སྨར་ཁམས་རིན་ཆེན་བཀྲ་ཤིས་ཀྱི་དེབ་གསར་གཉིས་ཀྱི་གླེང་གཞི།

རྩོམ་པ་པོ།:མཛེས་སེ། སྨྲེང་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-19 08:40:40 ཀློག་གྲངས།:
རང་ཡུལ་ངོ་མ་དེ་རྟོགས་འདོད་ན་གཞན་ཡུལ་ཐེངས་གཅིག་འགྲིམ་འོས།
                                              —སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ཀྱི་ལྷུག་རྩོམ་དེབ་གསར«རི་བོ་གངས་ཅན་གྱི་བསིལ་རླུང»ཞེས་པ་བཀླགས་རྗེས།
ལྷོ་པ་འགྱུར་མེད་རྡོ་རྗེ།
 
       ཉེ་བའི་བགྲང་བྱ་བཅུ་ཕྲག་གཉིས་ཙམ་གྱི་ཡུན་ལ། རང་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་འགྲིམས་ཤིང་། ཆེད་དུ་རིག་གནས་འགྲུལ་བཞུད་པ་ཞིག་གི་ཚུལ་གྱིས་སམ། ལས་ཀ་སོགས་ཀྱི་དབང་གིས་གཞན་ཡུལ་དུ་བྱེས་པའི་ཚུལ་གྱིས་ཡུན་རིང་བསྡད་དེ། ཡུལ་དེ་གའི་ཕྱོགས་ཡར་མར་ལ་སོང་ནས་གནའ་དེང་གི་ལོ་རྒྱུས་དང་ཤེས་རིག་དར་རྒུད་སོགས་ཀྱི་གནས་ཚུལ་ངོ་མ་རྒྱུས་ལོན་དང་། གཞིས་བྱེས་གཉིས་ཀར་ཞིབ་བསྡུར་བགྱིས་ཏེ་ལྷུག་རྩོམ་དང་སྙན་ངག་གི་ལམ་ནས་མཐོང་ཐོས་དྲན་རེག་རྣམས་ཡི་གེར་བཀོད་དང་འགོད་བཞིན་པའི་རྩོམ་མཁན་སྐོར་ཞིག་མངོན་བྱུང་བས། དེ་ནི་དེང་དུས་བོད་ཀྱི་རྩོམ་རིག་ཁྱབ་ཁོངས་སུ་གླེང་རིན་ཡོད་པའི་དོན་དག་ཡག་པོ་ཞིག་རེད་སྙམ།
       སྐྱེ་བོ་སུ་ཞིག་ཡིན་རུང་ཁོང་རང་ཉིད་སྐྱེ་སའི་ཡུལ་དང་འཚར་སའི་ལུང་བ་དེ་ལ་ཆ་རྒྱུས་ཡོད་ཡོད་ཅིག་གཞན་ལ་ཡོད་པ་ཉུང་། དེ་ལ་དུང་དུང་ཞིག་གཞན་ལ་དུང་བ་ཉུང་། དེ་ཉིད་དྲན་དྲན་ཞིག་གཞན་ན་དྲན་རྒྱུ་ཡོད་པའང་ཉུང་། དེའི་རྐྱེན་གྱིས་གནའ་དེང་ཕྱི་ནང་གི་མཁས་པ་རྣམས་དང་རྩོམ་མཁན་དག་གིས་རང་ཡུལ་གྱི་སྣོད་བཅུད་གཙོ་བོར་བཟུང་ནས་ལྗགས་རྩོམ་སྣ་ཚོགས་མཛད་ཡོད་པ་ཀུན་ལ་གསལ།
       དེ་ཡང་རང་གི་མིག་ལམ་དུ་བྱང་ལ་སེམས་སུ་འདྲིས་དྲགས་པའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་གནས་ཀྱི་བཀོད་པ། མི་སྣ་སོགས་ཁོ་ན་སྨྱུག་རྩེ་རུ་འདྲེན་པ་ལས། གཞན་གྱི་ལུང་བར་བསྐྱོད་ཅིང་ས་ཕྱོགས་དེའི་སྣོད་བཅུད་དང་ལོ་རྒྱུས་དང་རིག་གནས་སོགས་ཀྱི་དར་རྒུད་དམ་འགྱུར་བ་སོགས་མཚར་དུ་བཟུང་ནས་རྒྱུས་བླངས་ཤིང་བསམ་གཞིག་བཏང་བ་བརྒྱུད་རྩོམ་ཡིག་སྣ་ཚོགས་བྲིས་ཚེ། དེས་རང་གཞན་ཀུན་ལ་ཕན་ཐོགས་པ་དང་རིན་ཐང་མི་དམན་པ་འབྱུང་བར་གདོན་མི་ཟ།
       གོང་གི་གཏམ་གྱིས་གླེང་བསླངས་ནས། སྐབས་སུ་བབ་པའི་བརྗོད་གཞི་ནི། གཞོན་སྐྱེས་རྩོམ་མཁན་སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ཀྱི་ལྷུག་རྩོམ་དེབ་གསར«རི་བོ་གངས་ཅན་གྱི་བསིལ་རླུང»ཞེས་པ་བཀླགས་རྗེས་ཀྱི་དྲན་ཚོར་ཐར་ཐོར་ཙམ་ལགས་ཏེ། སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ནི་ཕ་ཡུལ་མདོ་ཁམས་སྨད་ཀྱི་ཡུལ་ཁྲི་ཀ་ས་ཆའི་ཡིན་པ་དང་། ད་ལྟ་དབུས་གཙང་ཕྱོགས་སུ་དགེ་རྒན་གྱི་ལས་ཀ་སྒྲུབ་ཀྱིན་པའི་ན་གཞོན་ཞིག་རེད། ཁོའི་ལྷུག་རྩོམ་སྐོར་ཞིག་ཀློག་པའི་སྐབས་སུ། ངས་རང་གིས་བྲིས་པའི་རྩོམ་ཐུང་ཞིག་དྲན་ཡོང་ལ། རྩོམ་ཐུང་དེའི་ནང་གི་ཚིག་འགའ་ཡང་ཡིད་ལ་ཝ་ལེར་ཤར་བྱུང་། དེ་ནི་ཁོང་གི་རྩོམ་ཞིག་དང་ངའི་རྩོམ་དེ་གཉིས་ལ་ཆ་འདྲ་ས་ཡོད་པ་མ་རེད་དེ། ཁོང་གི་ལྷུག་རྩོམ་མང་དག་ཅིག་གི་བརྗོད་བྱ་ཉིད་ངའི་བསམ་ཕྱོགས་དང་མཐུན་སོང་བས་རེད། ངའི་རྩོམ་ཐུང་དེའི་ནང་དུ་འདི་ལྟར་བྲིས་ཡོད་དེ། “ཕ་ཡུལ་ནས་ཕ་ཡུལ་ལ་ལྟ་དུས། ཕ་ཡུལ་གྱི་ན་ནིང་གཞེ་ནིང་རྣ་ཡིས་ཐོས་བྱུང་། བྱེས་ཡུལ་ནས་བྱེས་ཡུལ་ལ་ཉན་པ་ན། ཕ་ཡུལ་གྱི་སང་ཉིན་གནངས་ཉིན་ཡང་མིག་ལམ་དུ་མཐོང་བྱུང...... ཕ་ཡུལ་ནས་ཕ་ཡུལ་དྲན་པ་དང་། བྱེས་ཡུལ་ནས་ཕ་ཡུལ་དྲན་པའི་ཚོར་བ་གཏན་ནས་མཚུངས་ཐབས་བྲལ་བས། ཕ་ཡུལ་ནས་ཕ་ཡུལ་དྲན་མ་མྱོང་བའི་སྐྱེ་བོ་གང་མང་། རང་གི་ཕ་ཡུལ་དྲན་པའི་ཕྱིར་དུ་བྱེས་ཡུལ་བསྙེགས་སོང་ཞིང་། ངའང་དེའི་གྲས་ཀྱི་གཅིག་ཏུ་བརྩི་རུང་ངོ་། །ན་ཚོད་རྒས་ཀྱིན་རྒས་ཀྱིན་ད་དུང་ཕ་ཡུལ་དུ་མ་ལོག་པ་ནི། ངས་མུ་མཐུད་དུ་ཕ་ཡུལ་དྲན་འདོད་པ་དང་ཕ་ཡུལ་ལ་དུང་འདོད་པས་ཡིན་ཞེས་བཤད་ན། ཕ་ཡུལ་ཕྱོགས་ཀྱི་མི་ཚོའི་རྣར་འགྲོ་མིན་མི་ཤེས......”
