༄༅།།ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་ལོ་ཙཱའི་མཛད་རྗེས་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:ཚེ་རིང་ལྷ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-16 08:30:50 ཀློག་གྲངས།:
ནང་དོན་གནད་བསྡུས། སྐ་བ་དཔལ་བརྩེགས་ནི་སྐུ་ན་ཆུང་དུས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆེད་དུ་སྐྱེད་སྲིང་བྱས་པའི་ལོ་ཙཱ་བ་ཞིག་ཡིན་ལ། ན་སོ་ཆེར་སོན་ནས་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་རབ་དགུའི་གཞོན་པ་གསུམ་གྱི་གྲས་སུ་གྱུར་པར་མ་ཟད། ཁྲི་སྲོང་ལྡེ་བཙན་ནས་ཁྲི་རལ་པ་ཅན་བར་ཏེ། བཙན་པོ་གདུང་རབས་གསུམ་གྱི་རིང་ལ་ཡིག་སྒྱུར་གྱི་ལས་ཀ་མཚམས་བཞག་མ་མྱོང་ཞིང༌། ཞུས་ཆེན་འཕེར་བའི་ལོ་ཙཱ་བ་ཆེན་པོར་གྱུར་ནས་བོད་ཀྱི་ཡིག་སྒྱུར་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས། འདིར་ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཡིག་སྒྱུར་ལོ་ཆེན་སྔ་གྲས་སུ་གྱུར་ཚུལ་དང༌། མི་ཚེ་གང་བོ་ལོ་ཙཱའི་བྱ་གཞག་ལ་བསྟིམས་ཚུལ། པཎྜི་ཏ་གང་མང་གདན་དྲངས་ཚུལ། རྒྱུན་འཛིན་གྱི་བུ་སློབ་བསྐྱངས་ཚུལ། འགྱུར་ལེགས་ཕོན་ཆེན་ཕྱི་རབས་པར་གསོས་སྐལ་དུ་བཞག་ཚུལ། ཕྱིས་བྱུང་ལོ་ཙཱ་བ་དག་ལ་མ་ནོར་གཞུང་བཟང་བསྟན་ཚུལ། སྔར་བསྒྱུར་ཡིག་ཆར་མི་འཁྲུག་པའི་དཀར་ཆག་བཟོས་ཚུལ་བཅས་ཕྱོགས་བདུན་ནས་ཁོང་གིས་ལོ་ཙཱའི་ལས་དོན་ཐད་བཞག་པའི་ཕྱག་རྗེས་རགས་ཙམ་གླེང་འདུག །
གནད་ཚིག ལོ་ཆེན་སྐ་བ་དཔལ་བརྩེགས། ལོ་ཙཱ། མཛད་རྗེས།

གླེང་གཞི།
 
       སྐ་བ་དཔལ་བརྩེགས་སམ། ཀ་བ་དཔལ་བརྩེགས་དང་། དཀའ་བ་དཔལ་བརྩེགས། ཀ་བ་ཤྲཱི་ཀུ་དེ་རཀྵི་ཏ། ཨཱ་ཙརྱ་དཔལ་བརྩེགས། མཁན་པོ་དཔལ་བརྩེགས། དཔལ་བརྩེགས་རཀྵི་ཏ། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏ། དགེ་སློང་དཔལ་བརྩེགས། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏ། བནྡེ་དཔལ་བརྩེགས། ལོ་ཙཱ་བ་བནྡེ་དཔལ་བརྩེགས། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས། བནྡེ་དཔལ་བརྩེགས་རཀྵི་ཏ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ། སྐད་གཉིས་སྨྲ་བའི་དབང་པོ་སྐ་བ་དཔལ་བརྩེགས། གྲ་སྐ་བ་དཔལ་བརྩེགས་སོགས་སུ་འབོད་པའི་ལོ་ཆེན་འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་རབ་དགུའི་གཞོན་པ་གསུམ་གྱི་གྲས་ཡིན་པར་མ་ཟད། ཁྲི་སྲོང་ལྡེ་བཙན་ནས་ཁྲི་རལ་པ་ཅན་བར་དུ་ལས་འགན་གཡོལ་མེད་ཀྱིས་སྐུ་ཚེ་གང་བོ་ལོ་ཙཱའི་བྱ་གཞག་སྟེང་བསྟིམས་པའི་ལོ་ཆེན་ཞིག་ཡིན་ཏེ། སྤྱིར་བོད་ཀྱི་རིག་གནས་བསྐྱར་སྐྲུན་དང༌། ཁྱད་པར་དུ་ནང་བསྟན་རིག་གཞུང་བོད་རང་ས་ཅན་དུ་འགྱུར་བའི་རྨང་གདན་གཏོང་བར་ཕྱག་རྗེས་ཁྱད་པར་བ་བཞག་ཡོད་ཅིང་། ཁོང་གིས་བོད་འགྱུར་བྱས་པའི་བསྟན་བཅོས་ཀྱི་གྲངས་མང་ལ་སྤུས་ཚད་མཐོ་བས། བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་ཆེན་མོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཀྱང“སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །……ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་ཙམ། །”ཞེས་ཁོང་ནི་བོད་གངས་ཅན་གྱི་ལོ་ཙཱ་བའི་ཁྲོད་ཀྱི་ཉི་མ་ལྟ་བུར་བསྔགས་མོད། སྤྱིར་ཁོང་གི་མཛད་རྗེས་ལ་ཆེད་དོན་ཞིབ་འཇུག་བྱས་པ་ཉུང་ཞིང་། སྐབས་དེའི་དམིགས་བསལ་གྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་བཞག་སྟེ་ཕྱོགས་སྣ་སྒོ་མོ་ནས་ཞིབ་འཇུག་བྱས་པ་ནི་མེད་པ་ཙམ་དུ་སྣང་བས། འདིར་རྒྱ་བོད་ཡིག་སྒྱུར་ལས་དོན་སྔར་མེད་ཆེས་ཆེར་སྤེལ་མགོ་ཚུགས་དུས་དང༌། དེང་སྐབས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞེས་གྲགས་པའི་རིག་གནས་བཅུའི་རྣམ་གཞག་འདི་ཉིད་གསར་སྐྲུན་མཛད་དུས་ཏེ། རིག་གཞུང་མ་ལག་བསྐྱར་སྐྲུན་ལ་འབད་སྒང་གི་བསྟན་པ་སྔ་དར་སྐབས་ཀྱི་ལོ་རྒྱུས་གནས་བབ་ལས་འཕྲོས་ཏེ་ཁོང་གི་ལོ་ཙཱའི་མཛད་རྗེས་ལ་རགས་ཙམ་དཔྱད་ན།
དང་པོ། ལོ་རྒྱུས་སྟེང་གི་ཡིག་སྒྱུར་ལོ་ཆེན་སྔ་གྲས་སུ་གྱུར་པ།
