ངོས་དང་པོ > ཆེད་དོན། > “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་བསྡུར། > “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས། ༢
“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས། ༢
རྩོམ་པ་པོ།:ཁྲོ་རྒྱལ་འབུམ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-22 08:35:24
ཀློག་གྲངས།:
པདྨའི་མཚེའུ།
སུན་ལི་ཡིས་བརྩམས།
ཁྲོ་རྒྱལ་འབུམ་གྱིས་བསྒྱུར།
དཀར་གསལ་གྱི་ཟླ་བ་དགུང་དུ་འཕགས་པ་ན། སྒོ་རའི་ཁོར་ཡུག་འཇམ་བསིལ་ལེར། གཡའ་དག་པར་གྱུར། ཉིན་མོར་འཆག་འཆག་བཏབ་པའི་འདམ་རྩྭ་དག་ནེམ་ལྷོད་ལྷོད་དུ་སྣང་བ་ནི་ཏག་ཏག་རྩྭ་གདན་སླེ་བྱེད་ཡིན། ཁྱིམ་གྱི་བུད་མེད་སྒོ་རའི་ནང་བསྡད་དེ་ཞིབ་ཅིང་ཕྲ་ལ་མཉེན་ཞིང་ལྡེམ་པའི་འདམ་རྩྭའི་ཉག་མ་དག་རང་གི་སོར་མོའི་ལྟོང་དུ་འགོད་ཅིང་། མཛུབ་མོའི་ལྡེམ་མྱུར་ལས་ལུས་སྲབ་ཅིང་ཐག་ཕྲ་བའི་འདམ་རྩྭའི་ཉག་མ་རྣམས་མོའི་པང་དུ་གྲུ་གུ་ལྡིང་ལྡིང་བྱས།ཁྲོ་རྒྱལ་འབུམ་གྱིས་བསྒྱུར།
གལ་ཏེ་པད་དབྱང་མཚེའུའི་འདམ་རྩྭའི་རྒྱ་ཁྱོན་ག་ཙམ་ཡོད་པ་དྲིས་ཚེ་ཁྱོད་ཀྱིས་རྟོགས་མི་སྲིད་ལ། ལོ་རེའི་འདམ་རྩྭའི་ཐོན་ཚད་ག་འདྲ་ཡིན་ཚུལ་དྲིས་ཚེའང་ཁྱོད་ལ་ལན་ལྡོན་རྒྱུ་ཡོད་མི་སྲིད། ཁྱོད་ཀྱིས་མཐོང་ཐུབ་པ་ནི་ལོ་རེར་འདམ་བུའི་མེ་ཏོག་རླུང་གིས་བསྐྱོད་ཅིང་རྩྭ་ཡི་འདབ་མ་སེར་པོར་འགྱུར་བའི་དུས་སྐབས་ནི་འདམ་རྩྭ་བརྔ་བསྡུ་བྱེད་པའི་དུས་ཚིགས་ཡིན་པ་དང་། ཕུང་ཕུང་དུ་བསྒྲིལ་བའི་འདམ་རྩྭའི་དོས་པོ་རྣམས་པད་དབྱང་མཚེའུ་མཐའ་འཁོར་གྱི་ཐང་ཆེན་དུ་རྩྭ་ཡི་ལྕགས་རི་ཆེན་པོ་ཞིག་ཏུ་གྱུར་འདུག་པ་དེ་ཡིན་སྲིད། སྐབས་དེར། བུད་མེད་རྣམས་ཐང་ཆེན་དང་སྒོ་རའི་གནས་ཀ་ཤེད་ཅིག་ཏུ་བསྡད་དེ་རྩྭ་གདན་བསླེས་པ་ཡིན། ཁོ་མོ་ཚོས་རྩྭ་གདན་ག་ཚོད་ཅིག་བསླེས་ཐུབ་པ་ཡིན་ནམ། ཟླ་དྲུག་པར། མཚེའུར་བོགས་ཐོན་པས་གྲུ་གཟིངས་མང་པོ་ཕྱོགས་ཕྱོགས་ནས་ཐོན་ཏེ་དངུལ་དཀར་གྱི་མདངས་སུ་འཁུ་བའི་རྩྭ་གདན་དག་དབོར་འདྲེན་བྱེད་ཅིང་། རིང་པོ་མི་ཐོགས་པར། ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་གསེབ་དག་ཏུ་སྤུན་གྱི་རི་མོ་ཞིབ་ཅིང་རྒྱུ་ཡི་སྤུས་ཀ་ལེགས་པའི་རྩྭ་གདན་དེ་དག་མཐོང་སྲིད། དེ་དུས་ཁོ་ཚོས“རྩྭ་གདན་ལེགས་པོ་འདུག པད་དབྱང་མཚེའུའི་རྩྭ་གདན་རེད་ཡ”ཞེས་འཕྲོག་ཉོ་བྱེད་པ་ཡིན།
བུད་མེད་འདིས་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་རྩྭ་གདན་གྱི་ལྷམ་པ་ཆེན་པོ་ཞིག་བསླེས་སོང་། དེ་དུས་མོ་ནི་རབ་དཀར་གྱི་ཁ་བའི་ཀློང་དུ་སྡོད་པའམ་ཡང་ན་མཛེས་སྡུག་གི་སྤྲིན་པའི་གསེབ་ཏུ་མྱུལ་བའི་སྣང་བ་སྦྱིན་ཡོང་། མོས་སྐབས་འགར་མཚེའུ་ངོགས་སུ་བལྟ་ཙམ་བྱེད། ད་ལྟ་མཚེའུ་ཡང་དངུལ་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར་ཏེ་ན་བུན་སྲབ་མོ་ཞིག་གིས་གཡོགས་འདུག དྲི་བཞོན་ལྡང་བ་ན། པད་རྩྭ་དང་མེ་ཏོག་གི་བསུང་ངད་རེ་བསྐྱལ་ཡོང་། ཡིན་ནའང་མོས་ཁྱིམ་གྱི་སྒོ་ཆེན་ད་དུང་མ་བརྒྱབ་པ་ནི་ཁྱོ་ག་ཕྱིར་མ་བསླེབ་པས་རེད།
