནོད་པ་བཅས་ཁ་གསལ་གསུངས་ཡོད་པ་དང་། མདོར་ན་དངུལ་ཆུ་འདུལ་སྦྱོང་གི་བྱ་བ་འདི་བུད་མེད་ཀྱིས་བྱེད་དུ་རུང་བའི་ཆེད་ལས་ཤིག་མ་ཡིན་པ་སྤོ་ལ་དར་འཕྱར་མཛད་འདུག། ཡིན་ཡང་ཁོང་གིས་དངུལ་ཆུ་དང་མུ་ཟི་དགྲ་མ་སྤྲད་པའི་བར་དུ་བུད་མེད་ལ་འཛེམས་མི་དགོས། དེའི་རྒྱུ་མཚན་ནི་དངུལ་ཆུ་དགྲ་སྤྲད་ནས་རང་གཟུགས་མ་འགྱུར་བའི་བར་དུ་དུག་ཅན་ཡིན་པ་ལས་བདུད་རྩི་བཅུད་ཀྱི་རྒྱལ་པོ་མ་ཡིན་པས་སོ་གསུངས། ད་ལོ་སྟེ་སྤྱི་ལོ༢༠༢༥ལོའི་ཟླ༩པར་ངེད་ཅག་དར་མཚོ་རྫོང་བོད་སྨན་ཁང་ནས་དངུལ་ཆུ་བཙོ་བཀྲུ་ཆེ་མོ་སྒྲུབ་དུས་ཀྱང་། དངུལ་ཆུ་དགྲ་མ་སྤྲད་པའི་བཙོ་བཀྲུའི་སྐབས་སུ། རྒན་དགའ་བོ་ལགས་ནས། ཕྱོགས་ཡོང་གི་འགྲུལ་བ་དང་བུད་མེད་ལ་འཛེམས་མི་དགོས་ཞེས། ཕྱོགས་ཡོང་མཚོ་ནུབ་ཐེམ་ཆེན་རྫོང་བོད་སྨན་ཁང་གི་བུད་མེད་ཡོན་ཀྲང་རྣམ་གཉིས་སོགས་ཡིན་ན་འདྲ། ངེད་ཅག་སྨན་ཁང་གི་བུད་མེད་སྨན་པ་ཚོ་ཡིན་ན་འདྲ། ཨེ་ཝམ་གྱི་ལུང་ལ་སླེབས་པའི་བུད་མེད་སྨན་པ་ཚོ་ཡིན་ན་འདྲ། ཁོ་མོ་ཚོར་འཛེམས་དོགས་མེད་པར་དངུལ་ཆུ་བཙོ་སྦྱངས་བྱེད་བཞིན་པའི་ཁང་པར་ཁྲིད་པ་དང་། བཙོ་བཀྲུའི་འཕྲུལ་ཆས་ལ་བལྟ་བ་དང་རྒྱུས་ལོན་བྱེད་དུ་བཅུག་སོང་། ཡིན་ན་ཡང་། དངུལ་ཆུ་མུ་ཟི་དང་དགྲ་སྤྲད་ཟིན་པ་ནས་བཟུང་སྟེ། བདུད་རྩི་བཅུད་ཀྱི་རྒྱལ་པོ་དར་ཡ་ཀན་དངོས་ཡིན་པས། དེ་ནས་བཟུང་རིན་ཆེན་བཙོ་བཀྲུ་ཆེ་མོ་དེར་བུད་མེད་ཀྱིས་རེག་མཐོང་བྱ་མི་རུང་བ་དམ་ཚིག་ཡིན་པ་གསུངས་ཡོད། དངུལ་ཆུ་བཙོ་བཀྲུ་ཆེ་མོ་ཕུད་སྤྱིར་དངུལ་ཆུ་འདུལ་སྦྱོང་གི་སྐབས་སུ་བུད་མེད་དང་ཁྱད་པར་བུད་མེད་ཟླ་མཚན་ལྡན་པར་མཉམ་འཇོག་དགོས་པ་ཞིག་ཡིན་ཚོད་འདུག་སྟེ། ད་ལོ་སྟེ༢༠༢༥ལོའི་ཟླ༩པར་ངེད་དར་མཚོ་རྫོང་བོད་སྨན་ཁང་དུ་རྒན་དགའ་བོ་ནས། དངུལ་ཆུ་བཙོ་བཀྲུ་ཆེ་མོ་སྒྲུབ་པའི་བར་གསེང་ཞིག་ཏུ། མཚོ་ལྷོ་