       རང་ཡུལ་གད་པ་ཡིན་ཡང་སྐྱིད་ཅེས་པ་ནི་སྲིད་པ་རྒན་པོའི་གཏམ་དཔེ་གནས་ལུགས་དང་ལྡན་པ་ཞིག་རེད། དེང་དུས་ཀྱི་བོད་ཀྱི་རྩོམ་མཁན་ཞིག་ལ་མཚོན་ན། རང་ཡུལ་གྱི་གནས་ཚུལ་དང་གཏམ་རྒྱུད་སོགས་རང་གིས་བྲིས་པ་དང་གཞན་གྱིས་བྲིས་པ་གཉིས་གཏན་ནས་མི་འདྲ་བ་ངེས་དགོས་ཏེ། གཞན་གྱིས་ལྷུག་རྩོམ་མམ་སྙན་ངག་ཏུ་བྲིས་པའི་ཁྱོད་ཀྱི་ཕ་ཡུལ་གྱི་གནས་ཚུལ་དང་གཏམ་རྒྱུད་དེ་ནི་དོན་དངོས་དང་ཡོངས་སུ་མཐུན་པ་ཞིག་ཡིན་མིན་བཤད་དཀའ་མོད། ཁྱོད་ཀྱིས་ལྷུག་རྩོམ་མམ་སྙན་ངག་ཁྲོད་བྲིས་པའི་གཞན་ཡུལ་གྱི་རྣམ་པ་དང་མཐོང་ཐོས་དྲན་རེག་སོགས་ཀྱང་ས་ཆ་ཡུལ་ཕྱོགས་དེ་གའི་སྐྱེ་བོ་དག་གིས་གཟིགས་ཚེ། རྣམ་པ་གསར་བ་གསར་རྐྱང་དང་ཧ་ཅང་ངོ་མཚར་བ་ཞིག་ཡིན་སྲིད། ཁྱོད་ཀྱིས་གཞན་ཡུལ་བྱེ་བྲག་པ་དེ་ལས་མཐོང་བ་དང་ཐོས་པ་དང་དྲན་པ་ཐམས་ཅད་ནི་རང་ཡུལ་གྱི་གནས་སྟངས་ངོ་མ་དེ་ཡིན་མོད། ང་ཚོས་དེ་ལ་དོ་སྣང་དང་ཁས་ལེན་བྱེད་ཀྱིན་མེད། བསམ་བློ་ཞིབ་ཏུ་བཏང་ན། ང་ཚོས་རང་ཡུལ་ངོ་མ་དེ་སྐྱེ་བོ་གཞན་གྱི་མིག་རྣ་སྣ་ལྕེ་ལུས་དང་ཡིད་བྱེད་ལ་བརྟེན་ནས་ད་གཟོད་རྟོགས་ཐུབ་ཀྱིན་ཡོད་པ་མ་རེད་དམ། རང་ཡུལ་ངོ་མ་དེ་ཅི་ལྟ་བུ་ཞིག་ཡིན་མིན་རྟོགས་འདོད་ན་གཞན་ཡུལ་བསྙེག་རྒྱུ་ཤིན་ཏུ་གལ་ཆེ། རྒྱལ་ཁབ་གཞན་ནམ་ཡུལ་གྲུ་གཞན་དང་མི་རིགས་གཞན་གྱི་རྩོམ་མཁན་མང་པོའང་རང་ཡུལ་ངོ་མ་དེ་རྟོགས་པའི་ཕྱིར་དུ། ང་ཚོ་གངས་ཅན་གྱི་ལྗོངས་སུ་ཡོང་ནས་མིག་གིས་ལྟ་ཞོར་དང་རྣ་བས་ཉན་ཞོར་དུ་ཡིད་ཀྱིས་བསམས་པའི་འབྲས་བུ་རྣམས་ཡི་གེར་འགོད་ཀྱིན་པ་རེད། བོད་ཀྱི་རྩོམ་རིག་ཁྱབ་ཁོངས་སུ་སྔོན་རབས་པ་དག་གིས་ཀྱང་འདི་ལྟར་བསྒྲུབ་འོས་པ་མ་མཁྱེན་པ་ནི་ག་ལ་ཡིན་ཏེ། ཡུལ་དང་དུས་ཀྱི་དབང་གིས་སམ། འབྱོར་བ་དང་འགྲིམ་འགྲུལ་སོགས་ཕྱི་ནང་གི་མཐུན་རྐྱེན་མ་འཛོམས་པས། ད་ལྟ་ང་ཚོས་མིག་ལམ་དུ་མཐོང་རྒྱུ་ཡོད་པའི་བརྩམས་ཆོས་དེའི་རིགས་མཛུབ་མོ་ནང་དུ་བཀུག་ནས་བརྩི་ཆོག་པའི་ཚད་དུ་ལྷུང་བ་རེད།
       དེ་ལྟར་རྩོམ་མཁན་རྒན་རབས་པ་དང་རང་གི་ན་མཉམ་སྐོར་ཞིག་དང་བསྡུར་ཚེ། གཞན་ཡུལ་དུ་ལས་ཀ་གཉེར་གྱིན་པའི་སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ནི་ལས་ཅན་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཡིན། ཁོའི་ལྷུག་རྩོམ་ཁག་ཅིག་ལས་ང་ཚོས་གཞན་ཡུལ་གྱི་གནས་སྟངས་མང་པོ་ཞིག་ཤེས་ཐུབ་པ་བྱུང་ཞིང་། རང་ཡུལ་གྱི་ཕྱི་ནང་གསང་གསུམ་ཡང་བློ་ངོར་འཆར་གྲབས་བྱེད། ཁོའི་ལྷུག་རྩོམ་ཁག་ཅིག་ལས་ང་ཚོས་དྲན་གདུང་མང་པོ་ཚོར་ཐུབ་པ་བྱུང་ཞིང་། གཞན་ཡུལ་གྱི་ཉིན་མཚན་གཉིས་དང་རང་ཡུལ་གྱི་དུས་ཚིགས་བཞིའི་བར་གྱི་འབྲེལ་བ་ནི་དབྱིབས་དང་ཁ་དོག་གང་ཞིག་ལ་གཏོགས་པར་མནོ་བསམ་གཏང་འདོད་ཀྱི་ངར་ཞིག་ཀྱང་ལང་གྲབས་བྱེད།
ད་ནི་ང་ཚོས་མཉམ་གཅིག་ཏུ་སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ཀྱི་ལྷུག་རྩོམ་འགར་རོལ་མྱོང་བྱས་ན། དཔེ་མཚོན་ཙམ་ལས་དགོད་པར་མི་འོས་སྙམ་ནས་གཤམ་གྱི་འདི་དག་དྲངས་པ་ཡིན་ཏེ། ལྷུག་རྩོམ་ལས«སྐྱིད་ཆུའི་གདུང་སེམས»ཞེས་པའི་ནང་དུ། “མཚན་མོའི་རབ་ཁ་རུ་གཙང་བོ་གྲངས་མེད་བརྒལ་ནས། རྨི་ལམ་དུ་ཡར་ལུང་རྨིས། སྐྱིད་ཆུའི་ཁ་ན་འཕྱོ་བའི་རླབས་ཀྱི་ཟེགས་མ་རེ་རེ། སྙིང་གཏམ་བཞིན་དུ་ལུད་ནས་ཕྱིར་ཡོང་མེད་པའི་ཕྱི་མིག་རེ་རེར་གྱུར། སྐྱིད་ཆུའི་ཁ་ནས་བཅུས་པའི་སེམས་པ་དེ་དག་གིས་ང་རང་ཁུར་ཏེ་ཡུན་རིང་སོང་། ལྷ་སའི་ཉི་འོད་རྒུམ་པའི་ཉིན་མཚན་དེ་དག་ཏུ། ང་ལ་རེ་སྒུག་གི་སྔ་ཕྱི་མེད་པར། ངས་ལྷ་ས་ནས་ནམ་ཡང་ལྷ་ས་དྲན་གྱིན་འདུག” “ཞོགས་པའི་ཉི་འོད་དང་ལྷན་དུ་སྒེའུ་ཁུང་ལས་སྐྱིད་ཆུ་མཐོང་བའི་སྐབས་དེར། ཞོགས་པ་ལྟ་བུའི་དྭངས་གཙང་གི་ལོ་ཟླ་ངོ་མ་ཞིག་ཡོད་ན་བསམས་བྱུང་། དེ་ཡང་ཉི་འོད་བཞིན་དུ་འཚེར་ན་བསམས་བྱུང་།” “མཚན་མོའི་སྐར་ཚོགས་དག་གི་གྲང་འདར་ཁོ་ནས། སྐྱིད་ཆུའི་ནང་སེམས་ལ་ལག་སྙོབ་ཅི་ཞིག་བྱས་ཡོད་དམ། གདུང་དབྱངས་མཐའ་དག་མུན་པའི་ཁྲོད་བླངས་རྗེས། ང་ནི་སྐྱ་རེངས་བཀྱགས་ཡོད་མེད་ལ་སྒུག་པའི་མི་ཞིག་ཏུ་གྱུར།” “ལྷ་སའི་དཀྲུགས་ཇ་མངར་མོ་འཐུང་བའི་བྲོ་བ་ཐོག་མ་དེ་བར་སྐོར་ནས་མྱངས་ཀྱང་། ཤོ་ཕོར་གནམ་དུ་སྐོར་བའི་བགྲེས་པོ་དག་གིས་ཁོ་བོར་ལོ་ཟླ་ཞིག་གི་ཕྱིར་དྲན་ལས་མ་བསྐྱུར།” “ཕ་མ་ལྟ་བུའི་པོ་ཏ་ལར་མཇལ་ཐེངས་རེར། ལུས་ཀྱི་རྩ་རླུང་ཡོད་ཚད་སྦྲིད་པ་ལྟར་གྱུར་འགྲོ...... དགོན་པའི་གཡེར་དྲིལ་ལྟ་བུའི་རང་བྱུང་གི་རོལ་དབྱངས་ཤིག་གིས། ང་རང་ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བྱིའུ་ཆུང་ཞིག་ཏུ་གྱུར་པའི་སྣང་བ་སྐྱེ། ཡིན་ནའང་། དེ་དུས་ང་ལ་གཤོག་པ་ཡོད་མེད་ལ་མཉམ་མ་བཞག”ཅེས་པ་ལྟ་བུ་དང་། «ཡར་ལུང་གི་ཕྱི་མིག»ཅེས་པའི་ནང་དུ། “ཡར་ལུང་དུ་སླེབས་པ་ནི། སེམས་ཀྱི་གཏིང་རིམ་དུ་འཁྱུད་ས་ཞིག་ཡོད་པས་ཡིན།” “ཡར་ལུང་སོག་ཁའི་ཕང་བར་འབྱོར་བ་ནི་དགའ་འོས་པ་ཞིག་ཡིན་ཡང་། སྐྱོ་བྱུང་བ་ཡང་ཡར་ལུང་ལ་དུང་བས་ཡིན་ནམ།” “ཆ་ཡོད་ཆ་ཡོད་ཅིག་ཡིན་པ་འདྲ་ཞིང་། རྒྱུས་མེད་རྒྱུས་མེད་ཅིག་ཡིན་པ་འདྲ་བ་ནི་ཡར་ལུང་གིས་བྱིན་པའི་ཐོག་མའི་དྲན་པ་རེད།” “ཀྲོང་ངེར་འགྱིང་བའི་མུ་ར་རིའི་རྩ་ན་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་རི་བོའི་ཟོལ་དུ་ཆགས་ཤིང་། དེ་ནས་མར་བལྟས་ཚེ་འཕྱོངས་རྒྱས་ནི་ལག་མཐིལ་དུ་བླངས་པ་ལྟ་བུའི་ཚུལ་དུ་གནས། ངོ་མ། འདི་ནས་ལྷོད་ལ་བབས་ཏེ་འཕྱོངས་རྒྱས་གཞུང་ཁོག་རིང་མོར་བལྟས་ན། ཡིད་སེམས་སུ་བདེ་བ་ཅི་ཞིག་ཐོབ་སོང་བ་དང་འདྲ་བར། ནང་སེམས་ཀྱི་ཆད་སྣང་ཡོད་ཚད་རེ་ཞིག་སངས་པ་དང་འདྲ་ཨང་།” “རྨི་ལམ་ཡིན་པ་དང་འདྲ་ཞིང་མིན་པ་དང་ཡང་འདྲ་བའི་དྲན་པ་འདི། དྲན་གདུང་གི་མཐིལ་ན་སྦས་པའི་སེམས་ཁུར་དེ་དག་སངས་པའི་ཆེད་དུ་ཡིན་ནམ།” “འདི་ནི་ང་རང་ལྷོད་ལ་འབབ་ཐེངས་ཤིག་ཡིན་པ་འདྲ། སུན་སྣང་དེ་དག་བསྐྱུར་ནས་ཉི་འོད་ཀྱིས་འབོད་པ་ལྟར། ང་རང་གནས་འདིར་ཡོང་བ་ནི། ནང་སེམས་ན་སྙེག་ས་ཞིག་ཡོད་པས་ཡིན་ནམ།” “གནའ་བོའི་རྗེས་ཤུལ་དེ་དག་བྱིས་དུས་ཀྱི་འཚོ་བ་ཇི་བཞིན་མིག་ལམ་ནས་ཡལ་ཐབས་མ་བྱུང་།”
       དེ་ཡང«མེས་པོའི་སེམས་དཔངས»ཞེས་པའི་ནང་དུ། “ཆེས་ཧང་སང་བ་ནི། འདུ་ཁང་གི་ཕྱི་གྱང་དང་མཉམ་པའི་ཆོས་བརྩེགས་བྲག་རི་མ་རེད། བྲག་དམར་ཐེམ་ཆ་བཞིན་དགུང་དུ་ཟུག་པའི་ཆོས་བརྩེགས་དེ་དག་ནི་རིག་གནས་ཤིག་གི་གཟི་བྱིན་ཡིན་ནམ། ནུབ་པ་མེད་པའི་སྙིང་སྟོབས་འབའ་ཞིག་གིས་ང་རང་ཡང་ཡང་བོས་ཤུལ་དུ། ངས་མེས་པོ་མེས་པོ་ཞེས་ཡང་ཡང་གླེང་།” “ལོ་རྒྱུས་ཀྱིས་ཟིན་པའི་གསང་བའི་དྲི་ཚིག་དག་ནང་སེམས་སུ་ཚ་ལམ་ལམ་བྱེད། ད་དུང་བཅུ་ཕྲག་རིག་གནས་མཁྱེན་པའི་རླབས་ཆེན་གྱི་པཎྜི་ཏ་ཞིག་ཡིད་ལ་འཆར་ཞིང་། སེམས་སུ་མི་ཤོང་བའི་ལས་དབང་དག་ཕྲག་ཏུ་ཁུར་ཏེ། སྐུ་ན་ཆུང་བའི་བྱིས་པ་ཞིག་ཁྲིད་ནས་རྒྱལ་ཁབ་ཅིག་ཏུ་ལ་མོ་བརྒྱབ་པ་དྲན། མཐའ་མར་ས་མཐའ་ཞིག་ཏུ་སྐུ་མྱ་ངན་ལས་འདས་པའང་དྲན། སྨུག་པ་ལང་ལོང་དུ་འཐིབས་པའི་ས་སྐྱ་ནས། ས་དེ་འདྲའི་སྐྱ་བོ་ཡིན་པ་མ་ཤེས་ཀྱང་། ངའི་སྐྱོ་གདུང་དག་སྨུག་སྤྲིན་སྐྱ་བོ་དང་འདྲེས། ཅི་ཞིག་གི་སྙིང་ཉེ་ཉེ་འདྲ་བའི་ལྷ་སྐུ་དང་གདུང་རྟེན་དག་ལ་ཐོད་པ་གཏུགས་རྗེས། ཁ་རོག་གེར་ཕྱི་མིག་གི་དྲན་ཤིང་བསྐྱུར་ནས་ས་སྐྱ་དང་གྱེས།” “གནས་གང་དུ་སོང་ཡང་། གྱང་ཆག་ལྷག་མ་རེ། གནས་གང་དུ་ཕྱིན་ཡང་། ལྷ་ཁང་ཞིག་རོ་རེ། རྗེས་ཤུལ་ཙམ་དུ་གྱུར་པའི་སྣར་ཐང་དགོན་པར་འབྱོར་ཚུལ་ནི། མིག་ཆུའི་ཐིགས་པ་ཞིག་ཡིན་ཤས་ཆེ། སྔར་བོད་ཀྱི་པར་ཁང་ཆེན་མོ་ཞེས་བརྗོད་ཀྱང་། ད་ལྟ་ཆུང་ངུ་ཞེས་བརྗོད་ན་ཆོག་པ་འདྲ། བོད་ཀྱི་པར་ཁང་གི་ཐོག་མར་གྲགས་པ་འདིའི་ནང་དུའང་པར་ཤིང་འགའ་ཤས་ལས་མི་མངོན་ཞིང་། སྔོན་ཆད་ཀྱི་བཀྲ་ཤིས་སྒོ་མང་མཆོད་རྟེན་ཡང་གསར་དུ་བཞེངས་པ་ཡིན་འདུག