སྨར་ཁམས་རིན་ཆེན་བཀྲ་ཤིས་ཀྱི་དཔེ་དེབ་གསར་པ་གཉིས་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-16 08:35:13 ཀློག་གྲངས།:
       ཉེ་ཆར། སྨར་ཁམས་རིན་ཆེན་བཀྲ་ཤིས་ཀྱི་ལྷུག་རྩོམ་གཅེས་བཏུས་དེབ«རི་བོ་གངས་ཅན་གྱི་བསིལ་རླུང»དང་། སྙན་ངག་གཅེས་བཏུས་དེབ«འབྲོག་གླུ་རིང་མོ»ཞེས་པ་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་སྐྲུན་བྱས།
       རྩོམ་པའི་ལམ་དུ་འཇུག་པ་ནི། རང་དབང་གི་རྒྱལ་ཁམས་སྙེག་པ་ཞིག་ཡིན་ཏེ། སྐྱེ་བོ་ཞིག་ལ་རང་དབང་གི་རྒྱལ་ཁམས་ཤིག་ཡོད་ཚེ། མི་ཚེ་རིང་མོར་བདེ་སྐྱིད་ལྡན་ཞིང་། འཚོ་བར་ཞི་དུལ་གྱི་འོད་སྣང་འཕྲོ་ངེས་པ་ལགས་ན། ངག་རིག་སྒྱུ་རྩལ་ནི་ལྷ་ཡུལ་དང་དམྱལ་ཁམས་བར་གྱི་ལམ་རིམ་ཞིག་ཡིན་པར་མ་ཟད། གནག་ཕྱུགས་འཚོ་བ་དང་གླུ་གཞས་གཏོང་བ། ས་ཞིང་འདེབས་པ། མེ་ཏོག་གསོ་བ་ཚུན་ཆད་ཀྱང་རྩོམ་འབྲིའི་གོ་རིམ་ཞིག་ཏུ་བརྩི་ཆོག་གཤིས། ཟོལ་བཅོས་ཀྱིས་ཁེངས་པའི་སྣ་ཚོགས་འདུ་ར་འདིར། དགའ་དུས་དགའ་ཕོད་ཅིང་། སྐྱོ་དུས་སྐྱོ་ཕོད་པ་ནི་རྩོམ་རིག་གི་རང་དབང་འཇིག་རྟེན་ཡིན་ལ། སྐྱིད་དུས་མགོ་འཕང་མི་མཐོ་ཞིང་། སྡུག་དུས་མཆི་མ་མི་གཏོང་བའང་རྩོམ་རིག་གིས་སྦྱིན་པའི་ནང་སེམས་ཀྱི་དཔའ་གདེང་ལགས་སོ། །
—རྩོམ་པ་པོས།
 
       རྩོམ་མཁན་རྒན་རབས་པ་དང་རང་གི་ན་མཉམ་སྐོར་ཞིག་དང་བསྡུར་ཚེ། གཞན་ཡུལ་དུ་ལས་ཀ་གཉེར་གྱིན་པའི་སྨར་ཁམས་རིན་ཆེན་བཀྲ་ཤིས་ལགས་ནི་ལས་ཅན་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཡིན། ཁོའི་ལྷུག་རྩོམ་ཁག་ཅིག་ལས་ང་ཚོས་གཞན་ཡུལ་གྱི་གནས་སྟངས་མང་པོ་ཞིག་ཤེས་ཐུབ་པ་བྱུང་ཞིང་། རང་ཡུལ་གྱི་ཕྱི་ནང་གསང་གསུམ་ཡང་བློ་ངོར་འཆར་གྲབས་བྱེད། ཁོའི་ལྷུག་རྩོམ་ཁག་ཅིག་ལས་ང་ཚོས་དྲན་གདུང་མང་པོ་ཚོར་ཐུབ་པ་བྱུང་ཞིང་། གཞན་ཡུལ་གྱི་ཉིན་མཚན་གཉིས་དང་རང་ཡུལ་གྱི་དུས་ཚིགས་བཞིའི་བར་གྱི་འབྲེལ་བ་ནི་དབྱིབས་དང་ཁ་དོག་གང་ཞིག་ལ་གཏོགས་པར་མནོ་བསམ་གཏང་འདོད་ཀྱི་ངར་ཞིག་ཀྱང་ལང་གྲབས་བྱེད།
       དཔེ་དེབ་འདིའི་བརྩམས་ཆོས་ཡོངས་སུ་དེང་རབས་ལྷུག་རྩོམ་གྱི་སྒྲིག་གཞི་བཟོ་སྟངས་དང་ཚིག་སྦྱོར་སྤེལ་སྟངས་མངོན་དུ་གསལ་ལ། དེང་རབས་སྙན་ངག་ལྟར་གྱི་ཡིད་ཡུལ་བཀོད་སྟངས་དང་ཡིད་བརྙན་བཞེངས་སྟངས་མཐོང་ཐུབ་པར་མ་ཟད། དེང་རབས་སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྟངས་དང་གཏམ་རྒྱུད་བརྗོད་སྟངས་ཀྱང་ལེགས་པར་སྤྱད་འདུག་པ་ནི། བོད་ཀྱི་ལྷུག་རྩོམ་གྱི་སྤང་ཐང་དང་ཞིང་ས་རུ་གཡོས་པའི་བསིལ་རླུང་གསར་བ་ཞིག་ཏུ་འདོད།
—རྒན་ལྷོ་པ་འགྱུར་མེད་རྡོ་རྗེ་ལགས་ཀྱིས་བྲིས་པའི«རི་བོ་གངས་ཅན་གྱི་བསིལ་རླུང»གི་གླེང་གཞི་ལས་དྲངས།
 
       དེབ་ཆུང་འདིར་བསྡུས་པའི་སྙན་ངག་ཚང་མ་ནི་ཚིགས་སུ་བཅད་པའི་འགྲོས་སུ་བྱས་ཤིང་། ཚིགས་སུ་བཅད་པ་མང་ཤོས་ཀྱང་དམངས་ཁྲོད་གཞས་གདངས་ཀྱི་རྣམ་པའམ་མགུར་མའི་རྩོམ་སྟངས་ཀྱི་ཉམས་དང་འགྱུར་བས་གཏམས་འདུག་པས། སྙན་ངག་ཕལ་མོ་ཆེ་ནི་གོ་སླ་ཞིང་འཛིན་བདེ་ལ། ཚིག་ལ་འཕེར་ཤ་ཆེ་ཞིང་མཚོན་སྟོབས་དང་ལྡན་པ་འབངས་བྱིངས་ཀྱི་སྐད་དང་ཉེ་བར་བཅར་ཡོད་པར་མ་ཟད། ཚིགས་སུ་བཅད་པའི་དབྱངས་རྟ་དག་ཀྱང་ཡིད་ཀྱི་འགྱུར་བ་སྣ་ཚོགས་བདེ་བླག་ངང་མཚོན་ཐུབ་པའི་ཐབས་མཆོག་ཏུ་གྱུར་འདུག་པ་ཤིན་ཏུ་གསལ་ཞིང་། ཚིག་གི་སྡེབ་སྦྱོར་གྱི་ཁྱད་ཆོས་ཀྱང་གཅིག་ཏུ་མ་ངེས་པར་ཟུར་དང་ཉམས་སྣ་ཚོགས་སུ་མངོན་འདུག
            —རྒན་བྱ་མདོ་དོན་གྲུབ་ཚེ་རིང་ལགས་ཀྱིས་བྲིས་པའི«འབྲོག་གླུ་རིང་མོ»ཡི་གླེང་གཞི་ལས་དྲངས།
 
       སྤྱིར་རྩོམ་སྒྲིག་པ་ཞིག་ལ་མཚོན་ན། འགན་འཁྲི་དང་ལས་ཀའི་ཁྱབ་ཁོངས་སུ་དཔེ་ཆ་བཟང་ངན་མང་པོར་འཇུག་དགོས། དེ་ཡང་རྣམ་ཤེས་དང་བསམ་བློའི་ཚད་ཤིང་གིས་གཞལ་ན། དེབ་ཀྱི་མ་ཕྱི་འགའ་རེ་ནི་ཆུ་དཀར་འཐུང་བ་ནང་བཞིན་རྩོམ་སྒྲིག་པར་སེམས་ཚོར་བཟང་ངན་བར་མ་གང་ཡང་སྐྱེད་ཀྱིན་མེད་ལ། འགའ་རེས་ནི་ཨ་རག་གི་ཉིང་ཁུ་བཞིན་ལུས་ཀྱི་སྟོད་སྨད་བར་གསུམ་ལ་ཚོར་བའི་གློག་རྒྱུན་འགྱུ་བཞིན་ཡོད། སྨར་ཁམས་རིན་བཀྲ་ལགས་ཀྱི་སྙན་ངག་དང་ལྷུག་རྩོམ་གཅེས་བཏུས་འདི་ཉིད་རྩོམ་སྒྲིག་བྱེད་དུས། སྐབས་ཐོག་སྐབས་ཐོག་དང་། མཚམས་ཚིགས་ངེས་མེད་དུ། ཁོ་རང་སྐྱོ་ས་དེར་ང་ཡང་སྐྱོ་ཞིང་། ཁོ་རང་སྨྲེང་ས་དེར་ང་ཡང་སྨྲེང་དགོས་པ་ཞིག་བྱུང་སོང་། ལན་རེར་ངས་ཁོའི་སྨྱུག་རྗེས་དེད་ནས་རི་ཆུ་གྲངས་མེད་ཀྱི་ཕ་རོལ་འགྲིམས་ཀྱིན་ཡོད་ལ། ལན་རེར་ང་ཡང་ཁོ་དང་ལྷན་ཅིག་དབེན་འཇགས་ཀྱི་རི་རྩེར་ཙོག་སྟེ། མུ་མཐའ་བྲལ་བའི་རི་རྒྱུད་དང་ས་སྲོད་ཀྱི་མཚམས་སྤྲིན་ལ་ཅེར་བཞིན་འདང་རྒྱག་གི་མཚོ་མོར་ལྷུང་ཡོད།
       དེ་ནི་ངེད་གཉིས་སུ་ཡང་། འཚོ་བའི་མངོན་སུམ་ལ་བསྙོན་བཞིན་ཚོར་བའི་འཇའ་ཚོན་སྙེག་པར་དགའ་བས་ཡིན་སྲིད་ཅིང་། ཡང་ན། ངེད་གཉིས་སྐྱེ་བ་ད་ཐེངས་རྩོམ་རིག་ཅེས་པའི་ཐ་སྙད་འདིར་སྐེ་སྦྲེལ་བཏང་བས་ཀྱང་ཡིན་སྲིད། ཡང་ན། ཁྱེད་ཀྱིས་དེབ་འདི་ཐེངས་གཅིག་བཀླགས་ཚེ། གཞོན་པའི་རྨི་ལམ་དང་། མི་ཚེའི་འཚོལ་སྙེག དུས་ཀྱི་དྲན་པ་སོགས་ལས་ཚོར་བའི་གློག་རྒྱུན་གཞན་ཞིག་རྙེད་ཀྱང་སྲིད་ཨང་།
—རྒན་གངས་སྨྱོན་ལགས་ཀྱིས་བྲིས་པའི་རྩོམ་སྒྲིག་པའི་གཏམ« ཚོར་བའི་གློག་བརྒྱུགས་པ»ལས་དྲངས།
 

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
       སྨར་ཁམས་རིན་ཆེན་བཀྲ་ཤིས། རྩོམ་རིག་རབ་འབྱམས་པ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མདོ་སྨད་ཁྲི་ཀའི་སྟོད་རྒྱུད་རྐང་ཚའི་སྨར་ཁམས་ཚོ་བར་སྐྱེས། སྔ་ཕྱིར་མདོ་སྨད་དང་དབུས་གཙང་དུ་ཐོས་བསམ་དོན་གཉེར་བྱས། སྤོ་ལོ་དང་ཁུར་འཛིང་། གནས་སྐོར། རོལ་མོ། རྩོམ་འབྲི་སོགས་ལ་དད། རྩོམ་རིག་བརྩམས་ཆོས་སྐོར་ཞིག«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་སུ་བཀོད། བརྩམས་ཆོས་གཙོ་བོར་ལྷུག་རྩོམ་གཅེས་བཏུས་དེབ«རི་བོ་གངས་ཅན་གྱི་བསིལ་རླུང»དང་། སྙན་ངག་གཅེས་བཏུས་དེབ«འབྲོག་གླུ་རིང་མོ» ད་དུང་དཔར་འཆར་དུ་ལུས་པའི་རྩོམ་རིག་དཔྱད་བརྗོད་དེབ«ཡུལ་གདུང་དང་སྙན་ངག་སྒྱུ་རྩལ» བསྒྱུར་རྩོམ་དེབ«སྙན་ངག་རིག་པའི་རྣམ་གཞག»དང«སྙན་ངག་སྒྱུ་རྩལ་རྣམ་བཤད» ལྷུག་རྩོམ་གྲགས་ཅན་བོད་འགྱུར་དེབ«སྟོན་གྱི་འཁྲེང་སེམས»བཅས་ཡོད་ལ། ད་ལྟ་དབུས་གཙང་དུ་སྐད་ཡིག་དགེ་རྒན་གྱི་ལས་ལ་འབད་ཀྱིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།