བོད་སྨན་ཁང་སྨན་སྦྱོར་ཚན་ཁག་གི་འགོ་གཙོ་རྒན་དཀོན་མཆོག་སྟོབས་རྒྱས་དང་ཁ་བརྡ་བྱས་པ་ལས། རྒན་དཀོན་སྟོབས་ནས་དངུལ་ཆུ་འདུལ་སྦྱོང་གི་སྐབས་ཤིག་ཏུ། དངུལ་ཆུ་འགྲུབ་ལ་ཉེ་དུས་བུད་མེད་སྨན་པ་ཞིག་དེ་གར་སླེབས་པར་རྐྱེན་བྱས་ཏེ་དངུལ་ཆུ་འགྲུབ་མ་བྱུང་ཟེར། གནས་ཚུལ་དེ་རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མས་རྟོགས་ཏེ། བུད་མེད་ཟླ་མཚན་ལྡན་པ་ཞིག་སླེབས་བྱུང་བ་མིན་ནམ། ཞེས་གསུངས་བྱུང་ཟེར། ཡིན་ཡང་དྲན་བརྗེད་དབང་གིས་དེ་ནི་བཙོ་བཀྲུ་ཆེ་མོའི་སྐབས་སམ། ཡང་ན་སྤྱིར་བཏང་གི་དངུལ་ཆུ་རྒོད་འདུལ་སོགས་ཀྱི་དུས་ཡིན་པ་མ་ངེས་པར། དེ་རིང་སྟེ༢༠༢༥ལོའི་ཟླ༡༠པའི་ཚེས༢༥ཡི་སྔ་དྲོ་ཆུ་ཚོད༩དང་སྐར་མ༣༥ཡི་སྟེང་བུད་མེད་ཟླ་མཚན་ལྡན་པས་དངུལ་ཆུ་ལ་གནོད་སོང་ཟེར་བ་དེ་བཙོ་བཀྲུ་ཆེ་མོའི་སྐབས་རེད་དམ། ཡང་ན་དངུལ་ཆུའི་འདུལ་སྦྱོང་གཞན་གྱི་དུས་རེད། ཅེས་སྐར་འཕྲིན་ལས་དྲི་བ་བཏོན་པར། ཉིན་འདིའི་སྔ་དྲོའི་ཆུ་ཚོད༡༠དང་སྐར་མ༡༧ཙམ་ནས། དེ་ནི་བཙོ་བཀྲུ་ཆེ་མོའི་སྐབས་མ་ཡིན་པར། དངུལ་ཆུ་དཀར་འདུལ་གྱི་སྐབས་སུ་གནས་ཚུལ་དེ་འདྲ་བྱུང་པ་རེད་ཟེར། རྒན་དཀོན་མཆོག་སྟོབས་རྒྱས་ལགས་ནི་རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མའི་དངོས་སློབ་ཅིག་ཡིན་པ་དང་། དངུལ་ཆུ་བཙོ་བཀྲུ་ཆེ་མོ་སྒྲུབ་པར་ཁྱོན་ཐེངས་མ༡༨ལ་ཞུགས་མྱོང་ཟེར། དངུལ་ཆུ་བཙོ་བཀྲུ་ཆེ་མོ་བཙོ་སྦྱངས་ཀྱི་སྐབས་སུ་སྨན་པ་སྐྱེས་པ་ཡིན་ན་ཡང་། བུད་མེད་དང་ལུས་འབྲེལ་གཏན་ནས་བྱ་མི་རུང་ཞིང་། དེ་ལྟར་བྱས་པ་ཡིན་ན་དངུལ་ཆུ་དང་མུ་ཟི་དགྲ་མ་སྤྲད་པའི་བར་དུ་སྒྲིག་ལམ་གཏོར་བརླག་མཁན་དེའི་ལུས་ཀྱི་ཤ་མདོག་སྨན་སྦྱོར་བ་གཞན་ལས་ལྟོས་བཅས་ཀྱིས་ནག་པོར་འགྲོ་ཞིང་། བཙོ་བཀྲུའི་ཅ་ལག་ལ་རེག་པའམ། བཙོ་བཀྲུ་དང་འབྲེལ་བའི་ལས་ཀ་ཅི་བྱས་ཀྱང་བདེ་ལེགས་མི་འབྱུང་པར་ཆག་སྒོ་འདྲ་འབྱུང་པའི་ཉེན་ཁ་ཆེ་ཟེར་མཁན་ཡང་འདུག་གོ །