པར་ཁང་མདུན་གྱི་གྲྭ་པ་དེ་དག་གི་ངག་ལས། ང་རང་ལྷག་ཏུ་ཇེ་སྐྱོ་རུ་བཏང་། གཟི་བྱིན་ལམ་ལམ་འབར་བའི་རིག་གནས་ཤིག་གི་ཉམས་རྒུད་དེ་དང་ལེན་བྱེད་མ་ཕོད། གསར་དུ་བཞེངས་ཀྱིན་པའི་ལྷ་ཁང་གིས་ཀྱང་ང་ལ་སྤྲོ་བ་ཅི་ཡང་མ་བྱིན་ལ། གྱང་ཆག་གིས་བསྐོར་བའི་སྣར་ཐང་པར་ཁང་ལ་རྒྱང་གཟིགས་མཛད་བཞིན་ཆས།” “རྒྱབ་རིའི་མགུལ་ནས་མུ་རུ་བསྐྱོད་ན། བསམ་འགྲུབ་རྩེ་ཕོ་བྲང་མཐོང་ཐུབ་ཅིང་། དཔའ་འཛངས་རྟུལ་ཕོད་ལྡན་པའི་མི་རིགས་ཤིག་གི་སྙིང་སྟོབས་འདི་རུ་མངོན་འདུག བལྟས་པ་ཙམ་གྱིས་པོ་ཏ་ལ་དང་ཆ་འདྲ་ཞིང་། རི་བོའི་དབུ་རུ་བཞེངས་པའི་ཕོ་བྲང་འདི་འགྱིང་ཉམས་ཀྱིས་ཆགས་འདུག གཙང་པ་སྡེ་སྲིད་རིམ་བྱོན་གྱི་ཕོ་བྲང་ཡིན་པར་གྲགས་པ་འདི། ལོ་ཟླའི་མེ་ལོང་གིས་ཟིན་པའི་དར་ཆ་ཞིག་རེད། རྒྱང་ནས་ཉེ་རུ་བཅར་ཏེ་ཞིབ་ཏུ་ཡང་ཡང་བལྟས། སྐྱོ་གདུང་གིས་བཀླུབས་པའི་བསམ་འགྲུབ་རྩེ་ཕོ་བྲང་ནི་གྲོང་ཁྱེར་གྱི་སུན་སྣང་གིས་རྒས་ཡོད་ལོས་ཆེ་ནའང་། ལོ་ཟླའི་ཁུར་གྱིས་མ་ནོན་པའི་གནའ་བོའི་ཕོ་བྲང་འདི་དུས་རབས་ཤིག་གི་གཙུག་རྒྱན་དུ་ངེས།” “ཉིན་མཚན་གས་པར་བྱེད་པའི་དུས་ཚོད་ཁྲོད་འཚངས་ནས་གནས་འདི་དག་ཏུ་ཡོང་དོན་ནི། ཁོམ་པ་ཡོད་སོང་བས་ཡིན་ནམ། གང་ལྟར་དྲན་གདུང་ལྷག་མ་རེའི་རྒྱབ་ཏུ་རྨི་ལམ་ཞིག་བསྐུངས་འདུག སྐྱེས་ཆེན་ཚོའི་རྗེས་ཤུལ་དག་བསྙེགས་ནས་འགྲོ་དོན་ནི། མེས་པོ་ཟེར་བ་ཞིག་ཡོད་པས་ཡིན། རྗེས་ཤུལ་དེ་དག་གིས་ང་ལ་དགའ་སྐྱོ་གང་རུང་གནང་ཞིང་། ངོ་གནོང་མི་དགོས་པའི་སྙིང་སྟོབས་གང་མང་ཞིག་བསྩལ།”
       ད་དུང«ལྷ་སའི་གཞུང་ཁོག་རིང་མོ»ཞེས་པའི་ནང་དུ། “ལྷ་སའི་གཞུང་ཁོག་རིང་མོས་བསྩལ་པའི་འཁྲེང་སེམས་འདི། ལྷ་སའི་ཉི་ནུབ་ཇི་བཞིན་བློས་མི་ཐོངས་པར་འདུག ནམ་ཞིག་གི་ཚེ་ང་རང་ལྷ་སར་འབྲལ་དགོས་དུས། ངས་ལྷ་སའི་གཞུང་ཁོག་རིང་མོ་ཡང་ཡང་དྲན་ངེས། ཉི་མ་ལྷ་ས་ནི། ངའི་རྨི་ལམ་དུ་འཕོས་པའི་ལྕགས་མཁར་སྒོ་མེད་ཅིག་ཡིན་ནའང་། ངའི་སེམས་པ་སྐྱོ་གདུང་གིས་གཟིར་ཐེངས་རེར། ངས་ལྷ་སའི་གཞུང་ཁོག་ཏུ་བལྟས་ནས་ཁེར་ཧྲེང་གི་སྣ་གླུ་ཡང་ཡང་བཏང་། ལྷ་སའི་གཞུང་ཁོག་རིང་མོས་དྲན་གདུང་ཞིག་བསྣམས་ནས་ཡོང་གིན་འདུག དེ་ནི་དགེ་འཕེལ་རི་རྩེ་ནས་མར་འབབ་དུས་ཀྱི་ཉི་མ་ནུབ་པའི་ས་སྲོད་བཞིན། ང་ཡི་རྣམ་རྟོག་གི་གཙང་བོའི་མཐའ་རུ་དུང་ཞེན་ལྷག་མ་ཞིག་ཡོད་ཨང་། གལ་སྲིད་ལྷ་སའི་གཞུང་ཁོག་རིང་མོ་ནི་རྨི་ལམ་ཞིག་ཡིན་ཚེ། ངས་རྨི་ལམ་འདི་ཡང་ཡང་རྨི་འདོད། ངའི་བྱིས་དུས་ཀྱི་དྲན་པ་ལྟ་བུའི་ལྷ་སའི་གཞུང་ཁོག་རིང་མོ་ཨང་། དྲན་འཛིན་གྱི་རྩིག་ལྡེབས་ངོས་སུ་གཏན་དུ་བསུབ་ཐབས་བྲལ་བའི་ཁྱོད། ལྷ་སའི་གཞུང་ཁོག་རིང་མོ། རྨི་ལམ་གྱིས་བསླས་པའི་རི་ལུང་ཞིག ལྷ་སའི་གཞུང་ཁོག་རིང་མོ། བུ་ངའི་གཏན་གྱི་རྣམ་ཤེས་འཁོར་ས”ཞེས་པ་ལྟ་བུ་སོགས་ཤིན་ཏུ་མང་།
       རྩོམ་གྱི་ཁ་བྱང་ལ«ངེད་ཚང་གི་རྒྱ་སྟག»ཅེས་པར་སྒོ་ཁྱི་ཞིག་ཕྱིར་དྲན་བྱས་པ་བརྒྱུད་དེ་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་མཆོག་དམན་མེད་པར་འདྲ་མཉམ་ཡིན་པ་དང་། འགྲོ་བ་རིགས་དྲུག་ཀྱང་གཟུགས་ཅན་གཟུགས་མེད་དུ་དབྱེ་ཞིང་སྐྱེ་གཟུགས་ཆ་བྱད་ལ་ཧེ་བག་ཆེ་ནའང་། བྱམས་སྙིང་རྗེ་དང་བློ་རིག་པ་ནི་ལྷ་དང་མི་ལ་མ་གཏོགས་མེད་པ་མིན་ཚུལ་ཤུགས་སུ་བསྟན་འདུག་སྟེ། “ཆུང་དུས་ཀྱི་ལོ་ཟླ་མང་པོ་ཞིག་རྒྱ་སྟག་དང་མཉམ་དུ་འཚར་བ་དྲན་ཞིང་། རྒྱ་སྟག་ནི་མ་མཐའ་ཡང་བདག་པོར་བློ་དཀར་ཞིང་དྲིན་བྱས་དྲིན་དུ་ཤེས་མཁན་ཞིག་ཡིན་པ་དྲན། རྒྱ་སྟག་མི་ཞིག་མིན་ནའང་ངའི་སེམས་སུ་ནམ་ཡང་མི་ཞིག་དང་འདྲ་ཞིང། སྐྱེ་བ་སྔོན་མར་མི་ཞིག་གི་རྣམ་ཤེས་ཡིན་པར་རློམ་ཡོད”ཅེས་པ་ལྟ་བུ།
       ཁ་བའི་ལྗོངས་ཀྱི་རྩོམ་མཁན་ཞིག་ཡིན་ཚེ། ཤ་རུས་ཁྲག་རྒྱུད་བོད་མི་དང་འབྲེལ་ཡོད་སྟབས། དེའི་ལྷུག་རྩོམ་དང་སྙན་ངག་དང་སྒྲུང་གཏམ་དང་ཟློས་གར་སོགས་བརྩམས་ཆོས་ཁྲོད་དུ་ཁ་བའི་སྐོར་བྲིས་མ་མྱོང་བ་ཕལ་ཆེར་ཡོད་མི་སྲིད། སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ཀྱི«གཞིས་ཀ་རྩེའི་ཁ་བ»ཞེས་པའི་ལྷུག་རྩོམ་དེའི་ནང་དུ། “སྐྱེས་ཆེན་ཚོའི་བཞུད་ལམ་ཡང་། ཧ་ཅང་ཉམ་ཆུང་བའི་ཁ་བའི་འདབ་མ་རེ་རེ་སིམ་ཤུལ་གྱི་ལམ་ཐིག་ཅིག་ལ་འབྲེལ་འདུག་སྙམ། ལམ་ཐིག་དེ་དག་ལ་བསམས་པས། ངས་ཕ་ཡུལ་ཟེར་བ་ནི་དེ་འདྲའི་ཐག་རིང་ཞིག་མ་རེད་སྙམ་ལ། ཡི་མུག་པའི་སྐབས་སུ་སྐྱོ་གདུང་གི་ཆུ་འཛིན་ལང་ལོང་འཁྲིགས་དགོས་དོན་ཀྱང་མི་འདུག་སྙམ་སྟེ། ངས་ཁོང་ཚོའི་དཀའ་སྡུག་དང་བརྩོན་འགྲུས། བཟོད་བསྲན་གྱི་ངང་རྒྱུད་ལ་ཡིད་སྨོན་བྱེད་བཞིན་ཡོད་པས་སོ། །”ཞེས་པ་དང་། “ཁ་བའི་འདབ་མ་ནི་ཅི་འདྲའི་ཉམ་ཆུང་ཞིང་། སུས་ཀྱང་དོ་སྣང་མི་བྱེད་པའི་རྡུལ་ཕྲ་རབ་ཀྱི་ཆ་ཤས་འབའ་ཞིག་ཡིན་པ་ཚོར་ནའང་། ཁ་བ་བབས་པ་དང་བསྟུན། ང་རང་ཁ་བའི་དཀར་གཙང་གི་རང་གཤིས་ལ་ཡིད་སྨོན་སྐྱེ། དེ་ཡང་ཁ་བ་བབས་པས། ནམ་རྒྱུན་གྱི་གནམ་གཤིས་དང་མི་འདྲ་བར་འཇིག་རྟེན་ཐམས་ཅད་ལྷིང་འཇགས་སུ་བསྒྱུར་ཞིང་། བསམ་གཞིག་ཐམས་ཅད་རང་གི་རྟོག་པའི་རྗེས་སུ་འཁྲིད་ཀྱིན་ཡོད་པས་སོ། །ཁ་བའི་འདབ་མ་ཡི་རང་བཞིན་དེ་བསམས་པས། སྐབས་རེར་ང་ཡང་ཁ་བའི་འདབ་མ་ཞིག་ཏུ་གྱུར་ན་སྙམ། འཇིག་རྟེན་གྱི་ཡོད་ཚད་དབང་ཤེད་ཀྱིས་གཅུན་པའམ། ཐམས་ཅད་ཁེ་ཕན་དང་ངོ་སོ་འབའ་ཞིག་གིས་འཚོ་བའི་སྐབས། ང་ནི་ཉམ་ཆུང་བའི་ཁ་བའི་འདབ་མ་ཞིག་བྱ་འདོད། ཁ་བའི་འདབ་མ་དེ་དག་ས་རུ་ཟགས་ནས་ཆུ་རུ་འགྱུར་སྲིད་ཀྱང་། ཆུ་རུ་འགྱུར་ཐུབ་པའང་རྟུལ་ཕོད་ཀྱི་གཤིས་ཀ་ཞིག་ཡིན་པས་སོ། །”གོང་གི་ཚིག་འདི་དག་ནི་ནད་མེད་འཁུན་སྒྲ་འབྱིན་པར་དགའ་མཁན་རྣམས་དང་གཞོན་རབས་རྣམས་ཀྱི་སེམས་གཏིང་དུ་སིམ་འོས་པར་ང་ཡིས་འདོད།
       གཞན་ཡང«ང་ཡི་བྱ་ཁྱུ»ཞེས་པའི་བརྩམས་ཆོས་འདིར་ནི་ཚིག་སྦྱོར་ལ་ཚོད་བཟུང་ཞིང་བསྟན་དོན་ཅུང་ཟབ་པའི་ལྷུག་རྩོམ་སྙན་ངག་གི་ཁྱད་ཆོས་ལྡན་པས། ངས་འགྲེལ་བཤད་ཀྱི་ཚུལ་དུ་ཚིག་ཚོགས་ཀྱི་ངལ་བ་བསྟེན་དགོས་དོན་མེད་དེ། དཔེར་ན། “དུས་ཚོད་ཀྱི་གཙང་བོའི་ངོགས་སུ། སུ་ལ་ཡང་ལེ་འདེད་བྱེད་མི་འོས་ཤིང་། ནང་སེམས་ཀྱི་ཉི་མ་ཡང་གཏན་དུ་ནུབ་མི་འོས...... ང་ཡི་བྱ་ཁྱུ། སང་ཞོགས་སྐྱ་རེངས་བཀྱགས་དུས། ནང་སེམས་ཀྱི་རི་ཆུ་དག་ལ་དྲོད་ཁོལ་གྱི་མིང་རེ་བསྩལ་ཆོག མི་སྡུག་པའི་ཡུལ་གང་དུ་ཡང་། ཆོ་ངེ་ཡི་སྐད་སྒྲ་ཤིན་ཏུ་འཇིགས་ཆེ་ཡང་། ཞེད་དགོས་དོན་གཏན་ནས་མེད། རྙེད་དགོས་པའི་གནས་མལ་ཁོ་ན་བླ་རུ་བཀུར་ནས་སེམས་ཀྱི་བང་རིམ་སྙེག་ཆོག་ཆོག་ཡིན་ཨང་། དུང་བ་ལྷག་མ་དེའི་དབང་གིས། ངས་མི་ཡུལ་ཁམས་ལ་རེ་སྨོན་ཡང་ཡང་བཅངས། ང་ཡི་བྱ་ཁྱུ། ཆོ་མེད་པའི་འཇིག་རྟེན་འདི་ཇི་ལྟར་འགྱུར་ཡང་། ཞོགས་པ་དང་ཁ་ཐག་ཉེ་བའི་རང་ཉིད་ཀྱི་ནམ་འཕང་དགུང་དུ་བསྟད་ཆོག ང་ཡི་བྱ་ཁྱུ། ད་དུང་མུ་ནས་མུ་རུ་འཕུར་ཅིག”ཅེས་པ་ལྟ་བུས་མཚོན་ཐུབ།
       ཡུལ་སྐོར་ཟིན་ཐོའི་ཚུལ་དུ་བྲིས་པའི་ལྷུག་རྩོམ་ཞིག་སྟེ། «གནམ་གྱི་སྐར་ཁུང»ཞེས་པ་འདི་གལ་ཏེ་གར་སྟེགས་སུ་འཁྲབ་པའི་ཟློས་གར་ཞིག་ཡིན་ཚེ། ཆེས་ཐོག་མའི་ཚིག་དུམ་ནི་ཡོལ་རས་མ་ཕྱེ་གོང་དུ་དཀྲོལ་རྡུང་འབུད་གསུམ་གྱིས་གྲུབ་པའི་སྙན་འཇེབས་རོལ་དབྱངས་ཤིག་དང་འདྲ་སྟེ། “ལུག་ཁྱུ་འདེད་ས་མེད་པའི་སྲང་ལམ་དུ། ང་ཡི་ཁེར་རྐྱང་གི་རྫི་གླུ་ལ་ཉན་མཁན་མེད་ཀྱང་། སྨུག་རྡུལ་གྱི་ཀློང་དུ་འབབ་པའི་ཆར་ཐིགས་རེ་རེས། ང་རང་རྒྱང་བཞུད་ཀྱི་ལམ་ཐག་རིང་མོ་སྙེག་པར་དྲན་སྐུལ་བྱེད་བཞིན་ཡོད་པ་འདྲ། བརྩེ་དུང་མེད་པ་ནི་ས་འོག་ལྕགས་ལམ་གྱི་འབབ་ཚུགས་བཞིན། གནས་ངེས་མེད་དུ་སླེབས་འཕྲལ། སྣང་དོགས་ཅི་ཡང་མེད་པར་ཁྱོད་རང་བསྐྱུར་ནས་འགྲོ་སྲིད་ནའང་། དུང་སེམས་ཀྱི་རླབས་ཁར་འཕྱོ་བ་ནི། ས་འོག་ལྕགས་ལམ་དང་མེ་འཁོར་སོགས་བརྒྱུད་པའི་ངལ་དུབ་ལ་མ་འཛེམས་པར། རྨི་ལམ་ཁྲོད་ཀྱི་དག་ཞིང་སྙེག་ཚུལ་ཞིག་ལོས་ཡིན”ཞེས་པ་ལྟ་བུ།