       དེ་ཡང«བྱམས་མ»དང«ལེགས་བཤད་རིན་པོ་ཆེའི་གཏེར་མཛོད»སོགས་བོན་གྱི་ཡིག་རྙིང་མང་པོར། གཉའ་ཁྲི་བཙན་པོའམ་དེའི་གོང་རོལ་ནས་སྟག་གཟིག་གམ་ཞང་ཞུང་ནས་བོན་ཆོས་མང་པོ་བོད་དུ་བསྒྱུར་བར་གསུངས་ལ།«རྒྱལ་རབས་གསལ་བའི་མེ་ལོང»སོགས་བན་ཕྱོགས་ཀྱི་ཡིག་ཚང་ཁ་ཤས་སུའང་རྒྱལ་པོ་གཉའ་ཁྲི་བཙན་པོའམ་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་ཆོས་ཞང་ཞུང་གི་སྐད་ནས་བོད་སྐད་དུ་བསྒྱུར་བར་གསུངས་མོད། དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཡིག་འདི་ཉིད་སྲོང་བཙན་སྒམ་པོའི་རིང་ལ་བྱུང་བ་ཏུན་ཧོང་ཡིག་རྙིང་སོགས་ཡིག་རྙིང་འགངས་ཆེན་མང་པོ་ཞལ་མཐུན་པས། སྤུ་དེ་གུང་རྒྱལ་ཡར་སྔོན་ལ་བོན་ཆོས་ཞང་ཞུང་གི་སྐད་ནས་བོད་སྐད་དུ་བསྒྱུར་བར་བཤད་པ་ནི་ངག་སྒྱུར་ཙམ་ལས་འདའ་མེད་སྙམ་མོད། སྐབས་དེའི་བོན་ནི་སྲིད་པའི་བོན་དང་གཡུང་དྲུང་གི་བོན་གང་ཡིན་ཡང་རང་བཞིན་གྱི་ཆོ་ག་ཙམ་ལས་འདས་ནས་གཞུང་ལུགས་ཅན་དུ་འཕེལ་ཡོད་པས། དེ་ཉིད་མི་ལོ་བརྒྱ་ཕྲག་དུ་མར་རྒྱུན་འཛིན་བྱེད་ན། ངག་ཐོག་གཅིག་པུ་ནས་དེའི་ཡང་དག་རང་བཞིན་དང་ཆ་ཚང་རང་བཞིན་ལ་འགན་ལེན་བྱེད་དཀའ་བས། “སྨར་ཆེན”དང“སྨར་ཆུང”སོགས་ཡི་གེ་གང་རུང་ལ་བརྟེན་ནས་ཡིག་སྒྱུར་བྱས་པར་ཡང་ངེས་མོད། ཡི་གེ་དེ་ཡང་དེང་སྐབས་ཡུན་ནན་ཞིང་ཆེན་དུ་འཚོ་བའི་འཇང་རིགས་ཀྱི་འདྲ་གཟུགས་ཡི་གེ་ལྟ་བུ་ཡིན་ངེས་ཏེ། ལོ་རྒྱུས་ཡིག་ཚང་ཁག་གུང་བསྒྲིགས་ན་འཇང་རིགས་ཀྱི་སྟོན་པའི་ཆོས་ལུགས་འདི་ཡང་གྲི་གུམ་བཙན་པོས་བོན་བསྟན་སྣུབ་སྐབས་བོན་གཤེན་ཁག་ཅིག་འཇང་ཡུལ་དུ་བཤོལ་བ་ལས་དར་ངེས་ཆེ[1]བས། བརྒྱ་ལ་སྤུ་དེ་གུང་རྒྱལ་ཡར་སྔོན་གྱི་དུས་གང་རུང་ལ་བོན་ཆོས་ཞང་ཞུང་གི་སྐད་ལས་བོད་སྐད་དུ་ཡིག་སྒྱུར་བྱས་ཟེར་ན། དེ་ལྟའི་འདྲ་གཟུགས་ཡི་གེ་ལས་ཕར་བསྒྱུར་ཚུར་བསྒྱུར་བྱས་པ་ཡིན་དགོས། དེ་མིན་ཡར་ལུང་སྤུ་རྒྱལ་པས་སྲོང་བཙན་ཡར་སྔོན་ནས་ཡི་གེ་གང་རུང་བེད་སྤྱོད་བྱས་ཚུལ་གྱི་ཤུལ་རྒྱུན་རྙེད་དཀའ་ཞིང་། ཤེས་རིག་འཕེལ་བའི་ལོ་རྒྱུས་ལྟར་ནའང་ཡིག་རིགས་གང་ཡིན་ཡང་ཐོག་མར་འདྲ་གཟུགས་ཡི་གེའི་རྣམ་པར་གནས་པ་ལ་རིམ་གྱིས་སྒྲ་སྦྱོར་གྱི་ཡི་གེ་རུ་འཕེལ་འགྱུར་བྱུང་བ་ཡིན།
       དེ་བས་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་སྒྲ་སྦྱོར་ཡི་གེ་འདིའི་སྟེང་ནས་ཡིག་རིགས་གཞན་དང་ལོ་ཙཱ་བྱས་པའི་ཡིག་སྒྱུར་བསྟན་བཅོས་ཐོག་མ་ནི་སྲོང་བཙན་སྒམ་པོའི་རིང་ལ་གཉན་པོ་གསང་བ་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ལེགས་སྦྱར་གྱི་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་བ་དེ་ཡིན་ལ། དེ་ནས་མེས་ཨག་ཚོམ་རིང་སྨན་རྩིས་དང་ཆོས་གཞུང་པོ་ཏི་རེ་གཉིས་བོད་འགྱུར་བྱས་རྗེས། ཁྲི་སྲོང་ལྡེ་བཙན་རིང་བོད་འགྱུར་བྱས་པ་ཆེས་སྔ་ཞིང་ཁྱབ་ཆེ་སྟེ། ཁྲི་སྲོང་ལྡེ་བཙན་རིང་ནས་བཟུང་ནང་བསྟན་རིག་གཞུང་དང་བཅས་པའི་ཉེ་འཁོར་མི་རིགས་ཁག་གི་སྔོན་ཐོན་རིག་གནས་རྒྱ་ཆེར་བོད་ཡིག་ཏུ་སྒྱུར་མགོ་ཚུགས་པ་ཡིན་པས། བོད་ཀྱི་ཡིག་སྒྱུར་ལོ་ཙཱའི་ལམ་སྲོལ་ཆེར་འབྱེད་མཁན་གྱི་ལོ་ཙཱ་བ་ཐོག་མའི་གྲས་སུ་གྱུར་པའི་ཆ་ནས་ཀྱང་སྐ་བ་དཔལ་བརྩེགས་ཀྱི་བཀའ་དྲིན་ནི་གཞལ་བར་དཀའ་འོ། །
       རྒྱུ་མཚན་ནི་སྲོང་བཙན་རིང་ཡིག་སྒྱུར་ལས་དོན་མགོ་བརྩམས་ཀྱང་ཆེར་སྤེལ་མ་ཐུབ་ལ། དེ་ནས་རྒྱལ་རབས་གསུམ་རིང་རྒྱུན་ཆད་དེ་རྒྱལ་རབས་བཞི་པ་མེས་ཨག་ཚོམ་རིང་ད་གཟོད་བག་རེ་ཙམ་བསྒྱུར་བ་ཡིན་ཏེ། རྒྱལ་རབས་བཞིའི་རིང་ལ་ཡིག་སྒྱུར་ལས་དོན་ཆེར་དར་མ་ཐུབ་པ་ལ། ཁྲི་སྲོང་ལྡེ་བཙན་རིང་ཆེད་ལས་ཀྱི་ལོ་ཙཱ་བ་དང་ཆེད་བསྐོས་ཀྱི་དགེ་རྒན། ཆེད་བཙུགས་ཀྱི་སློབ་གླིང་། དཔལ་འབྱོར་གྱི་རྒྱབ་རོགས། ཆབ་སྲིད་ཀྱི་ཁག་ཐེག་བཅས་ཡོད་ཅིང༌། དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་ཡིག་སྒྱུར་ལས་དོན་རྒྱ་ཆེར་སྤེལ་བས། ད་གཟོད་ནང་བསྟན་རིག་གཞུང་གཙོས་རྒྱ་གར་ནག་དང་བཅས་པའི་ཉེ་འཁོར་མི་རིགས་ཁག་གི་རེགས་ཁག་གི་རིག་གནས་བོད་དུ་རྒྱ་ཆེར་དར་ཞིང་། དེང་སྐབས་བོད་བརྒྱུད་ནང་བསྟན་ཞེས་གྲགས་པའི་རང་སའི་ཆོས་གཞུང་འདི་བྱུང་མགོ་ཚུགས་ལ། བཅུ་ཕྲག་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞེས་འབོད་པའི་རིག་གཞུང་འདིའི་མ་ལག་ཀྱང་ཆགས་མགོ་བརྩམས་པ་ཡིན་པས། ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་དག་ནི་བོད་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་དུས་ཀྱི་ཆ་ནས་སྔ་གྲས་དང་། གྲངས་འབོར་དང་ལས་ཕྱོད་ཀྱང་ཆེ་གྲས་སུ་གྱུར་ཏེ་བཀའ་དྲིན་ཆེས་ཆེ་བ་ལ། དེ་དག་ལས་ཀྱང“བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་སྟེ་ལོ་ཙཱ་བ་རབ་དགུ”[2]ཡིན་ལ། སྐ་བ་དཔལ་བརྩེགས་ནི་ལོ་ན་གཞོན་ཡང“ཕྱིས(ལོ་ཙཱ་བ)བརྒྱ་རྩ་བརྒྱད་ཚང་བར་བྱུང་ཞིང་རབ་འབྲིང་ཐ་གསུམ་དུ་ཕྱེ་ནས་རབ་ཀྱིས་ཞུས་ཆེན། འབྲིང་གིས་བར་ཞུས། ཐ་མས་མཆན་བུའི་ལོ་ཙཱ་བ་བྱེད་སྐད”[3]ཅེས། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་སྐྱེད་སྲིང་བྱས་པའི་ལོ་ཙཱ་བ་བརྒྱ་ཕྲག་ལྷག[4]ལས་རབ་དགུའི་གྲས་དང་། ཞུས་ཆེན་འཕེར་བའི་ལོ་ཆེན་དུ་གྱུར་པའི་ཆ་ཁོ་ནས་ཀྱང་ཁོང་གི་མཛད་རྗེས་དཔོག་ནུས་སོ། །
གཉིས་པ། མི་ཚེ་གང་བོ་ལོ་ཙཱའི་བྱ་གཞག་ལ་བསྟིམས་པ།
       དབུ་རུ་འཕན་ཡུལ་གྱི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་པའི་སྐ་བ་དཔལ་བརྩེགས་སམ་འབྲོ་སྐ་བ་དཔལ་བརྩེགས[5]ནི། ཁྲི་སྲོང་ལྡེ་བཙན་གྱིས་མཁན་སློབ་གཉིས་སྤྱན་དྲངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་རྗེས། ལོ་ཙཱ་བ་གང་མང་སྐྱེད་སྲིང་བྱས་ནས་ནང་བསྟན་བོད་དུ་སྤེལ་འདོད་ཀྱང༌། བོད་ཕྲུག་མང་པོར་སྒྲ་བསླབས་པས་མ་འཁྱོངས་ཤིང་། རྒྱལ་པོ་ཡང་ཐུགས་ཤིན་ཏུ་མུག་པར་གྱུར[6]སྐབས། ལོ་ན་བདུན་ཡས་མས་ལས་མེད་པའི་འཕན་ཕྲུག་ཁོང་གཞི་ནས་ལོ་ཙཱའི་ལས་ལ་ཞུགས་མགོ་བརྩམས་པ་ཡིན་ཏེ། “དབུ་རུ་འཕན་ཡུལ་སྐ་བ་ས་ཞེས་བྱར༔ ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དང་༔ ཡུམ་མིང་འབྲོ་གཟའ་རྡོ་རྗེ་ལྕམ་གྱི་བུ༔ སྐྱེ་མཆོག་སྐ་བ་དཔལ་བརྩེགས་ཞེ་བྱ་བ༔ ……ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔”[7]ཞེས། རྒྱལ་པོ་ཐུགས་མུག་པའི་སྐབས་དེར་སློབ་དཔོན་གྱིས་པ་གོར་བཻ་རོ་ཙ་ན་དང༌། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་བཅས་ཕྲུ་གུ་གསུམ་གྱིས་ལོ་ཙཱ་འབྱོང་ངེས་པར་བསྟན་པ་ལྟར། ཕ་མ་ལས་བསླངས་ནས་ཆེད་དམིགས་གསོ་སྐྱོང་བྱས་པས། “དེ་ནས་རྒྱལ་པོས་སློབ་དཔོན་རྣམ་པ་གཉིས༔ བསམ་ཡས་སྒྲ་བསྒྱུར་གླིང་དུ་སྤྱན་དྲངས་ནས༔ …མདོ་སྔགས་སྣོལ་མཚམས་མ་ལོག་གསུང་བར་ཞུ༔ ལོ་ཙཱ་གསུམ(བཻ་རོ་ཙ་ན་དང་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན)གྱིས་བོད་སྐད་བསྒྱུར་བར་ཞུ༔”[8]ཞེས་དང་། “ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི༔ བོ་དྷི་ས་ཏྭ་བོད་དུ་གདན་དྲངས་ནས༔ ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས༔ མཁན་པོ་བོ་དྷི་ས་ཏྭའི་གསུང་བགྲོས་བསྒྱུར༔”[9]ཅེས་འཕན་ཕྲུག་སྐ་བ་དཔལ་བརྩེགས་ཀྱིས་མཁན་ཆེན་བོ་དྷི་ས་ཏྭས་ཅི་གསུང་བོད་འགྱུར་བྱེད་ཐུབ་པ་བྱུང་ཞིང༌། “སྐ་བ་དཔལ་བརྩེགས་གསང་སྔགས་ཕྱི་པ་བསྒྱུར༔ བྱ་རྒྱུད་ཀྲྀ་ཡ་སྡེ་དྲུག་སྡེ་ལྔ་དང་༔ གཉིས་སྤྱོད་ཨུ་པ་ཡ་ཡི་རྒྱུད་བཞི་དང་༔ རྣལ་འབྱོར་ཡོ་གའི་རྒྱུད་སྐོར་མ་ལུས་བསྒྱུར༔”[10]ཅེས་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་རབ་དགུའི་གྲས་སུ་ཚུད།
       དེ་ལྟར་ཁྲི་སྲོང་ལྡེ་བཙན་དང་མཁན་སློབ་གཉིས་ནས་ཆེད་དམིགས་སྐྱེད་སྲིང་བྱས་པ་ནས་བཟུང༌། ཁོང་གིས་སྐུ་ཚེ་གང་བོ་རྒྱ་བོད་ཡིག་སྒྱུར་གྱི་ལས་དོན་ལ་བསྟིམས་ནས་བཙན་པོ་ཁྲི་རལ་རིང་བར་ལོ་ཙཱའི་ལས་འགན་དང་དུ་བླངས་ཡོད་དེ། “དེའི་རྗེའུ<རྗེས>ཁྲི་ལྡེ་སྲོང་བཙན་འཇིང་ཡོན་གྱིས་རྒྱལ་ས་བཟུང་སྟེ། དེས་དཀར་ཆུང་གི་གཙུག་ལག་ཁང་ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཞེངས། ཉི་འོག་གི་མཁན་པོ་ཨརྱ་ཛི་ན་མི་ཏྲ་དང༌། སུ་ར་ཨིནྡྲ་བོ་དྷི་དང་། ……ལོ་ཙཱ་བ་མཁས་པ་ཛྙ་ན་སེ་ན་དང་། ……ཀ་བ་དཔལ་བརྩེགས་དང་། ཀླུའི་རྒྱལ་མཚན་ལ་སོགས་པས། ཐེག་པ་ཆེ་ཆུང་གི་ཆོས་དུ་མ་བསྒྱུར”[11]ཅེས། ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་རྒྱ་བོད་ལོ་ཙཱའི་ལས་འགན་དང་དུ་བླངས་ཡོད་པར་མ་ཟད། “ལྷ་སྲས་ཁྲི་གཙུག་ལྡེ་བཙན(རལ་པ་ཅན)གྱི་སྐུ་རིང་ལ་རྒྱ་གར་གྱི་མཁས་པ་མང་པོ་སྤྱན་དྲངས་ཏེ་ཀ་ཅོག་རྣམ་༣་གྱིས་སྔར་མ་འགྱུར་བའི་ཆོས་རྣམས(ཀྱང)བསྒྱུར། (སྔར)འགྱུར་བ་རྣམས་ཀྱང་སྐད་གསར་ཆད<བཅད>ཀྱིས་གཏན་ལ་ཕབ”[12]ཅེས་དང་། “བོད་ཡུལ་དུ་དམ་པའི་ཆོས་སྒྱུར་འཕྲོ་བསྒྱུར་ནས་ཞུ་ཆེན་སྐད་གསར་བཅད་གྱིས<ཀྱིས>གཏན་ལ་ཕབ་པའི་ལྷ་སྲས་ཁྲི་གཙུག་ལྡེ་བཙན་རལ་བ་ཅན། ……སྒྲ་སྒྱུར་གྱི་ལོ་ཚ་བ་ཆེན་པོ་སྐ་བ་དཔལ་བརྩེགས”[13]ཞེས། རྒྱལ་པོ་ཁྲི་རལ་པ་ཅན་རིང་ལའང་རྒྱ་བོད་ལོ་ཙཱའི་ལས་འགན་བཞེས་མཐར། “ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ཡང་འུ་ཤང་རྡོ་ཚར་བའི་སྐབས་དེ་ཤེད་དུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའི་སྐོར་དུ་བརྩིགས་སོ”[14]ཞེས་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་གྲུབ་ཀྱི་སྐབས་ཙམ་ལ་སྐུ་གཤེགས།
       དེ་ལ་དེང་གི་ཞིབ་འཇུག་པ་ཁ་ཤས་ཀྱིས་ཁྲི་སྲོང་ལྡེ་བཙན་ནས་ཁྲི་རལ་བར་དུ་ལོ་ངོ་བརྒྱ་ལ་ཉེ་བས་སྐ་ཅོག་ཞང་གསུམ་སྐུ་ཚེ་དེ་འདྲ་རིང་པོར་བཞུགས་མི་སྲིད་ཅེས་དོགས་དཔྱོད་བྱེད་མོད། དེ་མི་སྐྱོན་ཏེ། གཅིག་ན་སྐ་བ་དཔལ་བརྩེགས་གཙོས་སྐ་ཅོག་ཞང་གསུམ་ནི་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་རབ་དགུའི་གཞོན་པ་གསུམ་ཡིན་ཚུལ་བོད་ཀྱི་ཡིག་རྙིང་ཀུན་གཅིག་མཐུན་ཡིན་པར་མ་ཟད། སྐ་བ་དཔལ་བརྩེགས་ནི་ཁྲི་སྲོང་ལྡེ་བཙན་དུས་ཀྱི་གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་གྲས་སུ་འདྲེན་པ་དང༌། ཁྱད་རྟགས་ལ“སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས”ཞེས་གསལ་བ་ཡང་ཡོངས་གྲགས་ཡིན། གཉིས་ནས«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དུ། “བཙན་པོ། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ”[15]ཞེས་སྐ་ཅོག་ཞང་གསུམ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ཀྱི་ལོ་ཙཱ་བ་ཡིན་ཚུལ་ཡིག་རྙིང་དུ་གསལ་ཁ་བཏོད་ཡོད། གསུམ་ནས་མཁན་ཆེན་བོ་དྷི་ས་ཏྭའི་མཚན་དངོས་ལ་ཤནྟ་རཀྵི་ཏ་ཞེས་འབོད་པས། སད་མི་བདུན་གཙོས་ཁོང་གི་མཁན་རྒྱུད་དག་གི་མཚན་ཟུར་དུའང་རཀྵི་ཏ་ཞེས་གསལ་བ་ལ། སྐ་བ་དཔལ་བརྩེགས་ཀྱི་མཚན་ལའང་དཔལ་བརྩེགས་རཀྵི་ཏ་དང་ཀ་བ་ཤྲཱི་ཀུ་དེ་རཀྵི་ཏ་ཞེས་བྲིས་ཡོད[16]ལ། མཁན་ཆེན་བོ་དྷི་ས་ཏྭ་ནི་ཁྲི་སྲོང་ལྡེ་བཙན་སྐུ་མ་གཤེགས་གོང་བོད་ནས་སྐུ་གཤེགས་པས། སྐ་བ་དཔལ་བརྩེགས་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བར་གྱུར་ཡོད་པ་དཔོག་ནུས། བཞི་ནས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་སྟོན་རྩེད་ཆོས་རྩོད་ཀྱི་མཇུག་བསྡོམས་སུ«སྒོམ་རིམ་རྣམ་གསུམ»དང་། དེའི་རིགས་པའི་གཞུང་ལུགས་གསལ་བཤད་ཀྱི་ཆེད་དུ«དབུ་མ་སྣང་བ»བརྩམས་པ་ལ། «དབུ་མ་སྣང་བ»ནི་སྐ་བ་དཔལ་བརྩེགས་ཀྱིས་བོད་འགྱུར་མཛད་པ་རེད། ལྔ་ནས་ཏུན་ཧོང་ཡིག་རྙིངPel.tib.0150པ«འཕགས་པ་བཟང་པོ་སྤྱོད་པའྀ་སྨོན་ལམ་གྱྀ་རྒྱལ་བོ་རྒྱ་ཆེར་འགྲེལ་བ»ཡི་མཇུག་བྱང་དུ“རྒྱ་གར་གྱྀ་མཁན་པོ་གཉཱ་ན་གར་བ་དང། །ཞུ་ཆེན་གྱྀ་ལོ་ཙ་པ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པཱ། ། ། ༑ ༑ ། ། །[17]”ཞེས་དང་། དེའི་གོང་གིPel.tib.0149པ«འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་འདི་དང་པོར་བཤད་པའི་གླེང་གཞི»རུ“སྐ་བའ་དཔལ་རྩགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་དང༌། སྨ་རད་ན་ཨ་ཀྲ་ལས་བསོགས་པས་བསྒྱུར་ནས་། བཙན་པོ་ཁྲི་སྲོང་ལྡེ་བརྩན་གི་སྐུ་རིང་ལ་། ……རྒྱ་གར་གི་མཁན་པོ་བོ་དེ་སྭ་ཏྭ......ཞེས«འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ»ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་སྐ་བ་དཔལ་བརྩེགས་སོགས་ཀྱིས་བསྒྱུར་ཅིང་། སྐ་བ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་བ་ཚུལ་ཏུན་ཧོང་ཡིག་རྙིང་དུ་གསལ། དྲུག་ནས་སྐ་ཅོག་ཞང་གསུམ་ནི་སྐུ་ཚེ་རིང་ནས་ཁྲི་རལ་པ་ཅན་རིང་ཡང་ལོ་ཙཱའི་ལས་འགན་ལེན་ཞིང་བཞུགས་་བ་སྐུ་ཚེ་པས། ཡིག་རྙིང་ལ་ཤས་སུ“ཡབ་མེས་དུས་ཀྱི་ལོ་ཙཱ་བ་རིང་བ་རྣམས”[18]ཞེས་དང“ལོ་པཎ་བགྲེས་པོ་དེ་རྣམས”[19]ཞེས་བསྟན་ཡོད། བདུན་ནས་ཁོང་འཚོ་བཞུགས་སྐབས་ཀྱི་ལོ་ཚིགས་ཀྱི་སྟེང་ནས་ཀྱང་མི་འགལ་ཏེ། «པདྨ་བཀའ་ཐང»དུ་བོད་ཕྲུག་མང་པོར་སྒྲ་བསླབས་ནས་མ་ཤེས་པས། སློབ་དཔོན་གྱིས་བསྟན་པ་ལྟར་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དངོས་ཀྱིས་བཻ་རོ་ཙ་ན་དགུང་ལོ་བརྒྱད་པ་ཙམ་གཙང་ནས་ཞུས་པ་དང་། སྐ་ཅོག་གཉིས་ཕོ་ཉ་མངགས་ཏེ་བཀུགཚུལ་ཡིག་ཚང་གཞན་མང་པོར་ཡང་དེ་ལྟར་འབྱུང་ཞིང་། ལོ་ཙཱ་བ་རབ་དགུའི་རྒན་གཞོན་གྱི་ཚུལ་བཤད་དུས་ཀྱང་བཻ་རོ་ཙ་ན་རྒན་གསུམ་གྱི་གྲས་དང་སྐ་ཅོག་ཞང་གསུམ་གཞོན་གསུམ་ཡིན་ལ། བྱིས་པ་འདི་དག་ལོ་ཙཱ་བར་སྐྱེད་སྲིང་བྱས་དུས་ནི་བསམ་ཡས་གཙུག་ལག་ཁང་གྲུབ་ནས་རབ་གནས་བྱས་རྗེས་དང་། དེང་གི་ཞིབ་འཇུག་པ་ཕལ་མོ་ཆེའི་བཞེད་པ་ལྟར་ན་བསམ་ཡས་གཙུག་ལག་ཁང་བཞེངས་ནས་འགྲུབ་དུས་ནི་སྤྱི་ལོ775ལོ་ཡིན་པས། སྐབས་དེར་དགུང་ལོ་བརྒྱད་ལ་སོན་པའི་བཻ་རོ་ཙ་ནའི་འཁྲུངས་ལོ་ནི་ཧ་ལམ་སྤྱི་ལོ768ལོར་ཡིན་ངེས། དེས་ན། སྐ་བ་དཔལ་བརྩེགས་ནི་ཆེས་རྒན་ཡང་སྤྱི་ལོ769ལོའི་རྗེས་ནས་འཁྲུངས་ངེས་ལ། ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་གཙུག་ལག་ཁང་བཞེངས་ཚར་དུས་ལོ་ཙཱ་བ་ཁོང་སྐུ་གཤེགས་ཚུལ་གསལ། སྟག་ཚང་ལོ་ཙཱ་བས“ལྕགས་མོ་ཕག་ལོ་ལ། འུ་ཤང་རྡོ་དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་རྒྱ་ཕིབས་དགུ་བརྩེགས། ཁྱུང་ནམ་མཁའ་ལ་ལྡིང་འདྲ་བ་བཞེངས”[20]ཞེས་འུ་ཤང་རྡོའི་གཙུག་ལག་ཁང་བཞེངས་དུས་ནི་ལྕགས་མོ་ཕག་ལོ་ཡིན་པར་བསྟན་པ་དང༌། ཁྲི་རལ་པ་ཅན་གྱིས་སྲིད་སྐྱོང་རིང་གི་སྤྱི་ལོ815ནས838ལོའི་བར་དུ་ལྕགས་མོ་ཕག་ལོ་ནི་སྤྱི་ལོ831ལོ་ལས་མེད་པས། སྐ་བ་དཔལ་བརྩེགས་སྐུ་གཤེགས་དུས་སྤྱི་ལོ831ལོར་ཡིན་པར་བྱས་ན་སྐབས་དེར་དགུང་ལོ63ལ་སོན་ཙམ་རེད།
གསུམ་པ། པཎྜི་ཏ་གང་མང་གདན་དྲངས་པ།
       བསྟན་པ་སྔ་དར་སྐབས་སུ་བཙན་པོ་རིམ་བྱོན་གྱིས་ནངབསྟན་བོད་འགྱུར་ལ་ཤུགས་བརྒྱབ་ཡོད་ཀྱང་། བོད་འགྱུར་གྱིཐོག་མའི་དུས་རིམ་དུ་གནས་པས། བོད་རང་ལ་མཚོན་ན་ནངབསྟན་ཆོས་གཞུང་ལ་ཆེས་ཆེར་མཁས་པའི་བླ་ཆེན་དང་བོད་པ་རང་གིས་བརྩམས་པའི་ཆོས་གཞུང་ཆེར་མེད་དེ། སྐབས་དེའི་བོད་རང་སའི་མཁས་ཆེན་དག་གི་འགན་ཁུར་གཙོ་བོ་ཡང་ནང་བསྟན་རིག་གནས་དང་བཅས་པའི་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དག་བོད་འགྱུར་བྱ་རྒྱུ་དེ་ཡིན། དེ་བས། ནང་བསྟན་ཆོས་གཞུང་བོད་འགྱུར་བྱེད་པར་ཡང་དེང་དུས་ནང་བཞིན་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཁོ་ནས་བསྒྱུར་ཐུབ་པ་དང་བསྒྱུར་ན་ཁས་ལེན་པ་ཞིག་མ་ཡིན་པར། ངེས་པར་དུ་བཙན་པོའི་བཀའ་བཀོད་འོག་ལོ་པཎ་གཉིས་ཀ་མཉམ་འཛོམས་ཀྱིས་བསྒྱུར་དགོས་པས། བཙན་པོ་རིམ་བྱོན་གྱིས་ལོ་ཙཱ་བ་གང་མང་མི་རིགས་གཞན་གྱི་མཁས་དབང་དག་གདན་འདྲེན་ཞུ་བར་མངགས་ཡོད་པ་བཞིན། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་ཀྱང་བཙན་པོ་རིམ་བྱོན་གྱི་བཀའ་བཞིན་རྒྱ་གར་པཎ་ཆེན་བོད་དུ་ཞུས་ནས་ནང་ཆོས་བོད་འགྱུར་བྱེད་པར་བྱས་རྗེས་བཞག་ཡོད་དེ། “པཎྜི་ཏ་ཞིག་སྤྱན་འདྲེན་དུ་བཏང་བས་ཨ་ཙརྱ་བི་མ་མི་ཏ་བྱོན་པ་ལ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་འཕྲོ་ཞུས་ནས་སྒོམ་མཛད་པར་བཞེད་དེ”[21]ཞེས་དང༌། “བཱི་མ་ལ་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་ལ་སྤྱན་འདྲེན་པར་ཀ་ཅོག་གཉིས་མངགས་ཏེ་བཱི་མ་ལས་ཀྱང་གདམས་ངག་གི་མཆོག་ཐམས་ཅད་བསྣམས་ཨ་ཙ་ར་སའི་སྙིང་པོ་གཡོག་དུ(ཏུ)ཁྲིད་ནས་བོད་དུ་བྱོན”[22]ཅེས་མཁན་ཆེན་བོ་དྷི་ས་ཏྭ་དང་སྦ་ཡེ་ཤེས་དབང་པོ་སྐུ་གཤེགས་རྗེས། ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་འཕྲོ་ཞུ་འདོད་ནས་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་རྒྱ་གར་དུ་མངགས་པ་ལ། ལོ་ཙཱ་བ་གཉིས་ཀྱིས་པཎ་ཆེན་བཱི་མ་ལ་མི་ཏྲ་གདན་འདྲེན་རྩིས་བྱས་ཀྱང༌། རྒྱ་བོད་གཉིས་ཡུལ་ཐག་རིང་བས་སྲས་ཁྲི་ལྡེ་སྲོང་བཙན་གྱིས་རྒྱལ་སྲིད་སྐྱོང་རིང་ལ་པཎ་ཆེན་བཱི་མ་ལ་ད་གཟོད་བོད་དུ་འབྱོར་ཏེ། “བཱི་མ་བོད་དུ་བྱོན་པ་ཡང་ཆོས་རྒྱལ་ཁྲི་སྲོང་གི་དུས་དང་མུ་ནེ་བཙན་པོའི་དུས་དང་སད་ན་ལེགས་ཀྱི་དུས་ཡིན་པར་བཤད་པ་གསུམ་སྣང་ཡང་སད་ན་ལེགས་རྒྱལ་པོར་གྱུར་ནས་མུ་ནེ་བཙན་པོའི་གཤིད་མཛད་དུས་བཱི་མ་ལ་བྱོན”[23]ཅིང་། “སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །སྒྲུབ་པ་སྡེ་ལྔ་ཕྲ་མོ་སུམ་ཅུ(རྩ)གཅིག །ལུང་ཕྲན་བརྒྱད་ཅུ་རྩ་ལྔ་དག་ཀྱང་བསྒྱུར། །”[24]