ཡུན་རིང་ཞིག་འགོར་རྗེས་ཁྱོ་ག་ད་གཟོད་ཕྱིར་ལོག ཕར་བལྟས་ཚོད་ཀྱིས་ཕོ་གསར་འདི་ཕོ་ལོ་ཉེར་ལྔ་ཉེར་དྲུག་ཙམ་ལས་བརྒལ་མི་འདུག ཁོས་ཐོད་དུ་རྩྭ་ཞྭ་ཁེབས་ཆེན་ཞིག་དང་ལུས་སུ་སྟོད་ལྭ་དཀར་པོ་ཞིག་གྱོན་ཞིང་། དོར་མ་ནི་པུས་མོའི་མཚམས་སུ་བརྫེས་རྗེས་རྐང་པ་གཉིས་རྗེན་པར་བུད་འདུག མིང་ལ་ཧྲོས་ཧྲིན་ཟེར་བའི་སྐྱེས་པ་འདི་ནི་ཞའོ་ཝེ་གྲོང་ཚོའི་ངེས་མེད་རྒོལ་རྡུང་རུ་ཆུང་གི་རུ་གཙོ་དང་ཏང་གི་འགན་ཁུར་བ་ཡིན་ཞིང་། དེ་རིང་ཁོས་རུ་ཆུང་འཁྲིད་དེ་ཡུལ་ཁུལ་དུ་ཚོགས་འདུར་སོང་པ་རེད། བུད་མེད་ཀྱིས་མགོ་བོ་རྨྱང་བཞིན་འཛུམ་དང་བཅས“དེ་རིང་ཕྱིར་སླེབས་པ་འདི་འདྲ་འཕྱི་བ་ཅི་རེད”ཟེར་བཞིན་ཡར་ལངས་ཏེ་ཟ་མ་ལེན་དུ་འགྲོ་གྲབས་བྱས།
ཧྲོས་ཧྲིན་རྡོ་སྟེགས་སུ་བསྡད་རྗེས་ན་རེ།“ཟ་མ་བཟས་ཟིན། ཁྱོད་རང་ལེན་དུ་འགྲོ་མི་དགོས”ཞེས་བཤད།
བུད་མེད་སླར་ཡང་རྩྭ་གདན་སྟེང་སྡོད་བཞིན་ཁྱོ་གའི་གདོང་ལ་བལྟས། མོས་ཁྱོ་གའི་ངོ་གདོང་དམར་པོར་གྱུར་པའི་ཁར། སྐད་ཆ་བཤད་སྐབས་ཀྱང་དབུགས་ཀྱི་རྔམ་འདེགས་རྩུབ་མོར་གྱུར་འདུག་པ་ཚོར། “ཁོ་ཚོ་གང་དུ་ཡོད”མོས་དེ་ལྟར་དྲིས།
“ད་དུང་ཡུལ་ཁུལ་དུ་ཡོད། ཨ་ཕས་ཅི་བྱེད་ཀྱིན་འདུག”ཧྲོས་ཧྲིན་གྱིས་དེ་ལྟར་དྲིས།
“ཨ་ཕ་ཉལ་ཟིན”བུད་མེད་ཀྱིས་དེ་ལྟར་བཤད།
“དེས་ན་ཞའོ་ཧྭས་ཅི་བྱེད་ཀྱིན་འདུག”
“སྤོ་བོ་དང་མཉམ་དུ་ཉིན་ཕྱེད་ཙམ་ལ་དོར་རྒྱ་བསྡུས་རྗེས་སྔ་མོ་ནས་གཉིད་འདུག ཁོ་ཚོ་ད་དུང་ཕྱིར་མི་ལོག་དོན་ཅི་རེད”
ཧྲོས་ཧྲིན་དགོད་ཙམ་བྱས་པ་ན། ཆུང་མས་ཁོའི་གདོང་གི་རྒྱུན་ལྡན་མིན་པའི་རྣམ་འགྱུར་དེ་མཐོང་སོང་།
“ཁྱོད་ལ་ཅི་ཞིག་བྱུང་སོང”
ཧྲོས་ཧྲིན་གྱིས་སྐད་གདངས་དམའ་མོས“སང་ཉིན་ང་རང་རུ་དཔུང་དུ་འགྲོ་དགོས”ཞེས་བཤད།
བུད་མེད་ཀྱི་ལག་པའི་སོར་མོ་འདར་ཙམ་བྱས། འོ། འདམ་རྩྭས་མོའི་ལག་པ་གཤགས་སོང་པ་འདྲ། མོས་དེ་འཕྲལ་མཛུབ་མོ་རང་གི་ཁ་ནང་དུ་བཅུག་ནས་འཇིབ་ཙམ་བྱས། ཧྲོས་ཧྲིན་གྱིས་བཤད་རྒྱུར། “དེ་རིང་རྫོང་ཨུས་ང་ཚོ་བོས་ཏེ་ཚོགས་འདུ་བསྡུས་སོང་། གལ་ཏེ་དགྲ་བོ་ཡང་བསྐྱར་ཐུང་ཁུག་ཨན་བརྒྱུད་ནས་དམག་སྒར་དུ་བུད་ཚེ། ཏག་ཏག་ཏོན་གྲོང་ཚོ་དང་ལམ་ཐིག་གཅིག་ཏུ་འཁེལ་འདུག་པས་མཚེའུ་ཐོག་གི་རྒོལ་རྡུང་ཁ་ཕྱོགས་བསྒྱུར་དགོས། ཚོགས་ཐོག་ཏུ་ས་གནས་རུ་དཔུང་ཞིག་ཀྱང་གསར་འཛུགས་བྱས་སོང་། ངས་ཐོག་དང་པོར་ལག་པ་ཡར་བཀྱགས་ནས་མིང་ཐོ་བཀོད་པ་ཡིན”ཟེར།
“ཁྱོད་ནམ་ཡང་ཐམས་ཅད་ཀྱི་སྔོན་མ་ཡིན”བུད་མེད་ཀྱིས་མགོ་བོ་སྨད་བཞིན་དེ་ལྟར་བཤད།
ཧྲོས་ཧྲིན་ན་རེ། “ང་ནི་གྲོང་ཚོའི་ངེས་མེད་རྒོལ་རྡུང་རུ་ཆུང་གི་རུ་གཙོ་ཡིན་པའི་ཁར། ད་དུང་ལས་བྱེད་པའང་ཡིན་པས་སྔོན་ལ་ཡར་ལངས་དགོས་པ་ལྡོག་མེད་ཡིན། ཁོ་ཚོས་ཀྱང་མིང་ཐོ་བཀོད་ཚར། ཡིན་ཡང་ཁྱིམ་མིས་ངོ་རྒོལ་ཐེབས་པར་སྐྲག་པས་ཕྱིར་ལོག་མ་ཕོད། དེ་བས་ཐུན་མོང་ནས་ང་རང་འཐུས་ཚབ་ཏུ་བཏང་སྟེ་ཁྱིམ་མིར་ཁ་ཏ་བྱེད་དུ་ཡོང་པ་ཡིན། ཁོ་ཚོ་ཚང་མས་ཁྱོད་ནི་མི་བློ་ཁོག་ཅན་ཞིག་རེད་སྙམ་གྱིན་འདུག ”ཟེར།
