རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རེབ་གོང་དུ་བསྡུས་པ།

རྩོམ་པ་པོ།:དཀོན་མཆོག་ཚེ་རིང་། ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2025-08-18 08:53:44 ཀློག་གྲངས།:
       ཟླ8པའི་ཚེས15ཉིན། རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་བསྡུས།
       མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རིག་གནས་རྩོམ་རིག་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་ལྷ་ཐར་དང་། རྨ་ལྷོ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཀྲི་ཡུང་། རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧན་ལི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་སོགས་འབྲེལ་ཡོད་མགོ་ཁྲིད་དང་། གྲོང་ཁྱེར་དང་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་འགན་འཁུར་པ་དག ཁྱུང་ཐར་རྒྱལ་དང་མདའ་བཙན་པོ་སོགས་རྩོམ་པ་པོ། གཞན་རྨ་ལྷོ་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་གཙོ། བྱ་དགའ་ཐོབ་པའི་སློབ་མ་དང་མཛུབ་སྟོན་དགེ་རྒན། སློབ་མའི་ཁྱིམ་བདག་བཅས་མི་བརྒྱ་ལྷག་མཛད་སྒོར་ཞུགས་ཡོད།
       མཛད་སྒོའི་སྟེང་ཕུལ་བྱུང་རྩོམ་སྒྲིག་པའི་འཐུས་ཚབ་པ་བན་དེ་སྒོམ་པས་རྨ་ལྷོ་ཁུལ་གྱི་ལྷུག་རྩོམ་འགྲན་བསྡུར་སྐབས་བཞི་པའི་འགྲན་ཞུགས་རྩོམ་ཡིག་གི་སྤྱིའི་གནས་ཚུལ་དང་དཔྱད་འདེམ་གྱི་གོ་རིམ་སྙན་ཞུ་ཕུལ་བ་དང་། རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ཡིས་དཔྱད་འདེམ་པའི་ཚབ་བྱས་ཏེ་འགྲན་ཞུགས་རྩོམ་ཡིག་གི་བརྗོད་གཞི་གསལ་པོ་དང་དམིགས་ཡུལ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་དང་ཞིབ་ཕྲའི་གནས་ཚུལ་གསོན་ཉམས་དོད་པ། སྐད་ཆའི་མཛེས་པ་དང་ཚིག་སྦྱོར་ཕུན་སུམ་ཚོགས་པ་བཅས་གདེང་འཇོག་ཚད་མེད་གནང་ཞིང་། རྩོམ་འབྲིའི་ལམ་བུར་རྒྱུན་མཐུད་མདུན་སྐྱོད་བྱ་དགོས་ལ་ལོ་ན་ཆུང་དུས་ནས་འཚོ་བར་ལྟ་ཞིབ་དང་བརྗོད་གཞི་འཚོལ་ཞིབ་བྱ་རྒྱུར་འབད་དགོས་པའི་རེ་བ་ཡང་བཏོན།
ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་འཐོབ་མཁན།
ཁྱད་འཕགས་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་འཐོབ་མཁན།
བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་མ་རྡོ་རྗེ་མཚོ། སངས་རྒྱས་མཚོ། མཱ་ཅིན།
       མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་བཞི་པའི་བྱ་དགའ་དང་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ། ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ། ཁྱད་འཕགས་མཛུབ་སྟོན་བྱ་དགའ། སློབ་གསོ་རོགས་སྐྱོར་པའི་བྱ་དགའ། ཕུལ་བྱུང་རྩ་འཛུགས་བྱ་དགའ་བཅས་རིམ་པ་བཞིན་སྤྲད།
ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་དཔྱད་འདེམས་པའི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་སློབ་གསོ་རོགས་སྐྱོར་པའི་བྱ་དགའ་འཐོབ་མཁན།
བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་མ་རྡོ་རྗེ་སྒྲོན་མཚོ། ལྷ་མོ་དབྱངས་སྐྱིད། ཀླུ་མོ་སྐྱིད། ལྷ་སྲུང་སྐྱིད། ཀྲང་ཞའེ་ཀྲིན།