       ད་དུང་ཡང“ང་ཚོ་བརྒལ་མ་ཐུབ་པ་ནི་ལྕགས་རི་ཞིག་རེད། མི་ཚེ་རིང་མོར་སྐྱས་ལམ་བརྒལ་བརྒལ་མཐར། མཐའ་མཇུག་ལྷག་པ་ནི་བརྒལ་མ་ཐུབ་པའི་ལྕགས་རི་ཞིག་རེད། ལྕགས་རི་འདི་ཉིད་བརྒལ་བའི་ཆེད་དུ། མི་མང་པོ་ལམ་ཁ་དེར་ཤུགས་ཀྱིས་འཚང...... ནང་སེམས་ཀྱི་ལྕགས་རི་འདིས་ང་ཚོ་ནམ་ཡང་དམ་ལ་བཏགས། ནང་སེམས་ཀྱི་ལྕགས་རི་འདི་བརྒལ་མ་ཐུབ་པས། ཞེན་ཆགས་ཀྱི་མདུན་དུ། རང་ལ་གཟེབ་དྲ་བཟོ་བཞིན་ཡོད། ང་ཚོས་རང་ཉིད་ཀྱི་བཙའ་ཆགས་པའི་ལྕགས་རི་འདི་ཉིད་བསྲུངས་ནས་གཏན་དུ་བློས་གཏོང་ཐུབ་ཀྱིན་མེད། མ་མཐའ་ཡང་། རང་སེམས་ཀྱི་ལྕགས་རི་ལ་བཙའ་ཆགས་པར་ངོས་ལེན་གནང་གིན་མེད”ཅེས་རྩོམ་གྱི་ཁ་བྱང་ལ«ལྕགས་རི»ཟེར་བའི་ལྷུག་རྩོམ་འདིའི་ནང་དུ་དབྱར་ཁའི་སྤང་ཐང་དང་མཚུངས་པར་བརྗོད་བྱ་རྒྱ་ཆེན་པོར་བཀྲམ་མེད་ལ་དགུན་གྱི་རྫ་རི་བཞིན་དུ་རྗོད་བྱེད་མཐོ་རུ་བརྩིགས་མེད་དེ། འཇིག་རྟེན་འཚོ་བ་དང་དམ་དུ་སྦྲེལ་ཐོག ཀུན་གྱིས་བསམ་བློ་གཏང་མི་འདོད་པའམ་གཏོང་མཚམས་བཞག་པ། གཏན་ནས་བཏང་མ་མྱོང་བའི་ནང་སེམས་དང་བྱ་སྤྱོད་བར་གྱི་གནས་ལུགས་ཤིག་གམ། མི་ཚེའི་གཏན་ཚིགས་ཤིག་ཧ་ཅང་བབ་ཆགས་ལ་ལྗིད་ཚད་དང་ལྡན་པའི་ངང་བསྟན་ཡོད།
       སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ཀྱི་ལྷུག་རྩོམ་ལས«སྟོན་གྱི་ཁུར་མོང»ཞེས་པའི་བརྗོད་བྱ་ནི་གཞན་ཡུལ་ནས་རང་ཡུལ་གྱི་སྟོན་མཇུག་དང་། སྟོན་མཇུག་གི་ཁུར་མོང་དྲན་པ་ས་བོན་དུ་བྱས་ནས། ཁོང་གི་བྱིས་པའི་དུས་དང་ནར་སོན་པའི་དུས་ཀྱི་བརྒྱུད་རིམ་དེ་རྒྱས་བསྡུས་རན་པར་ཕྱིར་དྲན་སྒོས། གཙོ་བོར་ཁོང་དང་ཨ་མྱེ་བར་གྱི་མདངས་བརྩེ་ཁྱད་པར་བ་དེ་བསྟན་ཡོད་པ་དང་། ཨ་མྱེ་ཡི་འཇོན་ཐང་ཐད་ཀར་མ་བགྲང་བར་ཟུར་དུ་མཚོན་པར་བྱས་ཐོག ཨ་མྱེ་ལ་ན་ཚ་ལྕི་མོ་ཕོག་སྐབས་ཀྱི་སེམས་ཁྲལ་དང་། ཨ་མྱེ་འཇིག་རྟེན་དཀར་ངོགས་དང་བྲལ་རྗེས་ཀྱི་སྐྱོ་གདུང་སོགས་ལྷོད་འཇགས་སྒོས་བརྗོད་འདུག་པ་ནི། སྡུག་བསྔལ་མགོ་ཐོག་ཏུ་ལྷུང་བའི་བོད་པའི་སྐྱེ་བོ་ཞིག་གི་བཅོས་མ་མིན་པའི་སེམས་འགྱུ་མཚོན་ཐབས་དང་སྐད་ཆ་བཤད་ལུགས་ཡིན། རྩོམ་དེའི་མཇུག་ཏུ་ཡང་བསྐྱར་ཁུར་མོང་གླེང་གཞིར་བྱས་ཏེ། སྟོན་མཇུག་གློ་བུར་དུ་བབས་པའི་ཁ་བ་དང་གློ་བུར་དུ་གཤེགས་པའི་ཨ་མྱེ། མེ་ཏོག་ཡལ་བས་མི་སྡུག་པའི་ཉམས་ཤར་བའི་ཁུར་མོང་སོགས་ཕན་ཚུན་དཔེར་བླངས་ནས་འཇིག་རྟེན་མི་རྟག་པའི་ཆོས་ཉིད་དང་ཚེ་སྲོག་གི་གཏན་ཚིགས་ལ་བསམ་གཞིག་བཏང་འདུག་གོ །
       མདོར་ན། དཔེ་དེབ་འདིའི་བརྩམས་ཆོས་ཡོངས་སུ་དེང་རབས་ལྷུག་རྩོམ་གྱི་སྒྲིག་གཞི་བཟོ་སྟངས་དང་ཚིག་སྦྱོར་སྤེལ་སྟངས་མངོན་དུ་གསལ་ལ། དེང་རབས་སྙན་ངག་ལྟར་གྱི་ཡིད་ཡུལ་བཀོད་སྟངས་དང་ཡིད་བརྙན་བཞེངས་སྟངས་མཐོང་ཐུབ་པར་མ་ཟད། དེང་རབས་སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྟངས་དང་གཏམ་རྒྱུད་བརྗོད་སྟངས་ཀྱང་ལེགས་པར་སྤྱད་འདུག་པ་ནི། བོད་ཀྱི་ལྷུག་རྩོམ་གྱི་སྤང་ཐང་དང་ཞིང་ས་རུ་གཡོས་པའི་བསིལ་རླུང་གསར་བ་ཞིག་ཏུ་འདོད།  
       མཇུག་ཏུ་དེབ་འདིའི་རྩོམ་པ་པོ་སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ལ་རྗེས་སུ་ཡི་རང་དང་བཅས་གཡུར་ཟའི་གྲུབ་འབྲས་འདི་འདྲ་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། བོད་ཀྱི་རྩོམ་རིག་གི་ལྗོན་ཤིང་ཆེན་པོའི་རྩ་བ་ཇེ་བརྟན་དང་ཡན་ལག་ཇེ་རྒྱས་ཡོང་བ་གཞིར་བྱས། ལྷུག་རྩོམ་གྱི་འབྲས་བུ་ཆེ་ནས་ཆེ་རུ་དང་མང་ནས་མང་དུ་འཕེལ་བའི་སྨོན་འདུན་ཞུ་ཞུ།