བུད་མེད་ཡུད་ཙམ་ལ་དལ་ཅག་གེར་བསྡད་རྗེས་ན་རེ། “ཁྱོད་སོང་ཆོག ངས་ཁྱོད་རང་བཀག་འགོག་བྱེད་མི་སྲིད། ཡིན་ཡང་ཁྱིམ་དུ་ཇི་ལྟར་བྱེད”ཟེར།
ཧྲོས་ཧྲིན་གྱིས་ཨ་ཕའི་ཁང་མིག་ཆུང་ཆུང་དེར་མཛུབ་མོས་སྟོན་བཞིན་མོར་སྐད་མགོ་དམའ་དགོས་པའི་བརྡ་བསྟན། ཁོ་ན་རེ། “ཁྱིམ་དུ་བདག་སྐྱོང་བྱེད་མཁན་གྱི་མི་གཞན་ཡོད་ངེས་ཡིན། འོན་ཀྱང་ངེད་ཅག་གི་གྲོང་ཚོ་འདི་ཧ་ཅང་ཆུང་བའི་ཁར། ད་ཐེངས་དམག་ཏུ་ཞུགས་མཁན་ཡང་མི་བདུན་འདུག གྲོང་ཚོའི་ནང་གི་ན་གཞོན་ཇེ་ཉུང་དུ་སོང་ནའང་། ཐམས་ཅད་གཞན་ལ་བརྟེན་ག་ལ་རུང་། དེ་བས་ཁྱིམ་གྱི་ལས་ཀ་རྣམས་ཁྱོད་ཀྱིས་མང་ཙམ་བསྒྲུབ་དགོས་པར་འདུག ཨ་ཕ་རྒས་ཟིན་ལ་ཞའོ་ཧྭ་ཡང་ད་དུང་བསམ་མེད་ཡིན་པས་ཁྱིམ་ལས་ཀྱི་འགན་ཐེག་མི་ནུས”ཟེར།
བུད་མེད་ལ་ངུ་སྙིང་ཞིག་བྱུང་ནའང་མཇུག་མཐར་མོས་བསྲན་སོང་། མོ་ན་རེ། “ཁྱོད་ཀྱིས་ཁྱིམ་གྱི་དཀའ་ངལ་རྟོགས་ཚེ་ཡག་པོ་འདུག”ཟེར།
ཧྲོས་ཧྲིན་གྱིས་ཁོ་མོར་སེམས་གསོ་ཞིག་བྱེད་དགོས་སྙམ་ནའང་། ད་དུང་གྲ་སྒྲིག་བྱེད་དགོས་པའི་དོན་དག་ཤིན་ཏུ་མང་པོ་ཞིག་ཡོད་པ་ཡིད་ལ་ཤར་བས་སྐད་ཆ་ཚིག་གཉིས་ཀྱིས་འཐུས་པར་བྱས་སོང་། ཁོ་ན་རེ“རྒྱ་མ་སྟོང་གི་འཁུར་ཤིང་དེ་སྔོན་ལ་ཁྱོད་ཀྱིས་འདེགས་རྒྱུ་བྱོས། འདྲེ་དམག་ཕྱིར་བསྐྲད་རྗེས་ང་རང་ཕྱིར་ལོག་ནས་ཁྱོད་ལ་བཀའ་དྲིན་ཞུ་རྒྱུ་བྱེད”ཟེར།
དེ་ལྟར་བཤད་རྗེས་ཁོ་རང་དུད་ཁྱིམ་གཞན་དུ་ཕྱིན་སོང་། ཁོས་ད་དུང་རང་ཉིད་རུ་དཔུང་དུ་མ་ཕྱིན་སྔོན་ལ་ཕྱིར་ཡོང་ནས་ཨ་ཕ་དང་ཁ་བརྡ་ཞིག་བྱེད་ངེས་ཟེར།
ཐོ་རེངས་བྱ་ཕོའི་སྐད་གསེང་དང་ལྷན་དུ་ཧྲོས་ཧྲིན་ཕྱིར་རང་ཁྱིམ་དུ་ལོག བུད་མེད་ད་དུང་སྒོ་རའི་ནང་བསྡད་དེ་ཁོར་སྒུག་འདུག མོ་ན་རེ། “ཁྱོད་ལ་ངག་བཅོལ་གྱི་སྐད་ཆ་ཅི་ཞིག་ཡོད”ཟེར།
“གང་ཡང་མེད། ང་རང་འགྲོ་རྒྱུ་ཡིན། ཁྱོད་རང་མུ་མཐུད་ནས་ཡར་ཐོན་འབྱུང་དགོས། ཡིག་ངོ་ཆོད་པར་བྱེད་རྒྱུ་དང་ཐོན་སྐྱེད་ལ་ཤུགས་རྒྱག་རྒྱུ་རང་ཡན་དུ་གཏོང་མི་རུང”
“ཡ”
“ལས་གང་ཞིག་བསྒྲུབ་ནའང་གཞན་གྱི་རྗེས་སུ་ལུས་མི་རུང”
“ཡ། ད་དུང་ཅི་ཞིག་ཡོད”
“ནང་རུལ་བས་གསོན་བཟུང་ཐེབས་མི་རུང་། གལ་ཏེ་འཛིན་བཟུང་ཐེབས་ཚེ་དགྲ་བོ་དང་ཤི་འཐབ་རོ་འཐབ་བྱེད་དགོས”
ཡང་སྙིང་དུ་གྱུར་བའི་སྐད་ཆ་དེར་མོས་མིག་ནས་མཆི་མ་འདོན་བཞིན་ཁས་ལེན་བྱས།
ཕྱི་ཉིན། བུད་མེད་ཀྱིས་རས་ལྭ་ཆ་ཚང་གཅིག་དང་། ལག་རས་གསར་བ་གཅིག ལྷམ་གསར་ཆ་གཅིག་བཅས་རྡོག་ཁྲེས་ཆུང་ཆུང་ཞིག་ཏུ་བསྒྲིལ། དུད་ཁྱིམ་གཞན་རྣམས་ཀྱིས་སྤྲིངས་པའི་དངོས་པོའང་འདི་དག་དང་གཅིག་མཚུངས་རེད། ཁོ་ཚོས་ཡོད་ཚད་ཧྲོས་ཧྲིན་གྱི་ལག་ཏུ་སྤྲད་རྗེས་སྒོ་ལམ་བར་དུ་སྐྱེལ་མ་བྱས། ཨ་ཕས་ཀྱང་ཞའོ་ཧྭ་རྗེས་སུ་འཁྲིད་ནས་ཁོར་སྐྱེལ་མ་ཞུ་རུ་བསླེབས། ཨ་ཕས་བཤད་རྒྱུར། “ཧྲོས་ཧྲིན་ལགས། ཁྱོད་ཀྱིས་སྒྲུབ་གྱིན་པ་ནི་གཟི་བརྗིད་ལྡན་པའི་བྱ་བཞག་ཡིན་པས། ངས་ཁྱོད་རང་འགོག་མི་སྲིད། ཁྱོད་རང་སེམས་བདེ་མོའི་ངང་སོང་ཆོག ཁྱིམ་མི་དང་བྱིས་པར་ངས་ལྟ་སྐྱོང་བྱེད། ཁྱོད་རང་ཞེ་ཐོགས་དགོས་དོན་གང་ཡང་མེད”ཟེར།
གྲོང་སྡེའི་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱང་སྒོར་བུད་དེ་ཧྲོས་ཧྲིན་ལ་སྐྱེལ་མ་བྱས། ཁོས་སྐྱེལ་མ་ཞུ་མཁན་གྱི་ཡུལ་མི་རྣམས་ལ་འཛུམ་ཞིག་བསྟན་རྗེས་གྲུ་སྟེང་དུ་བུད་དེ་རྒྱང་རིང་དུ་ཕྱིན་སོང་།
བུད་མེད་ཚོར་ཅི་ནས་ཀྱང་འབྲལ་དཀའི་འཁྲེང་ཞེན་ལྕི་མོ་ཞིག་འདུག ཉིན་འགའི་རྗེས་སུ། ན་གཞོན་བུད་མེད་བཞི་ཧྲོས་ཧྲིན་གྱི་ཁྱིམ་དུ་འཛོམས། ཁོ་མོ་ཚོ་ན་རེ། “གོ་ཐོས་ལྟར་ན་ཁོ་ཚོ་ད་དུང་གནས་འདིར་ཁ་བྲལ་མི་འདུག་ཟེར། ང་རང་ཁོའི་གེགས་རྡོ་བྱེད་འདོད་པ་མིན། ཡིན་ཡང་ཁོས་ལྭ་བ་ཞིག་འཁྱེར་རྒྱུ་བརྗེད་འདུག”ཟེར།
“ང་ཁོར་བཤད་རྒྱུའི་དོན་གལ་ཆེན་ཞིག་འདུག”
ཧྲོས་ཧྲིན་གྱི་ཆུང་མ་ན་རེ། “ཁོས་བཤད་ན་འདྲེ་དམག་ཐུང་ཁུག་ཨན་དམག་སྒར་ནས·······”
“དེ་འདྲའི་སྟབས་ལེགས་པོ་ཞིག་གང་དུ་ཡོད། ང་ཚོ་མྱུར་དུ་འགྲོ་ལ་མྱུར་དུ་ཕྱིར་ལོག་རྒྱུ་བྱེད”
“སྤྱིར་ན་ང་རང་འགྲོ་འདོད་མེད། ཡིན་ཡང་ངེད་ཚང་གི་སྒྱུག་མོས་ངེས་པར་དུ་ཁོར་བལྟ་རུ་སོང་ཟེར། ཁོར་བལྟ་རྒྱུ་ཅི་ཞིག་ཡོད”
གྲོས་མོལ་གྱི་རྗེས་སུ། བུད་མེད་ཚོས་ལྐོག་ཏུ་གཟིངས་ཆུང་ཞིག་ལ་ཤན་རྒྱག་བཞིན་ཁ་གཏད་ཀྱི་མཱ་གྲོང་སྡེ་བའི་ཕྱོགས་སུ་བསྐྱོད་སོང་།
མཱ་གྲོང་སྡེ་བར་བསླེབས་ནའང་། ཁོ་མོ་ཚོ་ཐད་ཀར་སྲང་ལམ་དུ་འགྲོ་མི་ཕོད་པས་སྡེ་འདབས་ཀྱི་གཉེན་ཉེ་ཞིག་གི་ཁྱིམ་དུ་ཕྱིན། གཉེན་ཉེ་ན་རེ། “ཁྱོད་ཚོ་ཡོང་སྐབས་མ་འགྲིག་པ་རེད། མདང་དགོང་ཁོ་ཚོ་ད་དུང་གནས་འདིར་ཡོད། འོན་ཀྱང་ནམ་གུང་གི་དུས་སུ་གར་སོང་ཆ་མེད་དུ་གྱུར་སོང་། ད་ནི་ས་ཆ་གང་ཞིག་ཏུ་ཕྱིན་སོང་པ་སུས་ཀྱང་རྟོགས་དཀའ། ཡིན་ཡང་ཁྱོད་ཚོས་སེམས་ཁུར་བྱེད་མི་དགོས། གོ་ཐོས་ལྟར་ན་ཧྲོས་ཧྲིན་ལ་ཡོང་མ་ཐག་ནས་གདང་དཔོན་གཞོན་པའི་གོ་གནས་བསྩལ་བས། ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་འདུག·······”ཟེར།
བུད་མེད་ཚོ་སྐྱེངས་པའི་ངོ་གདོང་དམར་ལམ་ལམ་དང་བཅས་གཉེན་ཉེའི་ཁྱིམ་ནས་ཕྱིར་ཐོན་རྗེས། མཚེའུའི་འགྲམ་ངོགས་སུ་བསྟད་པའི་གཟིངས་ཆུང་ལ་ཤན་རྒྱག་བཞིན་ཕྱིར་ལོག་པའི་སྟ་གོན་བྱས། གུང་དྲོར་ཉེ་བའི་སྐབས་འདིར་བར་སྣང་དུ་སྤྲིན་པ་བྱིའུ་མགོ་ཙམ་ཡང་མཐོང་དཀའ་ནའང་། ཆུ་ངོགས་སུ་ད་དུང་བསིལ་འཇམ་གྱི་རླུང་བུ་ཞིག་རང་ཡན་དུ་རྒྱུ་ཞིང་། ལྷོ་ནས་ཡོང་པའི་བསེར་རླུང་འཇམ་པོ་དེས་འབྲས་མྱུག་གི་རྩེ་མོར་འཁྱུད་པའི་གྲ་མ་དག་འཁུར་ཡོང་། ཆུ་ངོགས་སུ་གྲུ་གཟིངས་ཤིག་གི་རྗེས་མགོ་ཡང་མཐོང་དཀའ་བས། དེ་རིང་གི་མཚོ་མོ་ནི་རླབས་ཀྱི་ཕྲེང་པ་རྩེན་པའི་དངུལ་ཞུན་གྱི་གཞོངས་པ་ཞིག་དང་འདྲ།
རེ་ཆད་དང་སྐྱོ་གདུང་གི་སྣང་བ་དང་བཅས་བུད་མེད་ཚོས་སེམས་ནས་རང་ཉིད་ཀྱི་ཁྱོ་གར་སྡིགས་དམོད་བྱས། སྤྱིར་བཏང་དུ་ན་གཞོན་དག་ནི་ནམ་ཡང་མི་སྡུག་པའི་སེམས་ཁམས་ལས་ཐར་ཐབས་བྱེད་ཅིང་། བུད་མེད་རྣམས་ནི་དེ་བས་ཀྱང་མི་སྡུག་པའི་ལས་དག་བརྗེད་ངས་སུ་བསྐྱུར་ནུས་པས། ཡུད་ཙམ་གྱི་རྗེས་སུ། ཁོ་མོ་ཚོའི་ཁྲོད་དུ་རྩེད་མཚར་གྱི་སྐད་སྒྲ་ཞིག་སླར་ཡང་གྲགས་ཡོང་།
“ཁྱོད་ཀྱིས་ལྟོས་དང་ཁོ་ཚོ་འགྲོ་བསམ་ན་བུད་འགྲོ”
“ཁོ་རང་དགའ་ཐག་ཆོད་འདུག གནམ་ལོ་གསར་སྐབས་དང་ཆུང་མ་ལེན་དུས་ཀྱང་ཁོར་འདི་འདྲའི་དགའ་སྤྲོ་སྐྱེས་བཞིན་པ་མཐོང་མ་མྱོང ”
“རྟ་འདོགས་ཕུར་བས་ཀྱང་མ་ཁོག་པ་རེད”
“ཁོག་གི་མི་འདུག སྲབ་སྒྲོག་ལས་ཤོར་སོང་”
“དམག་དཔུང་དུ་འབྱོར་མ་ཐག ཁོས་རང་གི་ཁྱིམ་མི་བརྗེད་སོང་པ་ཁོ་ཐག་རེད”
“དེ་བདེན་པར་འདུག སྔོན་ཆད་ངེད་ཚང་ནས་ན་གཞོན་གྱི་དམག་དཔུང་ཞིག་སྡོད་དུས། ཁོ་ཚོས་ཉིན་གང་བོར་མགོ་བོ་རྨྱང་བཞིན་གླུ་གཞས་གཏོང་གིན་པ་མཐོང་མྱོང་། ང་ཚོར་ཚེ་གང་པོར་ཡང་དེ་འདྲའི་དགའ་སྤྲོ་ཡོང་ཐབས་མེད། སྦྱོང་བརྡར་མཚམས་བཞག་སྟེ་ཁོམ་ལོང་ཙམ་བྱུང་བ་ན། ངས་ད་ནི་ཁོ་ཚོས་མགོ་བོ་སྨད་དེ་ངལ་ཞིག་གསོ་འོས་ཞེས་སྟོང་འདང་རེ་བརྒྱབ་མོད། ཁྱོད་ཀྱིས་བལྟས་ན་ཁོ་ཚོས་ཅི་ཞིག་བྱས་ཡོད་ངེས་རེད། ཁོ་ཚོས་ད་དུང་རྡུལ་བྱེ་དཀར་པོ་ཞིག་གིས་ངེད་ཚང་གི་གྱང་ངོས་སུ་གོར་ཐིག་མང་པོ་ཞིག་བྲིས་རྗེས། སྒོ་རའི་ནང་ཙོག་པུར་བསྡད་ཅིང་། མེ་མདའ་བཏེགས་ནས་གོར་ཐིག་དེ་དག་གི་ངོས་སུ་དམིགས་དམིགས་རྗེས། ཡུད་ཙམ་ནས་ཡང་བསྐྱར་གླུ་གཞས་གཏོང་བར་བྱེད”
གྲུ་ཤན་གྱི་རྩོལ་བ་ལས་ལོགས་གཉིས་ཀྱི་ཆུ་མོའི་ཤག་སྒྲ་འཇགས་མེད་དུ་མཆེད་ཡོང་། ཁོ་མོ་ཚོས་ལག་པའི་བདེ་ཕྱོགས་ཀྱིས་ཆུ་ནང་གི་གཟེ་མའི་འཕང་ཆེན་དག་ཡར་འདོན་ཞིང་། ད་དུང་ལུས་སྙི་ཞིང་མདངས་དཀར་པོའི་ངང་སྨིན་པའི་དུས་ཚིགས་མ་སླེབས་པས། གཟེ་མའི་འཕང་ཆེན་འདི་དག་ད་ནི་ཡང་བསྐྱར་ཆུ་རུ་གཡུག་དགོས་པར་འདུག་ལ། འདི་ལྟར་བདེ་འཇམ་བག་ཕེབས་ཀྱི་ངང་ནས་འཕྱོ་ཞིང་གཡེང་བཞིན་འཚར་སྐྱེད་འབྱུང་དགོས་པར་འདུག
“ད་ལྟ་ཁྱོད་ཀྱིས་ཁོ་ཚོ་གནས་གང་ཞིག་ཏུ་བསླེབས་ཡོད་པ་རྟོགས་སམ”
“དོན་དེར་ཁ་ཡ་བྱས་ནས་ཅི་བྱེད། གནམ་སའི་མཐའ་ཞིག་ལ་ཐོན་ཡོད་ཀྱང་སྲིད”
ཁོ་མོ་ཚོས་མགོ་བོ་བཏེགས་ནས་རྒྱང་རིང་གི་གནས་སུ་ཡང་ཡང་བལྟས།
“ཨ་ཙི། གྲུ་གཟིངས་ཤིག་ཚུར་ཡོང་གིན་འདུག”
“ཨ་ཙི། འཇར་པན་འདྲེ་དམག་རེད། ཁོ་ཚོའི་ལྭ་བར་ལྟོས་དང”
“ངེད་ཅག་མྱུར་དུ་འབྲོ”
གྲུ་ཤན་ཤུགས་ཀྱིས་དཀྲུག་བཞིན་ད་ལྟ་སེམས་སུ་ནོངས་འགྱོད་ཅུང་ཙམ་ཞིག་སྐྱེས་པ་ནི་རང་ཉིད་ཀྱི་ཧོལ་རྒྱུག་གི་བྱ་སྤྱོད་འདི་མི་འོས་པར་བསམ་པའམ། ཡང་ན་ཐག་རིང་དུ་ཕྱིན་པའི་རང་མི་དེ་དག་ལ་ལེ་བདའ་བྱེད་པ་གང་ཡིན་ཆ་མི་འཚལ་ནའང་། ད་ལྟ་འཕྲལ་མར་བློ་ལ་དྲན་པ་ནི་གྲུ་ཤན་མྱུར་དུ་དཀྲུག་རྒྱུ་དེ་ཡིན་སྲིད་དེ། མིག་སྔར་རྒྱབ་ཕྱོགས་ནི་དགྲ་བོའི་གྲུ་གཟིངས་རེད།
གྲུ་གཟིངས་དེས་རྗེས་སྙེག་པ་ཤིན་ཏུ་མགྱོགས།
སྟབས་ལེགས་པ་ཞིག་ལ་ན་གཞོན་བུད་མེད་འདི་དག་ནི་པད་དབྱང་མཚེའུའི་འགྲམ་ངོགས་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པས། རླུང་ལས་མྱུར་བའི་གྲུ་ཆུང་ནི་ཁོ་མོ་ཚོའི་ལག་ཏུ་ཆུ་ངོགས་སུ་འཕྱོ་ལྡིང་གིས་བསྐྱོད་པའི་ཉ་མོ་ཞིག་དང་འདྲ་ཞིང་། ཆུང་ངུའི་དུས་ནས་གྲུ་ནི་ལུས་དང་གྲིབ་མ་འགྲོགས་པ་ལྟར་བྱང་གོམས་སུ་གྱུར་བས། ད་ལྟ་ལས་འདི་ལྟ་བུ་དང་འཕྲད་པ་ནི་ཁོ་མོ་ཚོར་མཚོན་ན་འཐག་རས་འཐག་པའམ་འཚེམ་དྲུབ་བྱེད་པ་ནང་བཞིན་ཟོར་བདེའི་བྱ་བ་ཞིག་ཅི་ལ་མིན། ཁོ་མོ་ཚོའི་སེམས་སུ། གལ་ཏེ་དགྲ་བོས་རྗེས་ཟིན་ཚེ། ད་ནི་ཆུ་ལ་མཆོང་སྟེ་ལྕེབས་ཤི་བྱས་ན་དགའ་སྙམ།