       རེབ་འདིའི་འགྲན་བསྡུར་ལ2024ལོའི་ཟླ9པའི་ཚེས20ཉིན་ནས2025ལོའི་ཟླ7པའི་ཟླ་མགོ་བར་འགྲན་ཞུགས་རྩོམ་ཡིག150ལ་ཉེ་བ་ཙམ་འབྱོར་བ་ལས། ལེགས་འདེམས་བྱས་པ་བརྒྱུད་བརྩམས་ཆོས70ལྷག་ཙམ«རྨ་ལྷོ་བོད་ཡིག་ཚགས་པར»དུ་བཀོད་པ་དང་། དཔྱད་འདེམ་ཨུ་ལྷན་གྱིས་སྔ་ཕྱི་ཐེངས་གསུམ་ལ་དཔྱད་འདེམ་བྱས་པ་བརྒྱུད་བརྩམས་ཆོས26ལ་བྱ་དགའ་སྤྲད། བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི“སློབ་མའི་རྩོམ་འབྲིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྩོམ་ལ་འཇུག་པའི་དགའ་སྣང་སྐྱེད་པ། རིག་གནས་ཀྱི་རང་རྟོན་ཆེ་རུ་འགྲོ་བ་དང་སློབ་མའི་བག་ལ་ཞ་བའི་ནུས་པ་སྔོག་འདོན་བྱེད་རྒྱུ”དེ་ཡིན་ཞིང་། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མ་རྣམས་ལ་རྩོམ་པའི་འཇོན་ནུས་ངོམ་པའི་གར་སྟེགས་འདི་ལྟ་བུ་ཞིག་བསྐྲུན་པ་ལ་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་དང་རྒྱབ་སྐྱོར་མི་དམན་པ་ཐོབ་ཡོད།
བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་མ་གཡང་མཚོ་རྒྱལ། རྣམ་རྒྱལ་བཀྲ་ཤིས། ཟླ་བ་སྒྲོལ་མ། ཚེ་བརྟན་སྒྲོལ་མ། སྐལ་བཟང་ཚེ་རིང་། རིག་མཚོ། མཱ་ལིས་ན།
       མཇུག་ཏུ། རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧན་ལི་ཡིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་སྟོབས་ལྡན་ཁུལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། རྨ་ལྷོའི་སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་བས་མཐོ་རྒྱུགས་ལ་གཡུར་ཟའི་འབྲས་བཟང་བླངས་ཡོད་པ་དང་། སློབ་མ་དག་གི་རྩོམ་འབྲིའི་བྱང་ཚད་གོང་ནས་གོང་དུ་འཕེལ་གྱིན་པར་སྡེ་ཁག་རང་ངོས་ནས་ཀྱང་བྱ་འགུལ་འདི་མུ་མཐུད་ཇེ་རྒྱས་ཇེ་ལེགས་སུ་བསྐུལ་ཏེ་མ་འོངས་པར་སློབ་འབྲིང་སློབ་མའི་རྩོམ་ཡིག་བརྩམས་ཆོས་དེབ་གཟུགས་སུ་དཔར་རྒྱུའི་འདོད་ཚུལ་བསྟན།
ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་མ་ཚེ་རིང་ལྷ་འཛོམས། བཀྲ་ཤིས་ལྷ་མོ། བྱམས་སྐྱིད་མཚོ། འབྲུག་མོ་རྒྱལ། ཨོ་རྒྱན་སྒྲོལ་མ། རིག་འཛིན་རྡོ་རྗེ། ཀྲི་ཅཱ་ཧོ།
ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་མ་སྒྲོལ་མ་མཚོ། གཡང་འཛོམས་སྐྱིད། ཀུན་བཟང་སྒྲོལ་མ།  བྱམས་པ་ཆོས་སྒྲོན།
       རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་བྱེད་སྒོ་འདི་ཉིད་ས་ཁུལ་གྱི་ཁྱབ་ཁོངས་རྒྱ་ཆེ་ཤོས་དང་འགྲན་བསྡུར་ནང་ཞུགས་མཁན་སློབ་མ་ཞུགས་ཚད་མང་ཤོས་ཡིན་པ་དང་། རྩོམ་སྒྲིག་དཔྱད་འདེམས་ཀྱི་ཆེད་ལས་རང་བཞིན་ཆེ་བ་དང་ཤུགས་རྐྱེན་ཐེབས་ཤུགས་དང་དོ་ཁུར་བྱེད་ཚད་རིམ་བཞིན་ཆེ་རུ་འགྲོ་བ་དེས་སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱེད་པ། སློབ་མའི་རྒྱུད་ཀྱི་ཤེས་བྱ་ཇེ་ཟབ་ཏུ་གཏོང་བ། སློབ་མའི་གསར་རྩོམ་སྙིང་སྟོབས་དང་ལག་ལེན་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ལ་ཕན་པ་རྒྱ་ཆེན་པོ་ཐོན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།