གསུམ་པ། དངུལ་ཆུ་བཙོ་བཀྲུ་ཅན་གྱི་རིན་ཆེན་གྱི་སྦྱོར་བ་དེར་བུད་མེད་ཀྱིས་རེག་མཐོང་བྱ་རུང་མིན།
       གོང་ནས་སྔོན་བྱོན་མཁས་པ་དང་རྒན་དགའ་བའི་རྡོ་རྗེ་ཚང་བཅས་ནས། དངུལ་ཆུ་མུ་ཟི་དང་དགྲ་སྤྲད་དེ་བདུད་རྩིའི་ངོ་བོར་གྱུར་ཟིན་པའི་དངུལ་ཆུ་བཙོ་བཀྲུ་ཆེ་མོ་རྐྱང་པ་དེར་བུད་མེད་ཀྱིས་རེག་མཐོང་བྱེད་མི་རུང་བ་ཁ་གསལ་སྒོས་ནམ་ལངས་ལངས་དང་ཉི་མ་ཤར་ཤར་མཛད་ཡོད་མོད། འོ་ན་དངུལ་ཆུ་བཙོ་བཀྲུ་ཆེ་མོ་སྦྱར་ཡོད་པའི་རིན་ཆེན་གྲང་སྦྱོར་ཆེན་མོ། མུ་ཏིག་བདུན་ཅུ། བྱུ་དམར་བདུན་ཅུ། མང་སྦྱོར་ཆེན་མོ། བྱུ་དམར་ཉེར་ལྔ། དབང་རིལ་ཉེར་ལྔ། མུ་ཏིག་ཉེར་ལྔ་བཅས་ལ་བུད་མེད་ཀྱིས་རེག་མཐོང་བྱ་རུང་མིན་ལ་ཁོ་བོ་ལྟ་བུ་ཡིན་ན་དོགས་པ་མཆིས་མོད། དེ་ཡང་གཅིག་ཏུ་ན་རིན་ཆེན་གྱི་སྨན་སྦྱོར་དེ་དག་ལ་དངུལ་ཆུ་བཙོ་བཀྲུ་ཆེ་མོ་མཆིས་ཀྱང་། དངུལ་ཆུ་བཙོ་བཀྲུ་རྐྱང་པ་མ་ཡིན་པར་སྨན་སྣ་གཞན་པ་མང་པོ་དང་བསྡེབས་ཡོད་པ་དང་། དེ་དག་རིལ་བུར་སྦྲང་སོགས་ཀྱིས་དམ་དུ་སྒྲིལ་ཡོད་པ། ད་དུང་རིལ་བུ་དེ་དག་རེ་རེ་བཞིན་གོས་སམ་འགྱིག་ཏུ་བཅུག་ཡོད་པ། ད་དུང་དེ་དག་གི་སྟེང་དུ་སྨན་ཁང་རང་རང་ངམ་བོད་སྨན་བཟོ་གྲྭ་སོ་སོའི་ཁྱད་རྟགས་ཅན་གྱི་ཤོག་སྒམ་གྱི་ཕྱི་ཐུམ་བསྐོན་ཡོད་པས། བཙོ་བཀྲུ་ཆེ་མོ་རྐྱང་བ་ཆུ་བུར་མིག་གིས་མཐོང་ཐུབ་པ་ལྟ་བུ་མ་ཡིན་པས། སྨན་ཁང་སོ་སོའི་སྨན་སྟེར་ཁང་གི་བུད་མེད་སྨན་པ་ཚོས་ལག་པས་རེག་སྟེ་ནད་པར་བྱིན་ན་ཡང་ཉེས་པ་མི་འབྱུང་སྙམ་པ་དང་། དེ་ལ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དེ་སྔའི་སློབ་གཙོ་དགེ་རྒན་ཆེན་མོ་སྙེ་མོ་པ་ཉི་མ་ཚེ་རིང་ལགས་ནས་ཀྱང་། འོན་ཀྱང་དེ་ཉིད་སྨན་སྦྱོར་གཞན་དང་རིན་ཆེན་རིགས་རྣམས་དང་སྦྱོར་བཟོ་ཕྱག་ལེན་གྲུབ་རྗེས་ཀྱི་སྨན་རྣམས་ལ་དེ་ལྟ་བུ་སྲུང་དགོས་པའི་དམིགས་བསལ་དགོས་པ་མེད་པས་ཤེས་པར་བྱ་དགོས་སོ། །[10]ཞེས་དངུལ་ཆུ་བཙོ་བཀྲུ་ཆེ་མོ་རྐྱང་པ་མ་གཏོགས། བཙོ་བཀྲུ་ཆེ་མོ་རིན་ཆེན་རིགས་གཞན་དང་སྨན་སྦྱོར་གཞན་དུ་བསྡེབས་ཟིན་པར་བུད་མེད་ཀྱིས་རེག་མཐོང་བྱ་རུང་པ་མཛུབ་མོ་རི་སྟོན་བྱས་འདུག་སྙམ། མདོར་དྲིལ་ན། དངུལ་ཆུ་བཙོ་བཀྲུ་ཆེ་མོ་རྐྱང་པ་བུད་མེད་ཀྱིས་རེག་མཐོང་བྱ་མི་རུང་པ་དང་། དངུལ་ཆུ་བཙོ་བཀྲུ་ཆེ་མོ་སྨན་སྦྱོར་གཞན་དུ་བསྡེབས་ཟིན་པར་བུད་མེད་སྨན་པས་འཛེམས་དོགས་བྱ་མི་དགོས་པ་རེད་སྙམ་སོང་། དེ་ཡང་ཡིན་ངེས་ཏེ། གནའ་ནས་ད་བར་དུ་དངུལ་ཆུ་བཙོ་བཀྲུ་ཆེ་མོ་མཆིས་པའི་རིན་ཆེན་གྱི་སྨན་སྦྱོར་རྣམས་ནི། བུད་མེད་ནད་པ་ཚོར་གཏོང་དང་བསྟེན་བཞིན་པ་མ་ཡིན་ནམ། གཞན་དུ་བུད་མེད་ནད་པ་ལ་རྟེན་འབྲེལ་གྱིས་བཙོ་བཀྲུའི་སྦྱོར་བ་དེ་སྐྱེས་པས་སྟེར་དགོས་པ་ཞིག་ཡིན་པར་འདུག་སྟེ། «རྨེའུ་རྒྱལ་ཁབ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བསྒྲུབ་པའི་སྐབས་ཀྱི་ལོ་རྒྱུས་དང་ཕན་ཡོན་བརྗོད་པ་བདུད་རྩིའི་ཐིགས་པ་བཞུགས་སོ། །»ཞེས་པ་རུ། རྟ་སྨན་ཆོས་དབྱིངས་འོད་ལྡན་ལགས་ནས། བུད་མེད་ལ་སྐྱེས་པས་སྟེར།[11]ཞེས་ཁ་གསལ་གསུངས་འདུག་པ་དང་། དེ་ལས་བཙོ་བཀྲུའི་སྨན་སྦྱོར་དེ་ཉིད་བུད་མེད་ནད་པ་ལ་སྨན་པ་སྐྱེས་པས་སྟེར་དགོས་པ་མ་ཟད། བུད་མེད་རྣམས་ཀྱིས་རང་གི་ཁྱིམ་དུ་བཙོ་བཀྲུའི་སྨན་སྦྱོར་བསྟེན་དུས་ཀྱང་། རང་གི་ཁྱོ་ག་སོགས་ནད་གཡོག་སྐྱེས་པ་ཞིག་གིས་བསྟེན་དུ་འཇོག་དགོས་པ་ནི་ཞོར་ལས་ཤེས་ཐུབ་སྙམ་བྱུང་།
བཞི་པ། བོད་སྨན་ཁང་སོ་སོའི་སྨན་སྟེར་ཁང་ནས་དངུལ་ཆུ་བཙོ་བཀྲུ་ཆེ་མོར་བུད་མེད་སྨན་པ་རྣམས་ཀྱིས་རེག་མཐོང་བྱ་རུང་མིན།