       དེ་བཞིན་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་སྲིད་སྐྱོང་རིང་ལའང་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་གསུམ་གྱིས་པཎ་ཆེན་གང་མང་བོད་དུ་ཞུས་ཡོད་དེ། “དེའི(ཁྲི་རལ་པ་ཅན)དུས་སུ་ཀ་ལྕོག་ཞང་གསུམ་གྱིས་ཁ་ཆེ་མཁན་པོ་ཛཱི་ན་མི་ཏྲ་དང༌། སིང་ག་ལའི་མཁན་པོ་དྷ་ན་ཤི་ལ། ཤཱཀྱ་སིང་ཧ། པྲད་ཛྙ་བར་མ། སུ་ལེནྡྲ་བོ་དྷི། བྱིད་དྷྱ་སིང་ཀ་ར་ལ་སོགས་པ་མང་པོ་གདན་དྲངས་ནས་སླེབས་པ་དང་། ……སྔར་གྱི་བསྒྱུར་ལས་ལུས་པ་རྣམས་ཀྱང་བསྒྱུར”[25]ཅེས། ཁ་ཆེ་དང་སིང་ག་ལ། རྒྱ་གར་བཅས་ནས་པཎྜི་ཏ་གང་མང་སྤྱན་དྲངས་ཏེ་སྔོན་གྱི་འགྱུར་ལུས་བསྒྱུར་པས། སྐབས་དེར་བོད་དུ་བཞུགས་པའི་རྒྱ་དཔེ་ཆ་ཚང་བོད་འགྱུར་བྱེད་ཐུབ་བྱུང[26]བ་རེད།
བཞི་བ། རྒྱུད་འཛིན་གྱི་བུ་སློབ་བསྐྱངས་པ།
       རིག་གནས་ཤེས་བྱ་གང་དང་གང་ཞིག་ཡིན་རུང་མི་རབས་སྔ་མ་སྔ་མས་ཕྱི་མ་ཕྱི་མར་བརྒྱུད་སྤྲོད་དང་ཕྱི་མ་ཕྱི་མས་རྒྱུན་འཛིན་བྱས་ཚེ། ད་གཟོད་ཤེས་རིག་གི་རྒྱུན་དེ་ཆད་མེད་དུ་གནས་ཤིང་དར་རྒྱས་བྱུང་ནས་འགྲོ་མིའི་དཔལ་ཡོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ཡིན་ཏེ། ཤེས་ཡོན་ཅན་གྱི་མཁས་པ་དག་གིས་ཤེས་ལྡན་གྱི་བུ་སློབ་བསྐྱང་རྒྱུ་དང༌། ཤེས་ལྡན་གྱི་བུ་སློབ་དག་གིས་མཁས་པ་སྔ་མའི་ཤེས་ཡོན་རང་རྒྱུད་དུ་ཅི་ལོན་ལ་འབད་རྒྱུ་ནི་ཤེས་རིག་རྒྱུན་འཛིན་གྱི་ཐབས་ལམ་ཆེས་གལ་ཆེན་ཞིག་ཡིན་པས། སྐ་བ་དཔལ་བརྩེགས་ཀྱིས་ཀྱང་རང་གིས་ཅི་ཤེས་རང་ཉིད་ཡར་རྒྱས་ཡོང་ཐབས་ཙམ་དུ་མ་བྱས་པར། རྒྱུད་འཛིན་གྱི་བུ་སློབ་སྐྱོང་བར་ཡང་འབད་ཡོད་དེ། “དེའི་འོག་ཏུ་སྡེ་པའི་མེ་རོ་མདོ་སྨད་ནས་ལངས་པ་ཡིན་ཏེ། དེ་ཡང་རྒྱལ་པོ་མ་གསད<བསད>པའི་གོང་རོལ་དུ་ཆུ་བོ་རིའི་སྒོམ་གྲྭ(བྲག་སེ་བའི་གསེབ)ན། གཡོ་དགེ་འབྱུང(རྦོ་གདོང་བ)རྩངས་རབ་གསལ(འཇད་པ)དམར་བན་ཤཱཀྱ་མུ་ནེ(ལུང་སྨད་པ)དང་གསུམ་སྒོམ་གྱིན་བཞུགས་པའི་ཚེ།……དེར་འདུལ་མངོན་གཉིས་ཀྱི་དཔེ་ཆ་དྲེའུ་རྒྱབ་བསྐལ<བཀལ>ནས(ཉིན་མོ་ཡིབས་མཚན་མོ་བྲོས) ……ཨན་ཆུང་གནམ་རྫོང་གི་བྲག་ཕུག་བཟུང་ནས་བཞུགས། ……ཀ་འོད་མཆོག་གྲགས་པས། བལ་ཡུལ་ནས་ཚུར་ཡོངས<འོངས>པའི་ལམ་དུ་གཏམ་ཐོས་ནས། མངོན་པ་དྲེའུ་རྒྱབ་གཅིག་བཀལ་ནས་བྱང་ལམ་ལ་བྲོས། ……ལྷ་ལུང་རབ་འབྱོར་དབྱངས(མལ་གྲོ་བ)རོང་སྟོན་སེང་གེ་གྲགས་གཉིས་ཀྱིས་ཡེར་པ་ནས་འདུལ་མངོན་གཉིས་ཀའི་དཔེ་མང་དུ་ཁྱེར་ཏེ་ནད<ནག>ཤོད་ལ་བྲོས་ནས། ……མི་དྲུག་ཅར་རད་ནའི་མཁན་བུ་ཡིན། ལོ་ཙཱ་བ་ཀ་ལྕོག་ཞང་གསུམ་དང་། པཎྜི་ཏ་དྷན་ཤི་ལ་དང་། ཛི་ན་མི་ཏྲའི་སློབ་མ་ཡིན་ཅིང་། བོད་དུ་འགྱུར<བསྒྱུར>བའི་ཆོས་ཐམས་ཅད་ལུང་ཡོད་དོ”[27]ཞེས། ཕྱི་རབས་པས་མཁས་པ་མི་གསུམ་དུ་འབོད་པའི་དམར་གཡོ་གཙང་གསུམ་དང་། ཀ་འོད་མཆོག་གྲགས་པ། ལྷ་ལུང་རབ་འབྱོར་དབྱངས། རོང་སྟོན་སེང་གེ་གྲགས་བཅས“བོད་དུ་བསྒྱུར་པའི་ཆོས་ཐམས་ཅད་ཀྱི་ལུང་མངའ་བའི”མཁས་པ་དྲུག་པོ་འདི་ཡང་སྐ་བ་དཔལ་བརྩེགས་ཀྱི་སློབ་མ་ཡིན།
       མཁས་པ་མི་གསུམ་གྱིས་བླ་ཆེན་དགོངས་པ་རབ་གསལ་ལ་རབ་བྱུང་གི་སྡོམ་པ་གནང་ནས་བསྐྱངས་པས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་ཐུབ་པ་བྱུང་ཞིང༌། བླ་ཆེན་པོས་མཁས་པ་མི་དྲུག་གྲས་ཀྱི་གོ་རོང་སེང་གེ་གྲགས་ལས་འདུལ་བ་གསན་པས་འདུལ་བ་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་བླ་ཆེན་པོ་ལ་གནང་ཞིང་། ཀ་འོད་མཆོག་གྲགས་པའི་ས་ནས་ཤེར་ཕྱིན་དང་མངོན་པ་ལོ་ངོ་བཅུ་གཉིས་རིང་གསན་པས། བླ་ཆེན་ཁོང་བསྟན་པའི་རྩ་ལག་ཆེན་པོར་གྱུར་ནས་བུ་སློབ་མཁས་པས་མདོ་ཁམས་ཁྱབ་ཅིང་། དེའི་སྙན་པས་ཁུ་རྔོག་འབྲོམ་གསུམ་སོགས་བསྟན་པ་ཕྱི་དར་ལ་ཕྱག་རྗེས་ཆེ་བའི་དབུས་གཙང་གི་མཁས་པ་མང་པོ་ཡང་མདོ་ཁམས་ཕྱོགས་སུ་སློབ་གཉེར་ལ་ཕེབས་ཚུལ་ཡིག་རྙིང་དག་ན་གསལ། གཞན«རྒྱ་བོད་ཡིག་ཚང་ཆེན་མོ»རུ་སད་མི་བདུན་གྱིས་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ་རྩ་བརྒྱད་བསྐྱངས་པ་དང༌། དེ་དག་གིས་ལོ་ཙཱ་བ་སྟོང་རྩ་བརྒྱད་བསྐྱངས་པར་བཤད[28]པ་བཞིན།«ཤེལ་དཀར་ཆོས་འབྱུང»སོགས་ཡིག་རྙིང་གཞང་གཞན་དུའང་དེ་ལྟར་འབྱུང་མོད། དེ་དག་རེ་རེའི་ཡིན་ཚུལ་མི་གསལ་བས་ཞིབ་ཏུ་བཤད་དཀའ།
