སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་དྲུག་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-23 08:35:23
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
དོན་གཅིག་པ།
ནམ་མཁའ་ཡི་སྤྲིན་པ་ནག་པོར་གྱུར། །
ས་ངོས་ཀྱི་ཆར་ཐིགས་ཇེ་ཆེར་གྱུར། །
སྲུང་ཆུང་མ་དྲན་ནས་ངུས་པར་གྱུར། །
བརྗོད་མྱོང་བའི་སྙིང་གཏམ་ཡིད་ལ་འཁོར། །ཞེས་པར།
པདྨ་རྒྱལ་མོ་དགའ་དྲག་ནས་ཁ་གདངས་པ་ཙམ་གྱིས་ཕྱིར་ལན་ཞིག་འདི་ལྟར་བླངས།
ནམ་མཁའ་ཡི་སྤྲིན་པ་ནག་པོར་གྱུར། །
ས་ངོས་ཀྱི་ཆར་ཐིགས་ཇེ་ཆེར་གྱུར། །
ཕུ་བོ་ཡིས་སྲུང་ཆུང་དྲན་པས་ངུས། །
སྲུང་ཆུང་མས་སྙིང་གཏམ་ཅི་ཞིག་བརྗོད། །
གློ་བུར་དུ། ཕྱོགས་བཞི་ནས་སི་ལུའི་སྒྲ་གང་སར་ཁྱབ། རེད་མོད་ཀྱང་གསར་བུས་ཁམས་གཡེང་བྱེད་ཆེད་གང་འདོད་དུ་ལེན་པ་ཙམ་ལས་ཕན་ཚུན་ལེན་རེས་ཀྱི་ནུས་པ་མེད་པ་མ་ཟད། མི་ཞིག་གིས་ཁོ་དང་ལེན་རེས་བྱེད་སྲིད་པ་སེམས་ལའང་དྲན་གྱིན་མེད་པས་ཡུན་རིང་བར་གྲགས་མེད་དུ་གྱུར། སི་ལུའི་སྒྲ་དེ་བས་ཇེ་ཆེར་སྒྲོག ལ་ལའི་སེམས་སུ་སྐྱེས་པས་སྐྱེས་མར་འགྲན་མ་ནུས་སྙམ་པ་དང་ཆབས་ཅིག་སྐད་ཤུགས་ཆེན་པོས། སློབ་གྲོགས་བུ་མོ་ལགས། ད་དུང་ཐེངས་གཅིག་ཤོག སློབ་གྲོགས་བུ་མོ་ལགས། ད་དུང་ཐེངས་གཅིག་ཤོག་ཅེས་འུར་པ་ན། ཚང་མས་ཀྱང་རྗེས་དེད་ནས། སློབ་གྲོགས་བུ་མོ་ལགས། ད་དུང་ཐེངས་གཅིག་ཤོག་ཅེས་འུར་བྱུང་། ཡུལ་དངོས་དེ་མཐོང་བས་པདྨ་རྒྱལ་མོ་ཅུང་ཙམ་ཐེ་ཚོམ་དུ་གྱུར། རེད་མོད་ཀྱང་མཛུབ་སྟོན་དགེ་རྒན་གྱིས་མོར་ད་དུང་གཅིག་ལོངས་ཟེར་བའི་ནན་སྐུལ་ལ་བརྟེན་ནས་ཁོ་མོས་སྐད་སྙོམ་སྒྲིག་ཙམ་བྱས་རྗེས་ཡང་བསྐྱར་འདི་ལྟར་བླངས་བྱུང་།
སོ་ཕག་གི་ཐབ་ཀའི་སྟེང་གོ་རེ་སྲེག །
དུ་སྔོན་གྱིས་གྲོང་ཚོ་ཡོངས་བར་མེད་དཀྲིགས། །
སྲུང་ཆུང་མ་ཕུ་བོ་ནི་བཟང་པོར་འཕྲད། །
ཟུར་མིག་གིས་ལྟ་ཞིང་ནི་དགོད་འཛུམ་ཤོར། །
པདྨ་རྒྱལ་མོས་ལེན་བཞིན་པའི་སྒང་ལ་ཡོས་ལན་གྱིས་ཁ་པར་བཏང་ཡོང་། མོས་མ་གཞིར་རྒྱུན་ལྡན་གྱི་སྐད་ཆ་འགའ་བཤད་རྩིས་ཡོད་མོད། འོན་ཀྱང་ཡུལ་དངོས་ཀྱི་འཁྲུག་ཆ་དོད་པའི་རྣམ་པ་ཐོས་བས་ང་ལ་ཅི་ཞིག་བྱེད་བཞིན་ཡོད་ཚུལ་དྲིས་བྱུང་། ངས་པདྨ་རྒྱལ་མོས་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་བཞིན་འདུག་ཅེས་བཤད་པ་ན། མོས་མོར་ཁ་པར་ལས་ཉན་དུ་བཅུག རི་གླུ་ལ་ཉན་ཚར་རྗེས་ངས་མོར་དོན་དག་ཅི་ཞིག་ཡོད་ཅེས་པར། མོས་དོན་དག་ཅང་མེད་ཅེས་བཤད་པ་དང་ཁ་པར་གྱི་སྒོ་གཏན་སོང་།
ངས་ཡོས་ལན་གྱིས་ཅིའི་དོན་དུ་ཁ་པར་གྱི་སྒོ་བཏན་པ་ཤེས།
དགོང་མོ་ཡུལ་ལ་ལོག་རྗེས་ངས་ཡོས་ལན་ལ་སྐབས་ཐོག་དེའི་ཡུལ་དངོས་ཀྱི་རྣམ་པའི་རྒྱུ་མཚན་བཤད་ཅིང་། འདོད་ཚུལ་ཡིན་ན་དོན་དེ་ནི་ངའི་སྟེང་ནས་བྱུང་བ་མིན་ཚུལ་གསལ་བཤད་བྱེད་བསམ་མོད། ཡོས་ལན་གྱིས་ཉན་རྗེས་ཁོང་ཁྲོ་ཆེན་པོའི་ངང་། ཁྱོད་ཀྱིས་དོན་དངོས་སུ་མ་ཐོས་པ་ཡིན་ནམ་ཡང་ན་མ་ཐོས་ཁུལ་བྱས་པ་ཡིན། མོས་བསམ་གཟས་ནས་ཁྱོད་ལ་ལེན་བཞིན་པ་མི་ཤེས་སམ། ཁྱོད་མོའི་སྟེང་དུ་སེམས་མེད་པ་བདེན་ཡང་། རེད་མོད་ཀྱང་མོས་ཁྱོད་ལ་ནང་དོན་མཚོན་གྱིན་ཡོད། འདི་ལྟར་སོང་ན་ཉེན་ཁ་མི་ཆེའམ་ཟེར།
༧༡
ཚེ་ལོ་ལ་ལས་ཁུངས་གསར་བས་ད་དུང་ལས་གནས་མ་སྤྲད། ཡུལ་ཚོས་ཁོ་ལ་འབྲེལ་མེད་གཙོ་བོ་མིན་པའི་ཞོར་ལས་ཐར་ཐོར་འགའ་མ་གཏོགས་བཀོད་སྒྲིག་བྱས་མེད། སྐབས་དེར་ཁོ་ལ་ཏག་ཏག་ཕ་ཡུལ་ནས་འཕྲིན་ཡིག་འབྱོར་ཏེ། སྤོ་བོ་གཟུགས་ཕུང་དེ་འདྲ་མི་བདེ་ཞེས་བྲིས་འདུག་པས། ཁོས་དེ་མུར་དགོངས་ཞུ་ཞུས་ཏེ་ཕ་ཡུལ་དུ་ལོགསྤོ་བོ་དགུང་ལོ་བརྒྱད་ཅུ་ལྷག་ལ་སོན་ཡོད་མོད། འོན་ཀྱང་ལུས་པོ་ཧ་ཅང་བརྟན་པོ་ཡིན། རེད་མོད་ཀྱང་ཐེངས་འདིར་ཆམ་ནད་ཆུང་ཆུང་ཞིག་གིས་ཁོང་མལ་སར་ལྷུང་། ཁོང་ལ་ན་ཟུག་ཆེན་པོ་མེད་མོད། འོན་ཀྱང་ཟས་ཀྱི་ཡི་ག་འཆིས་ཤིང་ལུས་ཀྱི་སྟོབས་ཟད། ཁོང་གིས་ཚེ་གང་བོར་སྨན་འཐུང་བ་ཉུང་ལ། ཁབ་དེ་བས་ཀྱང་བརྒྱབ་མ་མྱོང་། ཁྱིམ་མིས་ཁོང་སྨན་ཁང་དུ་སྨན་པར་བསྟེན་དུ་འགྲོ་དགོས་ཞེས་བཤད་ཀྱང་ཁོང་གིས་ཨུ་ཚུགས་ངང་། རང་ཉིད་ལོ་ཚད་འདིར་སླེབས་པས། སྨན་ཁང་དུ་སོང་ནས་སྨན་འཐུང་ཁབ་བརྒྱག་གི་དགོས་པ་མི་འདུག གལ་ཏེ་བརྩི་བཀུར་གྱི་སེམས་ཤིག་ཡོད་ན་དགོན་པའི་དགེ་འདུན་པ་གདན་དྲངས་ཏེ་རིམ་བྲོ་རེ་སྒྲུབས་ཤིག དེ་ལྟར་བྱས་ཚེ་ཤིའང་བློ་འགྱོད་ཅུང་ཙམ་ཡང་མེད་སྨྲས།
ཚེ་ལོས་སྤོ་བོ་ལ་དགེ་འདུན་པ་ང་ཚོས་གདན་འདྲེན་བྱས་ཀྱང་། སྨན་པར་སྔར་བཞིན་བསྟེན་དགོས་ཞེས་སྔར་བཞིན་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས་པའི་ཁ་ཏ་བྱས་ཀྱང་། སྤོ་བོས་སྔར་བཞིན་འགྱུར་མེད་ངང། ལམ་འདི་ལ་ངེས་པར་དུ་འགྲོ་དགོས་པས། འགྲོ་ཁ་ཞིག་ལ་ཁྱོད་ཚོར་ཡར་འདྲུད་མར་འདྲུད་བྱེད་དུ་བཅུག་ཅིང་། སྨན་ཁང་ལ་སླེབས་ཚེ་ཡང་སྨན་པས་དཀའ་ཚེགས་ལ་གཏད་དེ་ཚང་མར་དཀའ་ལས་བཟོ་སྲིད་པས་དགོས་པ་དེ་ཡོད་དམ་ཞེས་སྨྲས། ཚེ་ལོས་སྤོ་བོར་བཤད་ཡ་མི་ཡོང་བས་སོང་ནས་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་བོས་ཡོང་སྟེ་ཁྱིམ་དུ་བརྟག་དཔྱད་བྱར་བཅུག་ལ། དེ་ནས་སྨན་བླངས་ནས་སྤོ་བོར་འཐུང་དུ་བཅུག སྤོ་བོས་ཐོག་མར་འཐུང་མི་འདོད་མོད། ཚེ་ལོས། ཁྱེད་ཀྱི་སྨན་མི་འཐུང་ན་ང་དགེ་འདུན་འདྲེན་དུ་མི་འགྲོ་ཟེར་བ་ན། སྤོ་བོས་འཐུང་ཟིན།
ཚེ་ལོས་ཐག་ཉེའི་དགོན་པ་ཞིག་ཏུ་སྐྱ་ས་ནས་ཡང་བསྐྱར་དགོན་པར་ཞུགས་པའི་དགེ་འདུན་པ་གཉིས་གདན་དྲངས་ནས་རིམ་གྲོ་སྒྲུབ་ཏུ་བཅུག ཁོ་ཚོ་འདོན་པར་དེ་འདྲ་མི་བཟང་ནའང་། སྤོ་བོས་ཉན་རྗེས་ཡིད་ཤིན་ཏུ་ཚིམ་འདུག
རིམ་གྲོ་བསྒྲུབས་རྗེས། སྤོ་བའི་ནད་ཀྱང་ཇེ་དགར་ཡོང་། ཚེ་ལོས་ཨ་ཕར་རང་ཉིད་ཀྱི་མིག་སྔའི་གནས་བབ་སྟབས་བདེ་ཞིག་བཤད་རྗེས། ཕྱིར་ལས་ཁུངས་སུ་ལས་ཚོགས་ལ་སོང་།
ཚེ་ལོ་རྫོང་དུ་སླེབས་ཀྱང་། གོ་གནས་བསྐོ་བཞག་གྱི་དོན་དག་ད་དུང་ཐག་གཅོད་བྱས་མེད། ཁོ་ཁོང་ཁྲོ་ཆེན་པོ་ལང་ཞིང་ཐད་ཀར་ཁོའུ་ཧའོ་ཡི་གཞུང་ལས་ཁང་དུ་ཡང་སྙིང་ཅིའི་དོན་ཡིན་པ་འདྲི་རུ་སོང་།