རྒྱབ་ཕྱོགས་ཀྱི་གཟིངས་ཆེན་བྱ་འཕུར་བ་ནང་བཞིན་རྗེས་སྙེག་འོངས། ད་ནི་འདྲེ་དམག་ཡིན་པ་མངོན་གསལ་རེད། ན་གཞོན་བུད་མེད་ཚོས་ཨམ་གཙིགས་བསྡམས་བཞིན་རང་གི་དྲག་ཏུ་ལྡིང་པའི་སྙིང་གི་འཕར་རྩ་གནོན་ཞིང་། འཚབ་འཚུབ་མེད་པར་གྲུ་ཤན་ཡུན་དུ་དཀྲུགས་པ་ལས། ཤག་སྒྲའི་རོལ་མོ་རྔམ་འདེགས་ཆེ་བ་ཞིག་གྲུ་ཆུང་གི་ལོགས་གཉིས་ལས་འཇགས་མེད་དུ་མཆེད་ཡོང་།
“ངེད་ཅག་པདྨའི་མཚེའུའི་ཕྱོགས་སུ་འགྲོ དེ་རུ་ཆུ་ཟབ་རྒྱུ་མེད་པས་གཟིངས་ཆེན་བརྒལ་མི་ཐུབ”
ཆུ་ཞེང་ལ་ག་ཚོད་ཙམ་ཡོད་པའང་མི་ངེས་པའི་པདྨའི་མཚེའུའི་ཕྱོགས་སུ་ཕྱིན་པ་ན། ཕ་མཐའ་མི་མངོན་ཞིང་ཚིང་ཚིང་དུ་རིམ་པར་འཛེང་པའི་པདྨའི་འདབ་ལོ་དག་ནི་ཉི་འོད་ཀྱི་གཟི་མདངས་འོག་ཏུ་ རྣོ་ལྕགས་ཀྱི་མཁར་ཆེན་ཞིག་དང་འདྲ་བར་ཡངས་པོར་བརྐྱངས་ཤིང་། མཛེས་སྡུག་གི་པདྨའི་འཁྲི་ཤིང་དག་མཐོན་པོར་འགྲེང་པ་ནི། པད་དབྱང་མཚེའུར་ལྟ་སྲུང་བྱེད་མཁན་གྱི་སོ་དམག་དང་མཚུངས།
མཇུག་མཐའི་རྩོལ་བ་ཞིག་གིས་གྲུ་ཆུང་བདེ་བླག་ངང་པདྨའི་མཚེའུའི་ནང་དུ་འབྱོར། ངང་བ་འགའ་དངངས་འཚབ་དང་བཅས་སྐད་ཅོར་རྒྱག་ཅིང་ཧར་མཆོང་གཅིག་གིས་གཤོག་རླབས་ཆུ་ངོགས་སུ་རྡེག་བཞིན་ཐག་རིང་དུ་འཕུར་སོང་། སྐབས་དེར་བསྟུད་མར་གྲགས་པའི་མེ་མདའི་སྦག་སྒྲ་ཞིག་ཁོ་མོ་ཚོའི་རྣ་ལམ་དུ་མཆེད་ཡོང་།
སྦག་སྒྲ་དེས་པདྨའི་མཚེའུ་ཡོམ་ཡོམ་སྒུལ་བ་ན། ཁོ་མོ་ཚོའི་སེམས་སུ་དགྲ་བོའི་གཡོ་ཇུས་ཐེབས་སོང་སྙམ་ཞིང་། ད་ནི་འཆི་བ་ལས་འོས་མི་འདུག་སྙམ་པའི་བློ་དང་བཅས་ཚང་མ་ཆུ་ནང་དུ་མཆོངས། ཞིབ་ཏུ་ཉན་པ་ན་མེ་མདའ་གྲགས་ས་ནི་མཚེའུའི་ནང་རོལ་ཡིན་པ་རྟོགས་དུས། ཡང་བསྐྱར་མགོ་བོ་ཆུ་ཁར་གཡེང་སྟེ་ཕྱོགས་བཞིར་ཡང་ཡང་བལྟས། ཁད་ཉེ་སའི་མེ་ཏོག་གི་འདབ་ལོ་ཆེན་པོ་ཞིག་གི་འོག་ཏུ་མི་ཞིག་གི་ངོ་གདོང་མཐོང་ཡོང་། མི་དེའི་ལུས་པོ་ཕྱེད་ཙམ་ཆུ་རུ་ནུབ་པའི་ངང་ཚུལ་ལ་བལྟས་ཚེ། པད་རྩྭ་ཞིག་མིའི་གཟུགས་སུ་གྲུབ་འདུག་པ་ལྟ་བུའི་སྣང་བ་སྟེར། དེ་ནི་ངེད་ཅག་གི་ཧྲོས་ཧྲིན་མིན་ནམ། ད་དུང་གཡས་གཡོན་དུ་བལྟས་པས། ཁོ་མོ་ཚོས་སོ་སོར་རང་ཉིད་ཀྱི་ཁྱོ་གའི་ངོ་གདོང་དག་རྙེད་བྱུང་། འོ། མ་གཞིར་ཁོ་ཚོ་རེད་དམ།
འོན་ཀྱང་མེ་ཏོག་གི་འདབ་ལོའི་འགབ་ཏུ་སྐུང་པའི་འཐབ་མོ་བ་དེ་དག་གིས་བློ་རྩེ་གཅིག་ཏུ་སྒྲིམ་ནས་དགྲ་བོའི་ཕྱོགས་སུ་མེ་མདའ་འཕེན་རྒྱུ་ལས། ཁོ་མོ་ཚོའི་ཕྱོགས་སུ་མིག་ཟུར་ཙམ་ཡང་བལྟ་རྒྱུའི་ཁོམ་ལོང་ག་ལ་ཡོད། མེ་མདའི་སྐད་སྒྲ་བར་སྣང་ནས་མཆེད་ཅིང་། བསྟུད་མར་གྲགས་པའི་ཆོམ་སྒྲ་འགའི་རྗེས་སུ་ཁོ་ཚོས་ད་གཟོད་ལག་འབོམ་གཡུག་བཞིན་པདྨའི་མཚེའུ་ལས་ཕྱིར་མཆོངས།
