ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > སྐབས་དང་པོའི་བོད་ལུགས་བཟའ་བཏུང་གཡོ་རྩལ་འགྲན་བསྡུར་ཆེན་མོ་སྤེལ།
སྐབས་དང་པོའི་བོད་ལུགས་བཟའ་བཏུང་གཡོ་རྩལ་འགྲན་བསྡུར་ཆེན་མོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-08-18 09:23:51
ཀློག་གྲངས།:
ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། མེས་པོའི་བློ་གྲོས་ཀྱི་བཅུད་མ་ཡལ་ཞིང་། དུས་ཀྱི་ལག་ཤེས་ཀྱི་དྲི་ངད་འཐུལ་བའི་གསོལ་སྟོན་གྱི་འགྲན་བསྡུར་ཆེན་མོ་སྟེ། སྐབས་དང་པོའི་བོད་ལུགས་བཟའ་བཏུང་གཡོ་རྩལ་གྱི་འགྲན་བསྡུར་ཆེན་མོ་ཞིག་དཀར་མཛེས་ཁུལ་གསེར་རྟ་རྫོང་ལས་རིགས་ལག་རྩལ་སྦྱོང་བརྡར་ལྟེ་གནས་སུ་བདེ་བླག་ངང་སྤེལ་བ་རེད།

ཐེངས་འདིའི་འགྲན་བསྡུར་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་སྐབས་གསུམ་པའི་འབྲོག་པའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱེ་བྲག་གི་བྱེད་སྒོ་གལ་ཆེན་ཞིག་དང་། ང་བོད་ལུགས་བཟའ་བཏུང་གཡོས་སྦྱོར་གྱི་བློ་དང་ལག་རྩལ་གྱི་འགྲན་བསྡུར་ཞིག་ཡིན་པར་མ་ཟད། བོད་ལུགས་བཟའ་བཏུང་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་ལག་ལེན་གྱི་བདེན་དཔང་ཞིག་ཀྱང་རེད།

འགྲན་བསྡུར་གྱི་ཡུལ་དངོས་སུ་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་འགྲན་ཞུགས་པ་རྣམས་ཀྱིས་བློ་རིག་གཅིག་ཏུ་སྒྲིམ་ཞིང་ལག་ཤེས་རྩལ་དུ་སྤྲུགས་ནས་གངས་ཅན་བོད་ཀྱི་ཁ་ཟས་སྦྲང་དཀར་རྩམ་པ་དང་། འབྲི་མར་སེར་པོ། ཞོ་དང་འོ་མ་སོགས་བསླུ་མེད་དྭངས་གཙང་གི་ཟས་རིགས་སྣ་ཚོགས་ལ་དུས་ཀྱི་བླ་སྲོག་བསྐྲུན་ཏེ། བལྟས་ན་འགྲམ་ཆུ་ལྡང་ཞིང་། མྱོང་ན་བྲོ་བ་ཞིམ་ལ། ཟས་ན་ལུས་ལ་བདེ་བའི་ཟས་རིགས་སྣ་ཁ་བགྲང་ལས་འདས་པ་ཞིག་ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ་དང་དྲ་ལམ་ཐད་གཏོང་ལ་གཟིགས་བཞིན་པའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་བས། འདི་ནི་བོད་ཀྱི་ཟས་རིགས་སྣ་ཚོགས་ཤིག་དུས་རབས་གསར་པའི་ནང་དུ་ཇི་ལྟར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ནང་སྒོས་སུ་གངས་ཅན་བོད་ཀྱི་བཟའ་བཏུང་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་པ་རེད།

ཐེངས་འདིར་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ནས་ཕེབས་པའི་བོད་ཀྱི་བཟའ་བཏུང་རིག་གནས་ལ་ཞིབ་འཇུག་དང་ལག་ལེན། དོ་ཁུར་སོགས་གནང་བཞིན་པའི་དཔྱད་འདེམས་པ་བདུན་གྱིས་འགྲན་ཞུགས་དག་གིས་གཡོས་སྦྱོར་བྱས་པའི་ཟ་མའི་བྲོ་བ་དང་ཁ་དོག དབྱིབས། རྒྱུ་སྤུས། འཕྲོད་བསྟེན་བདེ་ཐང་། རིག་གནས་དོན་སྙིང་། འཚོ་བཅུད་སྡེབ་སྦྱོར་། གསར་གཏོད་ཁྱད་ཆོས་སོགས་ལ་དམིགས་ནས་ཡང་ཡང་ལྟ་ཞིབ་དང་མྱོང་རོལ། གྲོས་བསྡུར་བཅས་བྱས་པ་བརྒྱུད་ཟ་མའི་ཨང་རིམ་བསྒྲིགས་ནས་ཚང་མ་ལ་གཟིགས་བཟོས་དང་དཔང་རྟགས་གནང་བ་རེད།

བྱ་དགའི་གཟིགས་བཟོས་གནང་བའི་མཛད་སྒོའི་ཐོག་དཀར་མཛེས་ཁུལ་གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཡེ་ཤེས་ཚེ་རིང་གིས་ཐེངས་འདིའི་བོད་ལུགས་བཟའ་བཏུང་གཡོ་རྩལ་འགྲན་བསྡུར་སྤེལ་བའི་དོན་སྙིང་དང་། ཁྱད་པར་དུ་འགྲན་ཞུགས་པ་དག་གི་ལག་རྩལ་ལ་གདེང་འཇོག་གང་ལེགས་གནང་བ་རེད། ད་དུང་གླུ་གར་གྱི་ལྟད་མོ་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ནས་འགྲན་ཞུགས་པ་དག་གིས་གྲུབ་འབྲས་ཡག་མོ་བླངས་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

ཐེངས་འདིའི་འགྲན་བསྡུར་སྤེལ་བ་ཡིས་བོད་ཀྱི་བཟའ་བཏུང་རིག་གནས་སྔར་བས་ཕུན་སུམ་ཇེ་ཚོགས་དང་ཚད་ལྡན་དུ་གཏོང་བ་དང་། དུས་ཀྱི་འགྲོས་དང་བསྟུན་ནས་གསར་གཏོད་གང་ལེགས་བྱས་ཏེ། ཚང་མས་བོད་ཀྱི་བཟའ་བཏུང་རིག་གནས་ལ་རྒྱུས་ལོན་ཟབ་མོ་ཡོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཔུང་བ་མཉམ་གཤིབ་ཀྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་བཅས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།