       འོན་ཀྱང༌། སྐ་བ་དཔལ་བརྩེགས་ལ་གོང་བསྟན་སློབ་མ་མཁས་པ་མི་དྲུག་ཡོད་པ་ལས་རྒྱུན་འཛིན་གྱི་སློབ་མ་གཞན་ཡང་མང་དུ་ཡོད་པ་ཤུགས་ནས་རྟོགས་ཏེ། ལོ་རྒྱུས་ཡིག་ཚང་དུ་མི་སྣ་བྱེ་བྲག་པ་གང་རུང་གི་རུས་མིང་བཀོད་དུས། མི་སྣ་དེ་དག་ནི་སྐབས་དེའི་སྤྱི་ཚོགས་སྟེང་བྱས་རྗེས་ཆེས་ཆེ་བ་དང་གྲགས་ཆེ་བའམ། ཡང་ན་ཐ་ཤལ་སྡིག་ཅན་ཐལ་ཆེ་བ་ཞིག་སྟེ། བཟང་ངན་གཉིས་ཀྱི་མཐར་ཐུག་ཏུ་གྱུར་པའི་མི་སྣ་མ་གཏོགས་པའི་གཞན་བྱིངས་རྣམས། སོགས་སྒྲའི་ཁོངས་སུ་བསྡུ་བའམ་གཏན་ནས་མི་འགོད་པ་ནི་ལོ་རྒྱུས་ཐོ་འགོད་ཀྱི་རྒྱུན་སྲོལ་ཞིག་གོ། །
ལྔ་པ། འགྱུར་ལེགས་ཕོན་ཆེན་ཕྱི་རབས་པར་གསོས་སྐལ་དུ་བཞག་པ།
       ཁྲི་སྲོང་ལྡེ་བཙན་རིང་ནང་བསྟན་བོད་འགྱུར་གྱི་ལོ་ཙཱའི་འགན་དང་དུ་བླངས་པ་ནས་བཟུང༌། སྐ་བ་དཔལ་བརྩེགས་ཀྱིས་སྔགས་མཚན་ཉིད་གཉིས་ཀའི་ཆོས་གཞུང་བོད་འགྱུར་བྱས་ཡོད་དེ། ཡིག་ཚང་ལ་ཤས་སུ“བཻ་རོ་ཙ་ན་ནི་སྔགས་མཚན་ཉིད་གཉིས་ཀའི་ལོ་ཙཱ་བ་ཡིན་ནོ། སྨུགས་ཛྙ་ན་ཀུ་མ་ར་དང༌། རྨ་རིན་ཆེན་མཆོག་གཉིས་ཀྱིས་སྔགས་ཕལ་ཆེར་བསྒྱུར། ལོ་ཙཱ་བ་གཞོན་གསུམ་གྱིས་མཚན་ཉིད་ཤས་ཆེར་བསྒྱུར་རོ”[29]ཞེས་ཁོང་གིས་མཚན་ཉིད་ལས་སྔགས་ཆེར་མ་བསྒྱུར་པ་ལྟ་བུ་ཞིག་བཤད་མོད། དེ་ནི་སྐབས་གང་རུང་ཞིག་གི་གནས་ཚུལ་ཡིན་ངེས་ཏེ། «པདྨ་བཀའ་ཐང»དུ“སྐ་བ་དཔལ་བརྩེགས་གསང་སྔགས་ཕྱི་པ་བསྒྱུར༔ བྱ་རྒྱུད་ཀྲཱི་ཡ་སྡེ་དྲུག་སྡེ་ལྔ་དང་༔ གཉིས་སྤྱོད་ཨུ་པ་ཡ་ཡི་རྒྱུད་བཞི་དང་༔ རྣལ་འབྱོར་ཡོ་གའི་རྒྱུད་སྐོར་མ་ལུས་བསྒྱུར༔”[30]ཅེས་གསལ་བ་ལ། ཉང་ཉི་མ་འོད་ཟེར་གྱིས་ཚིག་དེ་ཇེ་གསལ་དུ་བཏང་ནས“སློབ་དཔོན་བོ་དྷི་ས་ཏྭ་དང་ལོ་ཙཱ་བ་འབྲོ་སྐ་བ་དཔལ་བརྩེགས་ཀྱིས་རིག་སྔགས་ཕྱི་མ་རྣམས་བསྒྱུར་ཏེ། དེ་ལ་ཡང་ཀྲི་ཡའི་ཆོས་བྱ་བ་སྤྱིའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་ཀྲི་ཡ་དཔུང་བཟངས་ཀྱི་རྒྱུད། རིགས་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ཕྱག་ན་རྡོ་རྗེ་དབང་གི་རྒྱུད། རིགས་སྔགས་ཐམས་ཅད་ཀྱི་གསང་བ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་སིདྷི་ཀ་རའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་ཕྲིན་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དང་དྲུག་གོ །བྱ་བ་བྱེ་བྲག་གི་རྒྱུད་ནི། ……དེ་རྣམས་གསང་སྔགས་ཕྱིའི་རྒྱུད་དོ། མཁན་པོ་བོ་དྷི་ས་ཏྭ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །རྒྱ་དཔེ་རྣམས་བསམ་ཡས་ན་གཏེར་དུ་སྦས་ནས་ཡོད་དོ”[31]ཞེས་བསྟན་ཡོད་ལ། ཀློང་ཆེན་རབ་འབྱམས་པས་ཀྱང་དེ་ཇི་བཞིན་དུ་གསུངས་འདུག །”[32]སྐ་ཅོག་ཞང་གསུམ་ཞེས་ཡོངས་གྲགས་སུ་ཁོང་ཅག་ཚད་ཐིག་གཅིག་གི་སྟེང་ནས་གླེང་མོད། “ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་གྲངས་འབོར་ལོ་ཙཱ་བ་དཔལ་བརྩེགས་ཀྱི་བཞི་ཆ་གཅིག”[33]ལས་མེད་ཅིང་། ཁོང་ཅག་གི་འགྱུར་བཟང་བས། “ལར་བར་སྐབས་ཀྱི་ལོ་ཙཱ་བ་དག་གིས་རྒྱ་དཔེའི་ཚིག་གི་རིམ་པ་ཙམ་དུ་བཀྲལ་ནས་བསྟན་པ་སྔ་དར་གྱི་ཚེ་ན་བྱོན་པའི་སྤྲུལ་པའི་ལོ་པཎ་ཆེན་པོ་རིག་པའི་གནས་ལྔ་ལ་མཁས་ཤིང་དོན་འགྱུར་སྒྲ་ཇི་བཞིན་པས་གསུང་རབ་ཆུད་མི་གསན་པ་རྣམས་ལ་བསྟིང་ཚིག་ཏུ་སྨྲ་མོད་ཀྱི། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ལྟ་བུས་ཀྱང་རྒྱན་ལ་གཞི་འགྱུར་མཛད་པས། སྦྱིན་པའི་ཕར་ཕྱིན་ལ། སྐྱེ་མེད་ཀྱི་ཡི་གེས་མགོ་དྲངས་པའི་རཀྟའི་སྒྲ་ལན་གསུམ་བསྒྱུར་བའི་སྐབས་མ་རྙེད། སྐ་བ་དཔལ་བརྩེགས་ཀྱིས་སྔ་འགྱུར་ལ་མ་ཆགས་མི་ཆགས་ཆགས་པ་མེད་པའི་རང་བཞིན་སྦྱིན་པའི་ཕར་ཕྱིན་ལ་སྦྱར་བ་སོགས་དོན་འགྱུར་གྱི་ཁྱད་པར་གཟིགས......ནས། ......སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན། །……ཁོ་བོ་ཡང་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་གཟུ་བོའི་ཐུགས་ཀྱི་བསྔགས་པ་མཛད”དོ། །