ལག་འབོམ་གྱི་ནུས་སྟོབས་ལས་དགྲ་བོའི་གཟིངས་ཆེན་གཏོར་ཞིང་ད་ནི་ཡོད་ཚད་ཆུ་རུ་ནུབ་པས། ཆུ་ངོགས་སུ་རྫས་དུད་ཀྱི་དྲི་མ་སྟུག་པོ་ཞིག་ལས་ཅི་ཡང་མི་འདུག འཐབ་མོ་བ་ཚོས་དགའ་འབོད་དང་བཅས་གཡུལ་ཐོབ་དངོས་རྫས་དག་ཆུ་ནས་འདོན་ཞིང་། ནམ་རྒྱུན་བྱང་གོམས་སུ་གྱུར་བའི་ལས་ཏེ་ཉ་མོ་ཆུ་ནས་འདོན་པའི་ཟོལ་གྱིས་དངོས་རྫས་རྣམས་ཕྱིར་བཏོན། ཁོ་ཚོས་ཧབ་ཐོལ་དང་བཅས་དགྲ་བོའི་མེ་མདའ་དང་མདེལ་རྫས་རྣམས་སྔ་རྗེས་སུ་བཏོན་རྗེས། ཡང་ཆུ་རུ་སྦངས་ཟིན་པའི་གྲོ་ཕྱེ་དང་འབྲས་ཀྱི་སྣོད་ཁུག་དག་རེ་རེ་བཞིན་ཡར་བཏོན། ཧྲོས་ཧྲིན་གྱིས་རླབས་ངོགས་སུ་འཕྱོ་བའི་དངོས་པོ་གང་ཞིག་གི་རྗེས་སྙེག་ནས་སོང་པ་ན། དེ་ནི་བག་ལེབ་སྐམ་པོ་བསྡུས་པའི་སྤུས་ཀ་ལེགས་པའི་ཤོག་སྒམ་ཆུང་ཆུང་ཞིག་རེད།
བུད་མེད་ཚོ་ལུས་ཡོངས་རློན་ཙར་ཙར་དུ་གྱུར་ཏེ་སླར་ཡང་གྲུ་ཆུང་ལ་འཛེགས།
ཧྲོས་ཧྲིན་གྱིས་ལག་པ་ཡ་གཅིག་མཐོན་པོར་བསྒྲེངས་ཤིང་། ཡ་གཅིག་ཆུ་ངོས་སུ་རྡེག་རྡེག་ངང་རང་ཉིད་ཆུ་རུ་མི་ནུབ་པར་བྱེད་བཞིན། པདྨའི་མཚེའུའི་ཕྱོགས་སུ་འཁོར་ཏེ་སྐད་གསེང་མཐོན་པོས“ཁྱོད་ཚོ་ཕྱིར་བུད་ཡ”ཞེས་སྐད་ཅོར་བརྒྱབ།
ཕར་བལྟས་ཚོད་ཀྱིས་ཁོ་རང་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་འདྲ།
ཁོ་མོ་ཚོས་གྲུ་ཤན་དཀྲུག་བཞིན་ཕྱིར་འབུད་སྐབས། གྲུ་ཆུང་གི་ཟུར་སྣེ་ཞིག་མི་ཞིག་གློ་བུར་དུ་ཆུ་ཁར་འཛུལ་འོངས། ཁོ་ནི་ཡུལ་ཁུལ་རུ་ཆུང་གི་རུ་གཙོ་ཡིན་པ་ཧྲོས་ཧྲིན་གྱི་ཆུང་མས་ངོས་ཟིན་གྱི་འདུག ཁོས་ངོ་གདོང་འབྱིད་འབྱིད་ཅིག་བཏང་རྗེས“ཁྱོད་ཚོ་གནས་འདིར་ཅི་ཞིག་བྱེད་དུ་ཡོང་བ་ཡིན”ཞེས་དྲིས།
ཧྲོས་ཧྲིན་གྱི་ཆུང་མ་ན་རེ། “ཡང་ཁོ་ཚོར་གྱོན་པ་རེ་བསྐྱལ་ཡོང་པ་ཡིན”ཟེར།
“ཚང་མ་ཁྱེད་ཅག་གྲོང་ཚོའི་མི་ཨེ་རེད”རུ་གཙོས་ཁ་ཕྱིར་འཁོར་ནས་ཧྲོས་ཧྲིན་དེ་ལྟར་དྲིས།
“ཁོ་མོ་ཚོ་ནི་རྗེས་ལུས་པ་སྐོར་ཞིག་ལས་གཞན་གང་ཡང་མ་རེད”ཅེས་བཤད་རྗེས་ལག་གི་ཤོག་སྒམ་བུད་མེད་ཚོའི་གྲུ་ཆུང་ནང་དུ་གཡུགས་པ་དང་། དབུགས་རིང་ཞིག་རྔུབ་རྗེས་ཡང་བསྐྱར་ཆུ་ནང་དུ་འཛུལ་སོང་ལ། ཁད་རིང་ས་ཞིག་ནས་ད་གཟོད་ཆུ་ཁར་བུད།
རུ་གཙོས་ཀུ་རེ་དང་བཅས་བཤད་རྒྱུར། “ཁྱོད་ཚོ་ཡོང་པའང་དོན་མེད་ག་ལ་ཡིན། ཁྱོད་ཚོ་མིན་ཚེ། ངེད་ཅག་གི་འཇབ་རྒོལ་འདི་འདྲའི་མཐའ་འཁྱོལ་བ་ཞིག་ཡོང་མི་སྲིད། འོན་ཀྱང་། འགན་ཁུར་ལེགས་འགྲུབ་བྱུང་སོང་བས། ད་ནི་ཕྱིར་སོང་སྟེ་ལྭ་བ་ཉི་མར་ལྡེ་ན་འགྲིག གནས་ཚུལ་ད་དུང་ཛ་དྲག་རེད”ཟེར། འཐབ་མོ་བ་ཚོས་གཡུལ་ཐོབ་དངོས་རྫས་ཐམས་ཅད་ཁོ་ཚོའི་གྲུ་ཐོག་ཏུ་བརྩིགས་རྗེས་གནས་སྤོར་བྱེད་རྒྱུར་གྲ་སྒྲིག་བྱེད་ཅིང་། དེའི་ཁྲོད་ཀྱི་འཐབ་མོ་བ་ཞིག་གིས་པདྨའི་ལོ་འདབ་ཆེན་པོ་ཞིག་བཅག་འོངས་ཏེ་རང་གི་མགོ་ལ་འགེབ་བཞིན་གུང་དྲོའི་ཉི་འོད་འགོག་ཐབས་བྱེད། ན་གཞོན་བུད་མེད་ཚོས་ཆུ་ནང་ནས་ཡར་བཏོན་པའི་དངོས་པོ་རྣམས་ཁོ་ཚོར་བསྐྱུར་བ་ན། འཐབ་མོ་བ་ཚོའི་གྲུ་ཆུང་གསུམ་པོ་ཤར་ལྷོའི་མཚམས་སུ་མདའ་འཕངས་པ་ལྟར་བསྐྱོད་སོང་ལ། ཡུད་ཙམ་གྱི་རྗེས་སུ་གུང་དྲོའི་ཆུ་ངོགས་ཀྱི་དུད་ཞགས་ཁྲོད་མི་སྣང་བར་གྱུར།