ཚེ་ལོས་ཐད་ཀར་དུ། ཧྲུའུ་ཅི་ཁོའུ་ལགས། ཁྱེད་ཀྱིས་ཁོ་རང་ལས་ཁུངས་གསར་བར་ལས་གནས་སྤོར་བ་ལས་འོས་འགན་གང་ཡང་མ་བགོས་པས་ངས་བྱ་བ་ཇི་ལྟར་ལས་སམ་ཞེས་དྲིས།
ཁོའུ་ཧའོ་ཡིས། གུང་ཁྲན་ཏང་གི་ལས་བྱེད་པ་ཞིག་ཡིན་ན་སྒྲུབ་ཕོད་གཏོང་ཕོད་ཅན་ཞིག་ཡིན་དགོས། ལས་བགོས་མ་བྱས་ན་བྱ་བ་ལས་མི་ཆོག་པ་ཡིན་ནམ། གོ་གནས་མེད་པའི་ལས་བྱེད་པ་དེ་དག་གིས་ཀྱང་སྔར་བཞིན་བྱ་བ་སྒྲུབ་བཞིན་པ་མིན་ནམ་ཞེས་སྨྲས།
ཚེ་ལོས་ཁོང་ཁྲོ་ཆེན་པོས། ཧྲུའུ་ཅི་ཁོའུ་ལགས། ཁྱོད་ཀྱིས་དཔོན་སྐད་མ་སྒྲོག་ཅིག མགར་ཁྲི་ཡུལ་ཚོའི་འགལ་འདུའི་རྩོད་གཞི་ཁྲོད་དོན་གྱིས་ང་གང་ཞིག་ནས་འཆུག་པ་ཡིན་ནམ། ང་ཡུལ་དཔོན་ཞིག་ཡིན་པའི་ངོས་ནས་ཀུན་ལ་ཁེ་ཕན་ཡོད་པའི་དོན་དག་ཅིག་ལ་རྒྱུས་ལོན་བྱེད་པའི་དབང་ཆའང་མེད་པ་ཡིན་ནམ། ཅི་ཞིག་ལ་ངའི་གོ་གནས་ཕབ་པ་ཡིན་ནམ་ཞེས་དྲིས།
ཁོའུ་ཧའོ་ཡིས། ཁྱོད་ཀྱིས་རང་གི་གོ་གནས་ཕབ་པའི་ཡིག་ཆར་བལྟས་སམ། ནང་དུ་ནོར་འཁྲུལ་གྱི་དབང་གིས་གོ་གནས་ཕབ་ཚུལ་བྲིས་ཡོད་དམ། ཁྱོད་དང་འགོ་ཁྲིད་དང་པོའི་བར་མི་མཐུན་པས་བརྗེས་སྤོར་ཞིག་བྱས་ཚེ་སུར་ཡང་བཟང་ཆ་ལས་ངན་ཆ་ཅི་ཡོད་དམ། རྩ་འཛུགས་ཀྱིས་ཀྱང་ཁྱོད་ཀྱི་ཐོབ་ཐང་ཇེ་དམའ་རུ་བཏང་མེད་པས། དངུལ་སྐར་མ་གཅིག་ཀྱང་ཉུང་མེད། རེད་མོད་ཀྱང་རྗེས་ཕྱོགས་ཀྱི་དོན་དག་ཐད་ད་དུང་ཁྱོད་ཀྱི་རྣམ་འགྱུར་ལ་བལྟ་དགོས་ཞེས་བཤད།
འདི་ནི་ང་ལ་མཚོན་ན་གཏན་ནས་འདྲ་མཉམ་ཞིག་མ་རེད། ཚེ་ལོས་གོང་ལ་སྐད་ཆ་བཤད་ས་མི་འགྲོ་བ་རྟོགས་པས་མཐའ་མའི་ཚིག་དེ་བརྗོད་རྗེས་དེ་མུར་ཕྱིར་ཐོན།
ཚེ་ལོ་ཕྱིར་ཡུལ་ཚོར་ལོག་རྗེས། ཧྲུའུ་ཅུས་ཁོ་ལ་འོས་འགན་གསར་བ་ཞིག་བཀོད་སྒྲིག་བྱས་པ་སྟེ། ཁོ་རྫོང་དང་ཆེས་ཉེ་བའི་མཐའ་དམར་གྲོང་ཚོར་འགྲོ་རུ་བཅུག དགོངས་དོན་ནི། དོན་དག་ཡོད་ཚེ་གྲོང་ཚོ་འདི་ནས་སྒྲུབ་རྒྱུ་དང་། དོན་དག་མེད་ཚེ་རང་ཡུལ་དུ་ངལ་གསོས་ཞེས་པ་དེ་རེད། ཚེ་ལོ་དེར་ཤིན་ཏུ་འཐད་དེ། སེམས་སུ་ལས་བགོས་དེར་ཁོ་ལ་ཀུ་ཡངས་དང་རྒྱབ་སྐྱོར་འདུས་ཡོད་པར་འདོད། ཁོས་ཤེས་ཏེ། ད་ལྟ་ཁོས་དེ་ལྟར་མི་བྱེད་ཅི་ཞིག་བྱེད་དམ།
དོན་གཉིས་པ།
རླངས་འཁོར་ཁ་ལོ་སྦྱོང་བའི་མགོ་བརྩམས་མ་ཐག་དོན་དག་ཡོད་ཚད་ཅུང་བདེ་བླག་ངང་འགྲུབ་བཞིན་འདུག འཛིན་གྲྭ་ཡོངས་ཀྱིས་རླངས་འཁོར་འཇོག་ཁང་དུ་ཕྱིར་བསྣུར་དང་། དབྱུག་པའི་བར་གསེང་འཛུལ་བ། མཐའ་རྐྱང་ཟམ་པ་བརྒལ་བ། གཏན་ཁེལ་ས་གནས་སུ་རླངས་འཁོར་འཇོག་པ་སོགས་ཀྱི་བསླབ་ཁག་ཐད་སྤོབས་པ་ཅུང་ཆུང་ལ་སྙིང་རྗེ་པའི་བུ་མོ་ཆུང་ཆུང་ཞིག་ཕུད་ཚང་མས་རྒྱུགས་ཚད་ལོངས་པ་རེད། རེད་མོད་ཀྱང་བག་ལེབ་ཆེན་པོ་གནོན་པའི་བསླབ་ཁག་ཏུ་སླེབས་པ་དང་། ཚང་མས་ཐེངས་བཅུ་ཁ་ལྷག་སྦྱོང་བརྡར་བྱས་རྗེས་མི་མང་ཆེ་བ་ལས་སླ་མོར་མཐར་ཕྱིན་མོད་ཀྱང་། པདྨ་རྒྱལ་མོར་དཀའ་ཁག་ཆེན་པོར་བྱུང་བ་སྟེ། ཐེངས་བཅུ་ཁའི