       ད་སྐབས་ང་ཚོ་ཞིང་ཆེན་དང་ལྗོངས་ལྔའི་བོད་སྨན་ཁང་ཆེ་མ་ཆུང་གསུམ་གང་ལ་མཚོན་ན་ཡང་། བོད་སྨན་ཁང་དེའི་སྨན་སྟེར་ཁང་གི་སྨན་པ་མང་ཆེ་ཤོས་བུད་མེད་བློ་མཐུན་ཡིན་པ་ནི་བཤད་མ་དགོས་པར་བཤམས་ཡོད་པ་རེད། འོ་ན་ཁོ་མོ་ཚོས་དངུལ་ཆུ་བཙོ་བཀྲུ་ཆེ་མོ་རྐྱང་པར་རེག་མཐོང་བྱ་དང་བྱེད་བཞིན་པ་ནི་ཀུན་གྱིས་རྟོགས་པ་ལྟར་རེད། དཔེར་ན་སྒོ་སྟེན་སྨན་པ་ཡིན་ན་འདྲ།ཞག་སྡོད་སྨན་པ་ཡིན་ན་འདྲ། དྭངས་བཙོ་ཞེས་པའི་སྨན་ཐོ་ནད་པས་ཁྱེར་ཡོང་པ་ན། སེ་འབྲུ་དྭངས་གནས་ལ་དངུལ་ཆུ་བཙོ་བཀྲུ་ཆེ་མོས་ཁ་ཚར་འདེབས་མཁན་ཡང་སྨན་སྟེར་ཁང་གི་སྨན་པ་བུད་མེད་ཚོ་ཡིན་པ་གོར་མ་ཆག །དེས་ན་དངུལ་ཆུ་མུ་ཟི་དང་དགྲ་སྤྲད་ཟིན་པ་ནས། ཀོང་སྤྲུལ་རིན་པོ་ཆེ་སོགས་ཀྱིས། དེ་ཕྱིན་ཆད་ནམ་ཡང་ཁྱི་དང་བུད་མེད་ཀྱིས་མི་རེག་ཅིང་མ་མཐོང་བ་དང་། ཞེས་པའི་དགོངས་པ་དང་མི་མཐུན་པ། རྩ་དོན་མ་བརྩིས་པ། དམ་ཚིག་དང་འགལ་བ་མ་ཡིན་ནམ། བཙོ་བཀྲུ་ཆེ་མོ་རྐྱང་པར་བུད་མེད་ཀྱིས་རེག་མི་རུང་གསུངས་པར་མ་བསྟུན་པར་བུད་མེད་སྨན་པ་རྣམས་ཀྱིས་རེག། ལྟ་མི་ཉན་པའི་བཀའ་བཅགས་ནས་མིག་གིས་བལྟས་པ་ལྟར་བྱུང་པ་རེད། འདིའང་བོད་སྨན་ཁང་སོ་སོའི་སྨན་སྟེར་ཁང་གི་བུད་མེད་སྨན་པ་རྣམས་ཀྱིས་བསམ་གཟས་པ་མ་ཡིན་པ་དང་། དངུལ་ཆུ་བཙོ་བཀྲུའི་དམ་ཚིག་ལས་ལོག་པར་སྒྲུབ་འདོད་པ་ཡང་མ་ཡིན་པར། ཁོ་མོ་ཚོ་ཁ་ཆུང་དབང་ཆུང་དང་། མཉམ་འཇོག་མ་བྱས་པར་སྨན་སྟེར་ཁང་གི་འགོ་གཙོའི་བཀའ་བཀོད་ལྟར་སྒྲུབ་པ་དང་། སྨན་སྟེར་ཁང་གི་འགོ་གཙོ་དེ་ཡིས་ཀྱང་སྨན་ཁང་གི་ལས་བགོས་འགོ་གཙོ་གཞོན་པ་དེའི་མངག་བཅོལ་ལྟར་བྱས་པ། ལས་བགོས་འགོ་གཙོ་གཞོན་པ་དེ་ཡིས་ཀྱང་སྨན་ཁང་གི་འགོ་གཙོ་དང་པོ་དང་། ཧྲུའུ་ཅི་སོགས་ཏང་སྲིད་འགོ་གཙོ་དང་པོ་དེ་དག་གི་བཀའ་དང་ལེན་བྱས་པ་ཡིན་པ་རེད། དེ་བས་སྐབས་འདི་དུས་སྨན་ཁང་གི་འགོ་གཙོ་རྒན་གཞོན་དེ་དག་གིས་ཀྱང་། བཙོ་བཀྲུ་ཆེ་མོ་རྐྱང་པར་བུད་མེད་ཀྱིས་རེག་མཐོང་བྱ་མི་རུང་པའི་དམ་ཚིག་དེར་བསམ་གཞིགས་བྱ་མ་མྱོང་པའམ། ཡང་ན་དྲན་པའི་གཏིང་ནས་བརྗེད་པ་རེད། ཡང་ན་མི་ཁོམ་པའི་བྱ་བའི་བྲེལ་ཟིང་གི་ཁྲོད་ནས་ཐུགས་མཉམ་མ་བཞག་པ་རེད། དེ་བས་བོད་སྨན་ཁང་སོ་སོའི་འགོ་གཙོ་ཆེ་མ་ཆུང་གསུམ་གྱིས་སྨན་སྟེར་ཁང་གི་བུད་མེད་སྨན་པ་རྣམས་ཀྱིས་བཙོ་བཀྲུ་ཆེ་མོ་རྐྱང་པར་རེག་མཐོང་བྱ་བའི་གནད་དོན་འདི་ལ་དོ་སྣང་མཛད་དེ། སྨན་སྟེར་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེ་མོར་རེག་མཐོང་དོ་དམ་བྱ་མཁན་ལ་ཆེད་དུ་སྨན་པ་སྐྱེས་ཞིག་ལས་བགོས་བྱས་ན་ཧ་ཅང་ལེགས་པར་སེམས། དེ་ལྟར་བྱས་ན་གཅིག་ནས་བུད་མེད་སྨན་པ་ཚོའི་ལུས་ཁམས་བདེ་ཐང་ལ་ཕན་པ་དང་། གཉིས་སུ་དངུལ་ཆུ་བཙོ་བཀྲུ་ཆེ་མོའི་དམ་ཚིག་སྲུང་པ་ཡིན་པས། བོད་སྨན་ཁང་དེའི་བཙོ་བཀྲུ་ཆེ་མོའི་ནུས་པ་གཞན་ལས་འཕགས་པ་ཞིག་འབྱུང་བ་གོར་མ་ཆག་སྙམ་པས། འདིའི་ཕྱོགས་ལ་མདོ་དབུས་ཁམས་གསུམ། བྱང་ནག་ཆུ་སྟོད་མངའ་རིས་དང་བཅས་ཀྱི་བོད་སྨན་ཁང་སོ་སོའི་འགོ་ཁྲིད་དང་ཆེད་མཁས་ལྷན་རྒྱས་ནས་བགྲོ་གླེང་དང་དོགས་སེལ་རེ་བྱ་རྒྱུ་ནི་རང་གི་རེ་བ་ཡིན་པ་དང་། གཞན་ཡང་སྨན་སྟེར་ཁང་ནས་དངུལ་ཆུ་བཙོ་བཀྲུ་ཆེ་མོ་ཉར་ཚགས་བྱེད་པ་ཡིན་ན་འདྲ། སྨན་སྦྱོར་གཞན་ལ་ཁ་ཚར་རྒྱག་དུས་ཡིན་ན་འདྲ། གང་ལྟར་ཉི་འོད་ཕོག་མི་རུང་པའི་གནས་ལུགས་ལ་གཞིགས་ཏེ་གློག་སྒྲོན་གྱི་འོད་ཐེབས་སུ་མི་འཇུག་པ་ནི། སྨན་སྟེར་ཁང་གི་ལྷ་རྗེ་སྐྱེས་པ་རྣམ་པའི་ཐུགས་ལ་འཇགས་དགོས་འདུག་སྙམ་མོ། །
མཇུག་གི་གཏམ།
       མདོར་ན་རིན་ཆེན་བཙོ་བཀྲུ་བསྲེས་པའི་རིན་ཆེན་གྱི་སྦྱོར་བ་ནི་རིལ་བུར་བསྒྲིལ་ཡོད་པ་དང་། ནང་གོས་ཕྱི་ཐུམ་མང་པོས་གཡོགས་ཡོད་པས་བོད་སྨན་སྟེར་ས་ནས་བུད་མེད་ལྷ་རྗེ་རྣམ་པས་སྟེར་རུང་ཡང་། དངུལ་ཆུ་བཙོ་བཀྲུ་ཆེ་མོ་རྐྱང་པ་ཡིན་ན་སྨན་སྟེར་ཁང་ནས། བུད་མེད་བློ་མཐུན་ཚོས་རང་གི་བདེ་ཐང་དང་སྨན་གྱི་རྟེན་འབྲེལ་གྱི་ནུས་པར་གཞིགས་ཏེ། རེག་མཐོང་མ་བྱས་ན་ལེགས་པར་སེམས་པ་དང་། འདི་ལ་སྨན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་ལྷན་རྒྱས་ནས་ཀྱང་ཐུགས་བསམ་རེ་མཛད་དགོས་པ་མིན་ནམ་སྙམ་མོད། ཡིན་ན་ཡང་། འདི་ནི་རང་གི་རྨོངས་བློའི་འཆར་ཚུལ་ཙམ་ཡིན་པས། འདི་ལ་མ་རྟོགས་འོལ་ཚོད་འདྲ་འདུག་ན་དགོངས་འགལ་མེད་པ་ཞུའོ། །

དཔྱད་གཞིའི་ཡིག་ཆ།
[1][2][3][10] གྲུབ་ཐོབ་ཨོ་རྒྱན་པ་དང་བྷ་ལི་པ་སོགས། «དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ་སོགས་ཀྱི་ལག་ལེན་ཕྱོགས་བསྒྲིགས།» མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༡༢པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༣༩༣ P༤༡༡ P༣༢༡ P༤༤༧-༤༤༨
[4][5] «གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་གྱི་ཆ་ལག་སྨན་སྦྱོར་ལག་ལེན་ཉེར་མཁོ་ཕྱོགས་བསྒྲིགས།» ཁྲོ་རུ་ཚེ་རྣམ་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ་བ༡༠པར་པར་ཐེངས་དང་པོ་དཔར། P༤༤ P༦༥
[6][8] «དུས་རབས་གསར་པའི་དངུལ་ཆུ་བཙོ་བཀྲུ་ཆེ་མོའི་ལག་ལེན་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །» དགའ་བའི་རྡོ་རྗེས་བརྩམས། ནང་ཁུལ་ཡིག་ཆ། P༡༡༨ P༡༡༨- P༡༡༩
[7][9] «བོད་ལུགས་གསོ་རིག་སྨན་རྫས་འདུལ་སྦྱོང་ལག་ལེན་ཆེན་མོ་ཞེས་བྱ་བ་བཞུགས་སོ།།» སྙེ་མོ་པ་ཉི་མ་ཚེ་རིང་གིས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༢༠༡༦ལོའི་ཟླ༤པར་པེ་ཅིན་དུ་པར་ཐེངས་དང་པོ་བཏབ། P༡༥༢ P༡༥༢
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།