ཞེས་མཛེས་སེ་ནས་སྤྱི་རྩིས༢༠༢༥ལོའི་ཟླ༦པའི་ཚེས༢༠ཉིན་གྲོང་ཁྱེར་ཟི་ལིང་དུ་བྲིས།

«འབྲོག་གླུ་རིང་མོའི»སྔོན་འགྲོའི་གཏམ་ཐུང་།
བྱ་མདོ་དོན་གྲུབ་ཚེ་རིང་།

       ཉེ་ལམ་བདག་གིས་མི་ལོ་ཉི་ཤུའི་རིང་བྱ་བའི་བར་གསེང་དུ་ཐར་ཐོར་ངང་བྲིས་པའི་རང་མོས་ལུགས་ཀྱི་སྙན་ངག་ཐོར་བུ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་པར་སྐྲུན་ལ་བྲེལ་བའི་སྐབས་ཤིག ཤེས་རམས་སློབ་མའི་སྐབས་སུ་རང་གི་སློབ་བུར་གྱུར་ཅིང་། རང་བཞིན་གྱིས་ངང་རྒྱུད་དྲང་ལ་བརྩོན་སེམས་ཆེ་བ་དང་། ནམ་རྒྱུན་འབྲེལ་ཐག་མི་ལྷོད་པའི་ཁར་དང་པོ་ཉིད་ནས་རྩོམ་རིག་ལ་དགའ་ཞེན་ཆེ་ཞིང་། གསར་རྩོམ་ལ་མཐའ་གཅིག་ཏུ་འབུངས་པའི་སྨར་ཁམས་རིན་ཆེན་བཀྲ་ཤིས་ཀྱིས་ཀྱང2014ལོ་ནས2024ལོའི་བར་ཏེ། ཁྱོན་མི་ལོ་བཅུའི་རིང་གསར་དུ་བྲིས་པའི་ཚིགས་བཅད་སྙན་ངག་གི་དེབ་ཆུང«འབྲོག་གླུ་རིང་མོ»ཞེས་པ་པར་སྐྲུན་གྱི་སྟ་གོན་ལ་ཡོངས་སུ་ཞུགས་ཚར་བའི་གཏམ་བཟང་ཐོས་པ་དང་སྦྲགས། ང་ལ་དེབ་ཆུང་འདིའི་སྔོན་འགྲོ་བྲི་བའི་རེ་སྐུལ་ཡང་བྱས་པས། ངོ་ཟློག་མ་ཐུབ་པར་མངགས་བྱ་དང་དུ་བླངས་ཏེ་སྔོན་འགྲོའི་དཔྱད་ཐུང་རེ་སྤེལ་བའི་སྒོར་འཇུག་པར་བྱའོ། །
དང་པོ།
       དེ་ཡང་དེབ་ཆུང་འདིར་བསྡུས་པའི་སྙན་ངག་ཚང་མ་ནི་ཚིགས་སུ་བཅད་པའི་འགྲོས་སུ་བྱས་ཤིང་། ཚིགས་སུ་བཅད་པ་མང་ཤོས་ཀྱང་དམངས་ཁྲོད་གཞས་གདངས་ཀྱི་རྣམ་པའམ་མགུར་མའི་རྩོམ་སྟངས་ཀྱི་ཉམས་དང་འགྱུར་བས་གཏམས་འདུག་པས། སྙན་ངག་ཕལ་མོ་ཆེ་ནི་གོ་སླ་ཞིང་འཛིན་བདེ་ལ། ཚིག་ལ་འཕེར་ཤ་ཆེ་ཞིང་མཚོན་སྟོབས་དང་ལྡན་པ་འབངས་བྱིངས་ཀྱི་སྐད་དང་ཉེ་བར་བཅར་ཡོད་པར་མ་ཟད། ཚིགས་སུ་བཅད་པའི་དབྱངས་རྟ་དག་ཀྱང་ཡིད་ཀྱི་འགྱུར་བ་སྣ་ཚོགས་བདེ་བླག་ངང་མཚོན་ཐུབ་པའི་ཐབས་མཆོག་ཏུ་གྱུར་འདུག་པ་ཤིན་ཏུ་གསལ་ཞིང་། ཚིག་གི་སྡེབ་སྦྱོར་གྱི་ཁྱད་ཆོས་ཀྱང་གཅིག་ཏུ་མ་ངེས་པར་ཟུར་དང་ཉམས་སྣ་ཚོགས་སུ་མངོན་འདུག་པས། དཔེ་མཚོན་རེ་དྲངས་ན་འདི་ལྟ་སྟེ། «སྐད་ཅིག་ཉིད་ཀྱི་འཁྲུལ་སྣང»ཞེས་པ་ལས་དཔེར་ན།
ཕ་གི་ནི་བས་མཐའ་ཡི། །
ཞེ་སེམས་ནི་ཆུ་བོར་བཞུར། །
ལ་མོ་ནི་ཕར་ཚུར་གྱི། །
ཐང་ཆེན་ནི་ཤོག་སྐྱར་འདྲེས། །
       ཞེས་ཚིགས་སུ་བཅད་པ་ལས་ཏུན་ཧོང་མགུར་མའི་རྩོམ་སྟངས་ལྟར་བྲིས་ཡོད་པ་དང་། «ཉག་ཁིས་བརྒྱུད་པའི་རྡོག་སྒྲ»ཞེས་པ་ལས་དཔེར་ན།
ལམ་སྣེ་སྨུག་པས་བཏུམས་པའི་རི་རྐེད་ཅིག་ནས། །
རྫ་འགག་རིང་མོའི་སྐྱོ་བ་འཁྱགས་པས་བསྡམས་སོང་། །
ལ་ཐོད་དམར་པོ་དཀྲིས་པའི་གནའ་མྱི་དྲན་ནས། །
བྲག་དམར་ཐེམ་ཆའི་གཡས་གཡོན་སྙིང་ལ་འཁོར་སོང་། །
       ཞེས་ཚིག་གི་སྦྱོར་བ་ཕལ་སྐད་ལ་དྲངས་ཏེ་སྲོལ་རྒྱུན་དང་མགུར་མ་མཉམ་བསྲེས་ཀྱི་རྩོམ་སྟངས་ལག་ཏུ་བསྟར་ཡོད་པ་དང་།«ཟླ་འོད་འོག་གི་སྐྱོ་མགུར»ཞེས་པ་ལས་དཔེར་ན།
ཡིད་ཀྱི་དྲན་ཤེས་སྐྱོ་བོ། །
ཆུ་མོའི་གཞུང་ལ་ཐོར་སོང་། །
དྲན་པའི་ཕངས་སེམས་ལུས་ཚུལ། །
ཆུ་ངོགས་ཤག་སྒྲས་ཐོས་ཡོང་། །
       ཞེས་དབུས་གཙང་ཁུལ་དུ་རྒྱུགས་ཆེ་བའི་དམངས་གཞས་ཀྱི་འགྲོས་ལྟར་བརྩམས་ཡོད་པ་དང་། «དྲན་སྣང་ཆུ་མོའི་གཞུང་ཆེན»ཞེས་པ་ལས་དཔེར་ན།
ཕྲུག་ཐིག་ལེ་ཅན་གྱི་ཁེབས་སྟན་གོང་གི །
སྒ་བེ་སེང་ཉི་མ་རང་ཤར་དྲན་ནོ། །
སྲབ་སིལ་མའི་རྒྱན་གྱིས་ཤོམ་ཆས་སྤྲས་པའི། །
རྟ་འདོ་བ་ཁམ་པ་རྔོག་རིང་དྲན་ནོ། །
       ཞེས་དཔེ་འཇོག་སྟངས་དང་རྒྱན་སྦྱོར་ཚུལ་སོགས་ནས་བརྟག་ཚེ། མདོ་སྨད་ཕྱོགས་ཀྱི་དམངས་གླུའི་རྣམ་པ་ལྟར་བྲིས་ཡོད་པ་སོགས་རེ་རེ་ནས་གླེང་དགོས་ཚེ་ཡིག་འབྲུ་མང་བར་དོགས་ཏེ་མ་སྨྲས་སོ། །
གཉིས་པ།