་སྦྱོང་བརྡར་ཁྲོད་ཐེངས་གཉིས་ལ་མ་གཏོགས་ལེགས་གྲུབ་མ་བྱུང་། མུ་མཐུད་ཐེངས་འགའ་སྦྱོང་བརྡར་བྱས་པས། པདྨ་རྒྱལ་མོའི་རྒྱབ་ཡོངས་རྔུལ་ཆུས་བངས་ཤིང་མཛུབ་སྟོན་དགེ་རྒན་ལའང་ཐབས་ཀྱིས་དབུལ། ངས་རྒྱུ་རྐྱེན་ཅི་ཡིན་ཤེས་ཀྱང་ཇི་ལྟར་བཤད་ཕོད་དམ། སྒེར་འབྲེལ་གྱི་སྐབས་སུ། ངས་པདྨ་རྒྱལ་མོར་བག་ལེབ་ཆེན་པོ་གནོན་པ་ནི་རླངས་འཁོར་གྱི་ཁ་ཕྱོགས་བསྒྱུར་བའི་ཚད་ཧ་ཅང་ཆེ་བའི་བསླབ་ཁག་ཅིག་རེད། ཁྱོད་ཀྱི་ལག་པ་གཡས་པ་དབང་སྐྱོན་ཡིན་པས་ཁ་ལོ་བསྒྱུར་བར་ཤུགས་རྐྱེན་མི་ལེགས་པ་ཐེབས་པ་རེད། དེ་བས་བསྐྱུར་བཞག་ན་བཟང་ཞེས་ལབ། པདྨ་རྒྱལ་མོས་ཨུ་ཚུགས་ངང་། ལེགས་གྲུབ་ཐེངས་འགའ་བྱུང་བ་མིན་ནམ། གལ་ཏེ་རེ་བ་བརྒྱ་ཆའི་གཅིག་ཡོད་ནའང་། ངས་འབད་བརྩོན་བརྒྱ་ཆའི་བརྒྱ་བྱེད་ངེས་ཟེར། ངས་ཡང་བསྐྱར། རླངས་འཁོར་གཏོང་རྒྱུ་ནི་མི་སྲོག་ལ་ཉེན་ཁ་ཡོད་པའི་དོན་དག་ཆེན་པོ་ཞིག་རེད། ཁྱོད་ཀྱིས་སྟབས་ལེགས་ངང་རྒྱུགས་འཕྲོད་པའི་དབང་དུ་བཏང་ཡང་རུང་། ཁྱོད་ཀྱིས་མི་གཞན་དང་རང་ཉིད་ཀྱི་ཆེད་དུ་འགན་འཁུར་དགོས་ཞེས་པར། པདྨ་རྒྱལ་མོས། སྔོན་ལ་ཐབས་བརྒྱ་ཇུས་སྟོང་གིས་ཁ་ལོ་བའི་ལག་ཁྱེར་ལེན་རྒྱུར་བསམ་བློ་གཏོང་རྒྱུ་ལས་། རྗེས་ཕྱོགས་ཀྱི་དོན་དག་རྗེས་སུ་བཤད་ཅེས་ཟེར། དེར་ངས། ཁྱོད་ཀྱིས་དངོས་གནས་བསྐྱུར་མི་འདོད་ན། སྔོན་ལ་མི་གཞན་གྱི་འཇེམ་འཁོར་སྟེང་ནས་སྦྱོང་བརྡར་བྱས་ཏེ། སྦྱོང་བརྡར་ལེགས་གྲུབ་བྱུང་རྗེས་ད་གཟོད་འཛིན་གྲྭ་རྗེས་མར་ནང་ཞུགས་ཆོག གང་ལྟར་ཁྱོད་ཀྱིས་མིང་ཐོ་བཀོད་ཟིན་པས། སློབ་སྦྱོང་བྱེད་པའི་ཐོབ་ཐང་ཡོད་ཅེས་པར། པདྨ་རྒྱལ་མོས་མགོ་ལྕོག་ལྡེམ་ལྡེམ་གྱིས། མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པའི་རྣམ་འགྱུར་མངོན་བྱུང་།ངས་འདི་ལྟར་ཁ་ཝུ་བ་དང་ཀླད་པ་ད་ར་བྱས་ནས་པདྨ་རྒྱལ་མོར་རླངས་འཁོར་ཁ་ལོ་རྒྱུགས་ལེན་གྱི་བསམ་ཚུལ་དོར་དགོས་པའི་ཁ་ཏ་བྱས་པ་ནི། ལྷག་བསམ་རྣམ་དག་གིས་མོའི་ཆེད་དུ་སེམས་ཁྲལ་བྱས་པ་ཡིན་ལ། མོ་འཛིན་གྲྭ་རྗེས་མའི་ནང་དུ་ཞུགས་ཆོག་ཅེས་པའང་མོའི་ད་ལྟའི་དོན་དངོས་ཀྱི་དཀའ་ངལ་ལ་བསམ་བློ་བཏང་བ་ཡིན་པ་མ་ཟད། མོ་ང་དང་གཡོལ་ནས། ཡོས་ལན་ཀྱིས་ངའི་སྟེང་དུ་དོགས་པ་ལྷག་མ་ཟ་བཞིན་པ་སེལ་ཆེད་ཡིན། འོན་ཀྱང་། པདྨ་རྒྱལ་མོས་འདི་དག་ཇི་ལྟར་ཤེས་སྲིད། མོས་སྔར་བཞིན་བསླབ་ཁག་ཀུན་ལས་རྣམ་པར་རྒྱལ་བར་རྒྱུན་འཁྱོངས་བྱེད་རྩིས་འདུག
འོན་ཀྱང་གཟའ་རྗེས་མར་བསམ་ཡུལ་ལས་འདས་པ་ཞིག་ལ་པདྨ་རྒྱལ་མོ་སློབ་སྦྱོང་དུ་མ་ཡོང་། ངས་ཁ་པར་བཏང་བ་ན། པདྨ་རྒྱལ་མོས་ཁོང་ཁྲོ་ངང་། ཅི་ཞིག་སློབ་བམ། མི་ལ་ལས་ང་དབང་སྐྱོན་ཡིན་པ་གཏུགས་བྱུང་ལ། ད་ལྟ་སློབ་གྲྭས་ང་ལ་སློབ་སྦྱོང་གི་ཐོབ་ཐང་མེད་པའི་བརྡ་བརྒྱབ་བྱུང་བས། ང་ཚོའི་ལས་དབང་འདི་ནས་མཇུག་སྒྲིལ་རོགས། ཞེས་བཤད་པ་དང་ཁ་པར་གྱི་སྒོ་གཏན་བྱུང་།