ན་གཞོན་བུད་མེད་ཚོའང་བྲེལ་མྱུར་དང་བཅས་རང་ཡུལ་དུ་ལོག་སོང་། ལུས་ཡོངས་རློན་ཙར་ཙར་དུ་གྱུར་ཅིང་། ཕོག་ཐུག་དང་ངར་སྣང་གིས་བརྟས་པའི་ཁོ་མོ་ཚོས་སྐབས་རེར་བཤད་ཅིང་སྐབས་རེར་དགོད་པར་བྱེད་ནའང་། གྲུ་ཆུང་གི་མདུན་སྣེ་རུ་སྡོད་པའི་བུད་མེད་དེས་ཤིན་ཏུ་མ་རངས་པའི་ཉམས་ཀྱིས་ན་རེ། “ཁོ་ཚོའི་ཁེངས་དྲེག་གི་ཉམས་ལ་ལྟོས་དང་། ང་ཚོ་མིག་གིས་མཐོང་ཡང་ཁ་ཡ་ཙམ་ཡང་མི་བྱེད”ཟེར།
“འོ། ཕར་བལྟས་ཚོད་ཀྱིས་ང་ཚོས་ཁོ་ཚོ་ངོ་ཚར་བསྟད་སོང་པ་དང་འདྲ་བའི་ཉམས་ཤིག་འདུག”
ཁོ་མོ་ཚོ་དགོད་བཞིན་དུ་དེ་རིང་བྱུང་པའི་དོན་དེ་ནི་ངོ་སོ་ཡོད་པའི་ལས་ཤིག་ཏུ་བརྩི་རྒྱུ་མི་འདུག་སྙམ། ཡིན་ནའང་། “ང་ཚོར་མེ་མདའ་མེད། མེ་མདའ་ཡོད་ཚེ་པདྨའི་མཚེའུ་ནང་དུ་འབྲོ་མི་སྲིད་ལ། ངོགས་ཞེང་ཆེ་ས་ཞིག་ཏུ་འདྲེ་དམག་དང་རོ་འཐབ་བྱེད་ངེས་ཡིན”
“གང་ལྟར་ངས་དེ་རིང་གཡུལ་འཁྲུག་ཟེར་བ་དངོས་སུ་མཐོང་སོང་། གཡུལ་འཁྲུག་ལ་ངོ་མཚར་རྒྱུ་ཅི་ཞིག་ཡོད། གལ་ཏེ་ཁྱོད་ལ་འཚུབ་ཆ་མ་ལངས་ཚེ། ཁ་སྦུབས་སུ་བསྡད་དེ་མེ་མདའ་འཕེན་རྒྱུ་སུས་མི་ཤེས”
“གཡུལ་ལས་རྒྱལ་ཚེ། ངས་ཀྱང་ཆུ་ནང་ནས་དངོས་པོ་འདོན་ཐུབ་པར་མ་ཟད། རྐྱལ་རྩལ་ཡང་ཁོ་ཚོ་ལས་བཟང་པ་ཁོ་ཐག་ཡིན། འདི་ལས་གཏིང་ཟབ་པའི་མཚོ་མོ་ཡིན་ཡང་ང་རང་སྐྲག་མི་སྲིད”
“ཧྲོས་ཧྲིན་ཆུང་མ་ལགས། ཕྱིར་སོང་རྗེས་ང་ཚོས་ཀྱང་རུ་ཁག་ཅིག་རྩ་འཛུགས་བྱེད་དགོས་པར་འདུག དེ་ལྟར་མི་མིན་ཚེ་རྗེས་ཕྱོགས་སྒོ་ཕྱི་ལ་ཇི་ལྟར་འབུད”
“དམག་ཏུ་ཞུགས་ནས་ཏོག་ཙམ་ལས་མ་འགོར་བར་ང་ཚོར་མཐོང་ཆུང་བྱེད། འདི་ལྟར་ལོ་འགའ་འགོར་ཚེ། ལྷག་ཏུ་ང་ཚོ་རིན་ཐང་མེད་པར་བསམ་ངེས་རེད། ངེད་ཅག་ཀྱང་ཁོ་ཚོ་དང་མི་འདྲ་རྒྱུ་ཅི་ཡོད་ཨང”
ལོ་དེའི་སྟོན་ཁར། ཁོ་མོ་ཚོས་མེ་མདའ་འཕེན་ཤེས་པར་གྱུར་ལ། དགུན་ཁར་འཁྱག་རོམ་བརྟོལ་ཏེ་ཉ་མོ་འཛིན་པའི་སྐབས་སུ། ཁོ་མོ་ཚོ་རེ་རེ་བཞིན་སྐར་མདའ་ཡར་བ་ལྟ་བུའི་དར་ཁྲིར་བསྡད་དེ་གང་སར་བྱ་རར་འགྲོ་ཞིང་། དགྲ་བོས་ཆུ་ཞེང་སྤྱི་ཆིང་བརྒྱ་ཕྲག་ལྷག་གི་འདམ་རྩྭའི་མཚེའུ་འདིར་བསྐོར་བཅོམ་བྱེད་སྐབས་ཀྱང་། ཁོ་མོ་ཚོས་བུ་སྤུན་དམག་ལ་རམ་འདེགས་བྱས་ཏེ་འདམ་རྩྭས་ཡོངས་སུ་ཁེངས་པའི་མཚོ་མོ་འདིའི་ནང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱིན་འདུག
ཟུར་བཀོད།
སྒྱུར་མཁན་ངོ་སྤྲོད།
ཁྲོ་རྒྱལ་འབུམ། ལོ་རབས་བདུན་ཅུ་བའི་སྨད་ཙམ་དུ་མཚོ་སྔོན་གཅན་ཚར་སྐྱེས། སྔ་རྗེས་སུ་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་རིམ་པར་འགྲིམས། 2007ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་དུ་ཤེས་རམས་ཞིབ་འཇུག་སློབ་མ་མཐར་ཕྱིན། ད་ལྟ་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སུ་ལས་ཀ་གཉེར་བཞིན་ཡོད། གཞུང་ལས་ཀྱི་ཞོར་དུ་དེང་རབས་བོད་རིགས་རྩོམ་པ་པོ་གྲགས་ཅན་ཨ་ལེ་ལགས་ཀྱི་བརྩམས་ཆོས«རྡུལ་འཚུབ་ཀྱི་ཡོ་ལང་འཇགས་པ»(《尘埃落定》)དང་། «གཡུང་དྲུང་གྲོང་ཚོ»(《云中记》) «གེ་སར་རྒྱལ་པོ»(《格萨尔王》)བཅས་སྒྲུང་རིང་གསུམ་བོད་ཡིག་ཏུ་བསྒྱུར་གྲུབ་བྱུང་སྟེ་ད་ལྟ་དཔེ་སྐྲུན་ཁང་ག་གེ་མོར་དཔེ་སྐྲུན་བྱ་གྲབས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号