       གཞོན་སྐྱེས་སྙན་ངག་པ་སྨར་ཁམས་རིན་བཀྲ་ལགས་རྩོམ་པའི་ལམ་དུ་འཇུག་པ་ནི། རང་དབང་གི་རྒྱལ་ཁམས་སྙེག་པ་ཞིག་ཡིན་ཏེ། སྐྱེ་བོ་ཞིག་ལ་རང་དབང་གི་རྒྱལ་ཁམས་ཤིག་ཡོད་ཚེ། མི་ཚེ་རིང་མོར་བདེ་སྐྱིད་ལྡན་ཞིང་། འཚོ་བར་ཞི་དུལ་གྱི་འོད་སྣང་འཕྲོ་ངེས་པ་ལགས་ན། ངག་རིག་སྒྱུ་རྩལ་ནི་ལྷ་ཡུལ་དང་དམྱལ་ཁམས་བར་གྱི་ལམ་རིམ་ཞིག་ཡིན་པར་མ་ཟད། གནག་ཕྱུགས་འཚོ་བ་དང་གླུ་གཞས་གཏོང་བ། ས་ཞིང་འདེབས་པ། མེ་ཏོག་གསོ་བ་ཚུན་ཆད་ཀྱང་རྩོམ་འབྲིའི་གོ་རིམ་ཞིག་ཏུ་བརྩི་ཆོག་གཤིས། ཟོལ་བཅོས་ཀྱིས་ཁེངས་པའི་སྣ་ཚོགས་འདུ་ར་འདིར། དགའ་དུས་དགའ་ཕོད་ཅིང་། སྐྱོ་དུས་སྐྱོ་ཕོད་པ་ནི་རྩོམ་རིག་གི་རང་དབང་འཇིག་རྟེན་ཡིན་ལ། སྐྱིད་དུས་མགོ་འཕང་མི་མཐོ་ཞིང་། སྡུག་དུས་མཆི་མ་མི་གཏོང་བའང་རྩོམ་རིག་གིས་སྦྱིན་པའི་ནང་སེམས་ཀྱི་དཔའ་གདེང་ལགས་སོ། །ཞེས་རྩོམ་རིག་གི་བདེ་བ་དང་དེས་བྱིན་པའི་ནང་སེམས་ཀྱི་དཔའ་གདེང་སྐོར་བརྗོད་ཡོད་པ་བཞིན། གཞོན་སྐྱེས་འདིས་བྲིས་པའི«ལམ་གྱི་ཡིག་ཚོགས»ཞེས་པའི་ནང་དུ“དགའ་དུས་དགའ་ཕོད་ཅིང་། སྐྱོ་དུས་སྐྱོ་ཕོད”པའི“རང་དབང་གི་འཇིག་རྟེན”ཞིག་མཐོང་ཐུབ་ཅིང་། “སྐྱིད་དུས་མགོ་འཕང་མི་མཐོ་ཞིང་། སྡུག་དུས་མཆི་མ་མི་གཏོང”བའི“ནང་སེམས་ཀྱི་དཔའ་གདེང”ཞིག་ཀྱང་མཐོང་ཐུབ་པ་ཡིན། “ཟོལ་བཅོས་ཀྱིས་ཁེངས་པའི་སྣ་ཚོགས་འདུ་ར་འདིར”རླངས་འཁོར་གྱི་འུར་སྒྲ་དང་མི་ཚོགས་ཀྱི་ལུང་སྐད། ཡམ་ཡོམ་གྱི་རྡུལ་རླུང་སོགས་དང་། ཆ་མེད་རྒྱུས་མེད་ཀྱི་མི་ཚོགས་དང་ཐོས་མེད་ཚོར་མེད་ཀྱི་སྐད་སྒྲ། གཡོ་མཁས་བསླུ་མཁས་ཀྱི་གཡོ་ཅན་སོགས་ཀྱིས་མི་ལ་ཚད་མེད་པའི་སྐྱོ་སྣང་སྟེར་ཞིང་། སུན་པའི་ལས་སྐལ་གྱི་སྣང་བ་བཅོས་མིན་དུ་བསྐྱེད་པ་གཤིས་སུ་གྲུབ་ཅིང་། “སྤོབས་པའི་རྡོག་ལམ་ལ་བཞུད་ལམ་བསྐྲུན་ཆོག”པ་དང་། “དཀར་གཙང་ཤོག་ངོས་ལ་ཡིག་ཚོགས་ཕབ་ཆོག”པས་སྐྱོ་བ་སྐྱེ་དགོས་དོན་མེད་ལ། “རྟོགས་སད་སྤོབས་པ་ཡི་གོ་ཆ”འདིས་དགའ་སྐྱོ་ཡིག་འབྲུར་བཅོལ་བའི་འགྲུལ་བཞུད་རིང་མོར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་བསམ་འདུན་ཉིད་མཚོན་པར་བྱས་ཡོད།
       «སྟོང་ཉིད་སྐྱོ་བ་རང་ཡན»ཞེས་པའི་ནང་སྙན་ངག་གི་སྲོག་དབང(诗眼)ནི་སྒྱུ་མའི་ཟློས་གར་དང་རླུང་ཁའི་མར་མེ་དང་མཚུངས་པའི་མི་རྟག་པ་ཉིད་དེ། མི་ཡི་ཚེ་ནི་ནམ་འཆི་ཆ་མེད་ཡིན་པ་དང་། བསགས་པའི་ནོར་རྫས་དང་འཁྱོར་བའི་གོམ་འགྲོས། འཁྲེང་སེམས་ཀྱི་གཏད་སོ། རེ་དོགས་ཀྱི་སྐྱུར་རྩི། རེས་མོས་ཀྱི་དཀར་ནག དགའ་སྐྱོའི་རྫུ་བག་སོགས་ནི་དང་པོ་ནས་འཁྲུལ་བའི་རང་བཞིན་ཅན་ཡིན་པའི་ངང་ཚུལ་དེ་དག་ཇི་བཞིན་རྗེན་པར་བརྗོད་ཡོད་པ་འདིའང་། རྩོམ་རིག་གི་བསྐལ་པའི་བར་མི་འཇིག་པའི་བརྗོད་གཞི་ཆེ་གྲས་སུ་བགྲངས་ཡོད་པ་མངོན་སུམ་མྱོང་བས་གྲུབ། གཞན་ཡང་གཞོན་སྐྱེས་སྙན་ངག་པ་ཁོ་ལ་འདི་དང་ཆ་འདྲ་བའི་བརྩམས་ཆོས་མང་ཙམ་བདོག་སྟེ། «ཚོར་བ་སྐྱོ་དབྱངས་མ»དང«སྨེང་སྐྱོ་བཞུར་བའི་ས་སྲོད» «སྐྱོ་བ་འཁྱགས་རོམ་གྱི་རྒྱ་མཚོ» «ཟླ་འོད་འོག་གི་སྐྱོ་མགུར» «མཚོ་རུ་ནུབ་པའི་དྲན་པ» «དྲན་པ་ལ་ཐུར་རིང་མོ» «སྨེང་སེམས་དར་གྱི་མདུད་པ» «ལས་ཀྱི་སྨེང་སྐྱོ» «ངེས་པ་མེད་པའི་སྐྱོ་ངལ»སོགས་སུའང་ནང་སེམས་ཀྱི་འཕར་ཆག་གིས་བསྐྱེད་པའི་འགྱུར་བག་སྣ་ཚོགས་སྤེལ་མར་བསྡེབས་འདུག་པ་འདིས་ཀྱང་། གཞོན་སྐྱེས་སྙན་ངག་པ་འདིའི་གསར་རྩོམ་གྱི་ཆིག་གཤིས་དང་རྨང་འགྲོས་དེ་ཉིད་ཇེ་གསལ་དུ་བཏང་འདུག་གོ །འདིར་སྨྲས་པ།
འཚོ་བའི་མྱོང་བས་བསྲུབས་པའི་མར་ལོ་འདི། །
ཚོར་སྐྱེན་གཞོན་ནུ་དག་གི་དགའ་བའི་རོ། །
སེམས་ཀྱིས་བསྙལ་བའི་ཚིག་གི་ཕབ་རྩི་འདི། །
ལམ་གྲོགས་གདུང་བ་སེལ་བའི་བདུད་རྩིར་མཛོད། །

ཅེས༢༠༢༤ལོའི་ཟླ༡༢པའི་ཚེས༣༠ཉིན་བོད་ལྗོངས་སློབ་ཆེན་གྱི་དགེ་མིང་ཙམ་འཛིན་པ་བྱ་མདོ་དོན་གྲུབ་ཚེ་རིང་ནས་སྐྱིད་ཤོད་དགའ་བ་གདོང་གི་བྲག་ཞོལ་དུ་སྔོན་འགྲོའི་དོད་དུ་སྦྱར་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།