ངས་པདྨ་རྒྱལ་མོར་ཁ་ལོ་བའི་ལག་ཁྱེར་མ་ལེན་ཞེས་ཁ་ཏ་བྱས་མྱོང་ཡང་། རེད་མོད་ཀྱང་། མོས་བྱེད་སྟངས་འདི་འདྲ་ཞིག་གིས་སློབ་སྦྱོང་གི་མཇུག་སྒྲིལ་བ་དེ་དང་ལེན་བྱེད་དཀའ་བར་གྱུར། འདི་ནི་སུས་ལྐོག་ཏུ་བསྒྲུབས་པ་ཡིན་ནམ། མོའི་སྐད་ཆ་དང་རྣམ་འགྱུར་ལས་རྟོགས་ཐུབ་པ་ནི། དོན་འདི་ང་དང་འབྲེལ་ཡོད་འདོད་པའི་ངེས་གཏན་མེད་མོད་ཀྱང་། འོན་ཀྱང་དོན་དེ་ངའི་སྟེང་ལ་དོགས་པ་ཡོད་པའི་གྲུབ་ཆ་ཧ་ཅང་མང་པོ་ལྡན་པ་རེད། མ་གཏོགས་མོས་ང་ཚོའི་བར་གྱི་ལས་དབང་མཇུག་རྫོགས་ཞེས་རྫོགས་ཚིག་བཀོད་མི་སྲིད་ལ། ང་ལ་ཞིབ་ཕྲའི་འདྲི་རྩད་ཀྱི་གོ་སྐབས་ཤིག་ཀྱང་མི་སྟེར་བ་ཅི་ལ་སྲིད།
ངས་གནད་དོན་ངོ་མ་ནི་ཡོས་ལན་སྟེང་བྱུང་བ་མིན་ནམ་ཞེས་དོགས་པ་ཟོས། རྒྱུ་མཚན་ནི་མོས་སྔོན་ཆད་ང་དང་པདྨ་རྒྱལ་མོས་མཉམ་དུ་སློབ་སྦྱོང་བྱེད་པར་ལྟ་ཚུལ་ཆེན་པོ་བཟུང་མྱོང་། དགོང་མོ་ཡུལ་དུ་ལོག་སྟེ་ཡོས་ལན་ལ་དེ་སྐོར་དྲིས་ཚེ། མོའང་མགོ་འཐོམས་པ་རེད། མོས། ང་ལ་ཁྱོད་ཚོས་རྒྱུན་དུ་མཉམ་དུ་རླངས་འཁོར་སྦྱོང་བར་ཕྲག་དོག་བྱེད་པའམ་ཡིད་མི་ཚིམ་པའི་བསམ་ཚུལ་ཡོད་མྱོང་ཡང་། དེ་ནི་ང་ཚོའི་བར་གྱི་བརྩེ་དུང་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན་པ་ལས། ལྐོག་ཏུ་རང་ཉིད་དང་འབྲེལ་བ་མེད་བའི་རླངས་འཁོར་ཁ་ལོ་རྒྱུགས་ལེན་གྱི་གནད་དོན་ཐད་ཁོ་མོར་གཏན་ནས་འགལ་རྐྱེན་བཟོ་མི་དཔེ། དེ་ནི་མི་ཆུང་ཐ་ཤལ་ཅན་གྱི་བྱ་བ་སྒྲུབ་སྟངས་ཤིག་མ་རེད་དམ་ཟེར། ངའི་བསམ་པར་ཡོས་ལན་གྱིས་བཤད་པའང་བདེན་ཏེ། རླངས་འཁོར་གྱི་ཁ་ལོ་བའི་ལག་རྟགས་རྒྱུགས་ལེན་གྱི་བྱ་བ་དེ་མོ་དང་འབྲེལ་བ་མེད། གལ་ཏེ་མོ་ལ་གནོད་སེམས་ལྡན་ཞིང་སེམས་ཁམས་དོ་སྙོམས་མིན་ལ། ཞུ་གཏུགས་ཀྱི་སེམས་དེ་ཡོད་ཚེ། ཐོག་མ་ནས་བུད་མེད་སློབ་གཙོ་དེར་པདྨ་རྒྱལ་མོའི་ལག་པ་དབང་སྐྱོན་ཡིན་པའི་གནས་ཚུལ་བཤད་སྲིད་པས་ད་ལྟའི་བར་བསྐྱུར་དོན་མེད།
གཟའ་འཁོར་གཅིག་ཕར་འདས་ཤིང་། ཁོ་བོ་བག་ལེབ་ཆེན་པོ་གནོན་པའི་རྒྱུགས་ལེན་ལས་ཀྱང་མཐར་བྱུང་། ཡོས་ལན་གྱིས་ང་ཁྲིད་ནས་རླངས་འཁོར་ལ་ལྟ་རུ་སོང་། ང་ཚོས་ཧྲང་ཧེ་ཏཱ་ཀྲོན་རྟགས་ཅན་གྱི་འཇེམ་འཁོར་ཞིག་བདམས། ཡོས་ལན་གྱིས་གཏན་ཁེལ་སྒོར་མོ་སྟེར་རྩིས་བྱས་པ་ལ། ངས། ཁ་ལོ་བའི་ལག་རྟགས་ད་དུང་ལག་ཏུ་མ་འབྱོར། མཇུག་མཐའི་བསླབ་ཚན་གཅིག་ད་དུང་ལུས་ཡོད། གལ་ཏེ་རྒྱུགས་མ་འཕྲོད་ཚེ་གཏན་ཁེལ་སྒོར་མོ་དོན་མེད་དུ་ཆུ་ལ་འཕངས་པ་མ་ཡིན་ནམ་ཞེས་བཤད།
སྐད་ཆ་དེ་ལྟར་བཤད་ཀྱིན་ཡོད་མོད། འོན་ཀྱང་ཡོས་ལན་དང་ངེད་གཉིས་ཀྱིས་ཤེས་ཏེ། ཆེས་མཐའ་མཇུག་གི་རྒྱུགས་ནི་ལམ་རྒྱུགས་ཡིན་པ་དང་། རྒྱུགས་ལེན་པའི་བསླབ་ཚན་ཡོངས་ཀྱི་ཁྲོད་ཆེས་སླ་བའི་རྒྱུགས་ཡིན་པས། གལ་ཏེ་རྨང་གཞི་ཙམ་ཡོད་ཅིང་། གཞི་རྩའི་གནད་འགག་ཁོང་དུ་ཆུད་ཡོད་ན་རྒྱུགས་འཕྲོད་པ་ཁོ་ཐག་ཡིན།
ང་དང་ཡོས་ལན་གཉིས་ཀྱིས་འཇེམ་འཁོར་ལ་བལྟས་རྗེས། རོལ་རྩེད་གླིང་དུ་འཆམ་འཆམ་དུ་སོང་། གློ་བུར་དུ་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་སྒྲ་དབྱངས་ཤིག་རྣ་བར་བརྒྱུད་ཡོང་། ང་ཧང་སངས་པར་གྱུར། དེ་ནི་པདྨ་རྒྱལ་མོའི་མེ་ཏོག་ལེན་ལུགས་ཀྱི་གསོལ་ཇ་ཁང་མ་ཡིན་ནམ། ཡོས་ལན་གྱིས་ང་ལ། གནས་གང་ཞིག་ཏུ་རི་གླུ་ལེན་བཞིན་ཡོད་དམ་ཞེས་དྲིས་བྱུང་། ངས་གནས་ཚུལ་ཇི་བཞིན་དུ་ཁོ་མོར་བཤད་པ་ཡིན། ཡོས་ལན་དེར་སྤྲོ་བ་ཆེན་པོ་སྐྱེས་ཏེ། ང་ཚོ་སོང་ནས་ཅིག་ལྟ་ཟེར། ངས་ང་ཚོ་ད་དུང་དེར་འགྲོ་བར་ངོ་མི་ཚའམ། མོས་ངས་མོའི་དབང་སྐྱོན་གྱི་གསང་བ་བཤད་ནས་ཁོ་མོར་ཁ་ལོ་བའི་ལག་ཁྱེར་མ་ཐོབ་པར་དོགས་པ་བྱེད་ཀྱི་ཡོད། ད་ལྟ་ད་དུང་ཁོང་ཁྲོའི་སྒང་ཡིན་པ་ཁོ་ཐག་ཡིན་ཞེས་པར། ཡོས་ལན་གྱིས་ཀྱང་བདེན་པར་བཟུང་ཞིང་ང་ཚོ་ཇ་ཁང་དེར་མ་སོང་།
མཚན་དེར་ང་གཉིད་ཆག་ཅིང་། འདས་ཟིན་པའི་ང་དང་པདྨ་རྒྱལ་མོའི་བར་གྱི་བརྗེད་དཀའ་བའི་དོན་རྣམས་ཡིད་ལ་དྲན་ཡོང་། ལོ་འགའི་སྔོན་ལ་བ་ལུང་རི་བོར་རི་གླུ་གཏུགས་པའི་རྣམ་པ་དང་། མོའི་ཇ་ཁང་དུ་འཕྲད་པའི་རྣམ་པ། ངས་མོའི་མ་དངུལ་གྱི་རོགས་སྐྱོར་མ་རག་པའི་རྗེས་སུ་མཉམ་འབྲེལ་སྒོས་རི་གླུ་བརྩམས་པའི་རྣམ་པ། མོར་ཞིང་ཆེན་ཡོངས་ཀྱི་བྱ་དགའ་ཆེན་པོ་ཡོད་པའི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་རྗེས་ང་དང་ཡོས་ལན་ལ་མགྲོན་བྱས་པའི་རྣམ་པ། དེ་བཞིན་དུ་ངས་མོར་རླངས་འཁོར་གྱི་ཁ་ལོ་སློབ་སྦྱོང་དུ་འགྲོ་བའི་དོན་དེ་བཤད་རྗེས་མོས་ཀྱང་མིང་ཐོ་བཀོད་ནས་ཡོང་བ་བཅས་རེ་རེ་བཞིན་མིག་མདུན་དུ་མངོན་ཡོང་། ངའི་བསམ་པར་མོ་ཁོ་བོར་ཧ་ཅང་བཟང་བས། ངས་ཁོ་མོར་དགོངས་དག་ཞུ་འོས། ངས་ཁོ་མོའི་སློབ་གྲྭ་ནས་ཕྱིར་འཐེན་གྱི་དོན་དེར་ལྐོག་ལས་ཀྱི་གླེན་རྟགས་མ་དོད་མོད་ཀྱང་། ཡིན་ནའང་ཁོ་མོའི་མ་འོངས་པའི་བདེ་འཇགས་དང་ཡོས་ལན་གྱི་དོགས་པ་སེལ་ཆེད། ངས་མོའི་བསམ་འདུན་ལ་མ་བལྟོས་པར་མོ་སློབ་གྲྭ་ནས་ཕྱིར་འཐེན་པ་བྱེད་པའམ་ཡང་ན་འཛིན་གྲྭ་རྗེས་མའི་ནང་ཞུགས་རྒྱུའི་ཁ་ཏ་བྱས་མྱོང་། འདི་དག་ནང་དུ་མང་ངམ་ཉུང་རུང་ཁོ་མོར་གསལ་བཤད་བྱེད་མི་ནུས་པའི་ཁོ་བོའི་སྒེར་སེམས་འདུས་ཡོད་སྙམ། ཕྱིར་དྲན་གྱི་མཚམས་དེར། ང་ལ་རྐུན་མ་ལྟ་བུའི་དངངས་སེམས་གྱི་ཚོར་བ་ཞིག་བྱིན་འོང་། ངས་རང་གི་བསམ་ཚུལ་ཇི་བཞིན་དུ་ཡོས་ལན་ལ་བཤད། ཡོས་ལན་གྱིས་ཀྱང་ངའི་བསམ་ཚུལ་ཇི་བཞིན་རྟོགས་ཀྱིན་འདུག ང་དངོས་སུ་པདྨ་རྒྱལ་མོའི་ཇ་ཁང་དུ་སོང་ནས་གདོང་གཏད་དེ་ཁོ་མོར་གླེང་མོལ་བྱེད་འདོད་མོད། ཡང་ཡོས་ལན་གྱིས། ཞུ་གཏུགས་བྱེད་མཁན་སུ་ཡིན་གྱི་བདེན་དཔང་མ་རྙེད་བར་དུ་ཁྱོད་ཀྱིས་ཇི་འདྲའི་འགྲེལ་བཤད་གསལ་བོ་བརྒྱབ་ཀྱང་དོན་དེའི་དོགས་གཞི་སེལ་མི་ཐུབ། ཁངས་བཞུས་ན་ས་ངོས་ལྷང་ལ་འབུད་ངེས་པས། ཉིན་ཞིག་ལ་དོགས་གཞིའི་དྲ་བ་འདི་བཅད་ནས་མོས་ཁྱོད་ལ་རྒྱུས་ལོན་བྱེད་པའི་དུས་ཤིག་ཡོད་ངེས་ཞེས་ཟེར།
ཡང་ཉིན་འགའ་འགོར་རྗེས། ང་བསླབ་ཁག་ཡོད་ཚད་ལས་མཐར་ཏེ་ཁ་ལོ་བའི་ལག་ཁྱེར་ཐོབ། ངས་དངུལ་ཁང་གྱི་དངུལ་བུན་བུན་གཏོང་ནས་རླངས་འཁོར་ཉོ་རྩིས་བྱས་པས་ཡོས་ལན་མི་དགའ་བར་གྱུར། མོས། ང་ཚོ་འདི་ལྟར་གྱུར་བས། ཁྱོད་ཀྱིས་ད་དུང་མོ་ཕྱིའི་མི་ཞིག་ལ་རྩི་དོན་ཅི་ཡིན་ནམ་ཟེར། ངས། སྐྱེས་པ་ཞིག་གིས་བུད་མེད་ཀྱི་དངུལ་བཀོལ་ནས་རླངས་འཁོར་ཉོ་བ་ནི་ངོ་ཚ་བའི་བྱ་བ་ཞིག་མ་རེད་དམ་ཞེས་པར། ཡོས་ལན་གྱིས། དེས་ན་ཆོག་གི། སྔོན་ལ་ངས་སྒོར་བཅུ་ཁྲི་རྟིང་སྤྲོད་བྱེད། ཚང་མ་ཁྱོད་ལ་བསྐྱིས་པ་ལྟར་བྱོས་ཟེར།
༧༢
གྲོང་ཚོའི་ནང་དུ་དོན་དག་མང་པོ་མེད་པས། ཐོག་མའི་ཉིན་འགའ་ནི་ཡིད་ཚིམ་པ་ཞིག་རེད། གྲོང་ཚོར་བྱ་བ་མེད་པའི་སྐབས་སུ་ཚེ་ལོས་སེམས་ལྷོད་ལ་བབས་ནས་ཁྱིམ་དུ་གསར་རྩོམ་བྱེད་ཐུབ་པར་མ་ཟད། ཉིན་གཉིས་གསུམ་ནང་རྩོམ་གྲོགས་རྣམས་སྒྲིག་འཛུགས་བྱས་ནས་གསར་རྩོམ་གྱི་བསམ་ཚུལ་སྤེལ་རེས་བྱེད་ཀྱི་ཡོད། དངོས་གནས་དཔོན་མེད་ལུས་ཡང་ཟེར་བ་ཡིན། ཚེ་ལོའི་ཡིད་དུ་ཉིན་འགའི་རྗེས་སུ་རང་དབང་བག་ཕེབས་ངང་རང་ཉིད་དགའ་བའི་འཚོ་བ་རོལ་ཐུབ་སོང་སྙམ།མཛེས་ལྗོངས་ཀྱི་ཡུན་མི་རིང་བར་འདུག སྟོན་ཀ་སླེབས་མ་ཐག་མཐའ་དམར་གྲོང་ཚོ་དང་ཡུལ་ཚོ་གཞན་པའི་བསྟན་མའི་གྲོང་ཚོ་གཉིས་བར་རྩྭ་སའི་རྩོད་གླེང་བྱུང་སོང་། རྩོད་གཞིའི་ས་གནས་ནི་མཐའ་དམར་གྲོང་ཚོ་དང་བར་ཐག་སྤྱི་ལེ་སུམ་ཅུའི་ཆོད་པའི་སྤྱོད་པ་རི་བོ་སྟེང་རེད། དེ་རུ་རྩྭ་ཆུས་ཕྱུག་ཅིང་ངེས་གཏན་གྱི་ས་མཚམས་མེད་པས། ལོ་རྒྱུས་སྟེང་དུ་ཐུན་མོང་སྤྱི་སྤྱོད་བྱེད་བཞིན་པའི་རྩྭ་ས་ཞིག་རེད། ཕྱིས་སུ་ནོར་ལུག་ཇེ་མང་དུ་སོང་བའི་དབང་གིས་རྩྭ་ས་ཇེ་ཉུང་དུ་སོང་བ་དང་། ཕན་ཚུན་རྩྭ་ས་རྩོད་པའི་སྣང་ཚུལ་ཡང་བྱུང་བ་སྟེ། ལོ་འདི་དག་གི་རིང་ལ་གྲོང་ཚོ་གང་ལ་སྟོབས་ཆེ་ན་དེས་འཛིན་པའི་གནས་ཚུལ་བྱུང་ཞིང་། ཕྱོགས་གང་གིས་ཀྱང་རང་གི་རྩྭ་ས་ཡིན་འདོད་པ་རེད། དེར་བརྟེན། ལོ་རྒྱུན་ནོར་ལུག་སྟོན་སར་སྤོ་དུས་རྩོད་གཞི་བསྟུད་མར་བྱུང་བཞིན་ཡོད་ལ། རྩོད་གཞིའི་གཞི་ཁྱོན་དང་ཚད་ཇེ་ཆེ་ནས་ཇེ་མཐོར་འགྲོ་བཞིན་ཡོད། ཐོག་མར་ཕན་ཚུན་ཁ་འཛིང་བྱེད་པ་ནས་ཕྱུགས་རྫིའི་བར་རྡུང་རེས་ཙམ་ཡིན་མོད། ལོ་འདི་འགའི་རིང་ལ་གྲོང་ཚོ་ཡོངས་ཞུགས་ཏེ། ལག་ཏུ་དབྱུག་པ་དང་རལ་གྲི། མེ་མདའ་དངོས་སོགས་བཟུང་ནས་འཐབ་མགོ་བརྩམས་ལ། ཕྱོགས་གཉིས་ཀའི་མི་སྣར་ཤི་རྨས་ཐེབས་ཡོད།
ཚེ་ལོས་དོན་དག་འདི་དག་ཤེས་མ་ཐག་དེ་མུར་ཡུལ་ཚོའི་ཨུ་ལྷན་ལ་ཡར་ཞུ་ཞུས། ཧྲའུ་ཅུས་གསན་རྗེས། གྲོང་ཚོ་འདིའི་ཆེས་ཆེ་བའི་གནད་དོན་ནི་རྩྭ་སའི་རྩོད་གླེང་རེད། མི་ཡང་འཛིན་བཟུང་བྱས་པ་དང་། མེ་མདའ་རྫས་མདེལ་སོགས་ཀྱང་གཞུང་བཞེས་བྱས་མོད། འོན་ཀྱང་ཉེན་ཁ་སྔར་བཞིན་གནས་ཡོད། ཁྱེད་ནི་ཡུལ་དཔོན་བྱས་མྱོང་བའི་མི་ཞིག་ཡིན་པས། དེའི་ཐད་རྩ་འཛུགས་དང་མཐུན་སྦྱོར་བྱེད་པའི་ནུས་པ་ལྡན་པར་ང་ལ་ཡིད་ཆེས་ཡོད་པས། ད་གཟོད་ཁྱེད་གྲོང་ཚོ་དེར་བཞག་པ་ཡིན། གྲོང་ཚོ་འདིའི་རྩྭ་ས་རྩོད་གླེང་གི་གནད་དོན་ལོ་རྒྱུས་སུ་གྱུར་ཡོད་པ་ཁྱེད་ཀྱིས་རྟོགས་སོང་བས། ད་ལྟ་ཇི་ལྟར་བསྒྲུབ་དགོས་པའི་ཐད་ཁྱེད་ནས་ཇུས་གཞི་ཞིབ་ཕྲ་ཞིག་བཏོན་རྗེས། ཡུལ་ཚོའི་ཨུ་ལྷན་གྱིས་ཚོགས་འདུའི་སྟེང་ཞིབ་འཇུག་བྱས་ཆོག་ཟེར།
ཚེ་ལོས་ཇུས་གཞི་གཉིས་བཏོན་པ་སྟེ། གཅིག་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མགྱོགས་མྱུར་ངང་སྤྱི་བདེ་ཉེན་རྟོག་པ་རྩོད་གཞི་གནས་སའི་གྲོང་ཚོ་གཉིས་སུ་མངགས་ནས་མིག་སྔའི་མང་ཚོགས་ཀྱི་འགུལ་སྐྱོད་དང་ཡར་སྤྲོད་མ་བྱས་པའི་གྲི་ཆས་དང་མེ་མདའ་ལ་བརྟག་དཔྱད་ཤེས་རྟོགས་བྱ་རྒྱུ་དང་། གལ་ཏེ་གསར་རྙེད་རྩོད་གཞིའི་དོགས་ཡོད་མཚོན་ཆ་སོགས་ཡོད་པ་ཤེས་ན་གནས་དེར་ཐད་གར་ཐག་གཅོད་བྱ་རྒྱུ་དེ་རེད། གཅིག་ནི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མགྱོགས་མྱུར་ངང་ས་མཚམས་རྩད་ཞིབ་ལས་དོན་ལེགས་སྒྲུབ་དང་། ཐུན་མོང་སྤྱི་སྤྱོད་ཀྱི་སྔོན་དཔེ་ལ་བརྩི་འཇོག་བྱས་ཏེ། དོན་དངོས་བརྩི་སྲུང་གི་རྩ་དོན་ལག་བསྟར་གྱིས་གྲོང་ཚོ་གཉིས་གྱི་འོས་འཚམ་ཡིན་པའི་དཀྱིལ་དུ་ལྕགས་དྲ་འཐེན་རྒྱུ་དང་། དེ་ནས་ཀུན་གྱིས་དད་པའི་གཙུག་ཏུ་བཀུར་བའི་བླ་ཆེན་ཞིག་ཞུས་ནས་དབང་གསུང་ཚེ་རིམ་གྱིས་མི་སེམས་བདེ་ལ་འབབ་ཐུབ་པར་འདོད་པ་དེ་ཡིན།
ཧྲུའུ་ཅིས་གསན་རྗེས་དབུགས་འབྱིན་ཐེངས་གཅིག་བྱས་ཞིང་དགོད་བཞིན་དུ། ཁྱེད་དང་ངེད་གཉིས་ཀྱི་དྲན་ཚུལ་གཅིག་རེད། ན་ནིང་རྩོད་གླེང་བྱུང་རྗེས། རྫོང་གིས་བསྟན་མ་གྲོང་ཚོའི་མེ་མདའ་རྫས་མདེལ་དང་མི་ལ་རྨས་སྐྱོན་གཏོང་སྲིད་པའི་གྲི་ཆས་སོགས་གཞུང་བཞེས་བྱས་མོད། འོན་ཀྱང་མཐའ་དམར་གྲོང་ཚོས་སྐབས་དེར་རྩོད་གླེང་ནང་མེ་མདའ་མ་སྤྱད་པས། གྲི་ཆས་ཁ་ཤས་མ་གཏོགས་གཞུང་བཞེས་བྱས་མེད། དེ་ལྟར་ད་ལོར་གྲོང་ཚོ་གཉིས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པ་ད་དུང་གསལ་བོ་མི་ཤེས། ས་མཚམས་མེད་པའི་ཐུན་མོང་སྤྱི་སྤྱོད་ཀྱི་རྩྭ་ས་སུས་ཀྱང་མང་ཙམ་སྤྱད་ན་འདོད་པས། ས་མཚམས་རྩད་ཞིབ་ལས་དོན་ལེགས་སྒྲུབ་ནི་དགོས་ངེས་ཀྱི་དོན་ཆེན་ཞིག་རེད། གཞན་བླ་ཆེན་གདན་ཞུ་བྱས་ནས་དབང་གསུང་སྟེ་དམངས་ཚོགས་ཀྱི་ཞེ་སྡང་མར་མནན་རྒྱུ་དེ་ངས་ཀྱང་བསམ་མྱོང་མོད། འོན་ཀྱང་། སེམས་འཁུར་ཞིག་ཡོད་པ་ནི་གོང་ལ་ཞུ་འབུལ་བྱེད་དུས་མགོ་ཁྲིད་དག་གི་དགོད་གཏམ་དུ་ཨེ་འགྲོ་འདོད་པ་དེ་རེད་གསུངས། ཚེ་ལོས། དེར་དགོད་ཀྱི་ཡོང་རྒྱུ་ཅི་ཡོད། མི་སྲོག་གཙོ་བོ་ཡིན་པ་རེད། ད་ལྟའི་དད་ལྡན་མང་ཚོགས་ཡོད་པའི་ས་ཆར་ཆོས་ལུགས་ཀྱིས་མི་དམངས་ལ་ཞབས་འདེགས་སྒྲུབ་པ་ནི་ནོར་འཁྲུལ་ཞིག་གཏན་ནས་མ་རེད་ཅེས་བཤད།
ཧྲུའུ་ཅིས་ཚེ་ལོ་ལ་མུ་མཐུད་དུ་གྲོང་ཚོར་བརྟག་དཔྱད་རྩད་གཅོད་ལས་དོན་སྒྲུབ་ཏུ་བཅུག་ཅིང་། རང་གིས་ཇུས་གཞི་དེ་དག་བཟུང་སྟེ་རྫོང་ལ་མཐའ་དམར་གྲོང་ཚོར་འབྱུང་བཞིན་པའི་མིག་སྔར་གྱི་རྩྭ་ས་རྩོད་གླེང་གི་སྔ་ལྟས་ངན་པའི་གནས་ཚུལ་སྙན་སེང་ཞུ་རུ་སོང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号