       དེ་ཡང་སྐ་བ་དཔལ་བརྩེགས་ཀྱི་བོད་འགྱུར་བརྩམས་ཆོས་ཏེ། ཁོང་གིས་བསྒྱུར་བའམ། ཞུས་ཆེན་བཏང་བ། ཡང་ན་བསྒྱུར་ཅིང་ཞུས་པའི་ཆོས་ཚན་ལ་མདོ་སྡེ་དང་རྒྱུད། བསྟོད་པ། སྤྲིངས་ཡིག །སྐྱེས་རབས། དབུ་མ། ཤེར་ཕྱིན། སེམས་ཙམ། མངོན་པ། ཚད་མ། འདུལ་བ། སྣ་ཚོགས་བཅས་གང་མང་ཡོད་པ་ལས། དེང་སྐབས་བཀའ་བསྟན་འགྱུར་ཁྲོད་མཐོང་ཐུབ་པ་དག་རགས་རྩིས་ཙམ་བྱས་ན་གཤམ་གསལ་རེའུ་མིག་ལྟར་ཏེ།
དྲུག་པ། ཕྱིས་བྱུང་ལོ་ཙཱ་བ་དག་ལ་མ་ནོར་གཞུང་བཟང་བསྟན་པ།
       1. «བྱེ་བྲག་རྟོགས་བྱེད་ཆེན་མོ»ནི་བཙན་པོའི་དུས་སྐབས་སུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་བསྒྲིགས་པའི་སཾ་བོད་ཤར་སྦྱར་གྱི་མིང་མཛོད་ཐོག་མ་ཡིན་ཞིང༌། ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས། སྡེ་དགེ་པར་མའི་བསྟན་འགྱུར་དང་ཕོ་ལྷ་པའི་གསེཪ་བྲིས་བསྟན་འགྱུར་པར་མ་སོགས་ཀྱི་མཇུག་བྱང་དུ་མིང་མཛོད་འདིའི་སྒྲིག་པ་པོ་སུ་ཡིན་དང་དུས་ནམ་ཞིག་ལ་བསྒྲིགས་པ་མི་གསལ་མོད། 2018ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི«སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ»རུ། “ཤུང་ཡ་ལིའི་མཁས་པ་ཇའོ་མ་ཞུ་བས་མཛད་པའི་སཾ་བོད་དབྱིན་གསུམ་ཤན་སྦྱར་གྱི་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེན་མོའི་ཚིག་མཛོད་ཅེས་པའི་ནང་བསྟན་འགྱུར་པེ་ཅིང་པར་མའི་མཇུག་བྱང་ཞེས་པ་ལུང་དུ་དྲངས་ནས་འདི་ལྟར་གསུངས་ཏེ། དུས་རབས་བཅོ་བརྒྱད་པར་པར་སྐྲུན་བྱས་པའི་པེ་ཅིང་བསྟན་འགྱུར་པར་མ་ལྟར་ན། བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེན་མོ་ནི་དུས་རབས་དགུ་པར་བོད་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་པཎྜི་ཏའམ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཛྙ་ན་སེ་ན(ཡེ་ཤེས་སྡེ)བཅས་གསུམ་གྱིས་ཐོག་མར་ལེགས་སྒྲིག་མཛད་པ་ཞིག་རེད”[34]ཅེས་གསལ་བས། སྡེ་ཚན276ལྷག[35]དང་ཐ་སྙད་མི་འདྲ་བ9565ཙམ་སཾ་བོད་ཤར་སྦྱར་དུ་བྲིས་ནས། ནང་པའི་ཆོས་གཞུང་ཁོ་ན་ཙམ་མིན་པར། རྒྱ་གར་ལོ་རྒྱུས་ཐོག་གི་རྒྱལ་རབས་རིམ་བྱོན་དང་མི་སྣ་གྲགས་ཅན། གཞན་ཡང་སྲོག་ཆགས་དང་རི་ཆུ་ནགས་ཀླུང་། རྩྭ་རྩི་ཤིང་། ཡུལ་དང་རིན་པོ་ཆེའི་མིང༌། གྲངས་དང་གྲངས་གནས། སྒྲ་ཚད་བཟོ་གསོ་སྐར་རྩིས་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་ཐ་སྙད་དམ་ཐུན་མོང་རིག་གནས་ཀྱི་སྐོར་ཡང་བསྟན་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་ཐོག་མ་དང་། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི«བོད་ཀྱི་སྐད་ལས་གསར་རྙིང་བརྡའི་འི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང»དང་། མཆིམས་ནམ་མཁའ་གྲགས་ཀྱི«སྣར་ཐང་བརྒྱ་རྩ» དཔལ་ཁང་ལོ་ཙཱ་བའི«དག་ཡིག་ངག་སྒྲོན» ཞ་ལུ་ལོ་ཆེན་གྱི«དག་ཡིག་ཟ་མ་ཏོག» མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི«ཉེ་བར་མཁོ་བའི་ལེགས་སྦྱར་གྱི་སྐད་བོད་ཀྱི་བརྡ་ཀཱ་ལིའི་ཕྲེང་བསྒྲིགས་ངོ་མཚར་ནོར་བུའི་དོ་ཤལ»ལྕང་སྐྱ་རོལ་པའི་རྡོ་རྗེའི«དག་ཡིག་མཁས་པའི་འབྱུང་གནས»དགེ་བཤེས་ཆོས་གྲགས་ཀྱི«བརྡ་དག་མིང་ཚིག་གསལ་བ»སོགས་བོད་ཀྱི་ཕྱིས་བྱུང་གི་མིང་མཛོད་དང་དག་ཡིག་ཚད་ལྡན་མང་པོའི་མིང་བརྡའི་འབྱུང་ཁུངས་སུ་གྱུར་པའི་མིང་མཛོད་གྲགས་ཅན་འདི་ཡང་སྐ་བ་དཔལ་བརྩེགས་སོགས་ཀྱིས་བསྒྲིགས་པ་གསལ།
       2. ཡིག་ཚངས་ཁ་ཤས་སུ«སྒྲ་སྦྱོར་བམ་གཉིས»ཀྱང་སྐ་བ་དཔལ་བརྩེགས་སོགས་ཀྱིས་མཛད་པར་བཤད་མོད། སྐབས་དེར་ཁོང་འགན་ལེན་པ་གཙོ་བོ་མིན་པས་སོགས་སྒྲའི་ཁོངས་སུ་བསྡུས་པ་ཡིན་ནམ། གང་ལྟར«སྒྲ་སྦྱོར་བམ་གཉིས»ཀྱི་དབུ་དང་མཇུག་བྱང་དུ་གསལ་བའི་ལོ་ཙཱ་བའི་ཁྲོད་ཁོང་གི་མཚན་ཡིག་དངོས་སུ་མི་གསལ། འོན་ཀྱང«སྒྲ་སྦྱོར་བམ་གཉིས»ཀྱི་མཇུག་བྱང་གི་གོང་དུ“བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ། བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ༌། བཱ་ཙ་བྱུཏྤ་ཏ་སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ། །ཆེན་པོའི་དཀའ་བའི་གནས་དང་སྒྲའི་གཞུང་དང་སྦྱར་ཏེ་བཤད་པའི་ཡིན་ནོ། །”[36]ཞེས«སྒྲ་སྦྱོར་བམ་གཉིས»ནི«བྱེ་བྲག་རྟོགས་བྱེད»ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི་འབྲིང་བ་དང«བྱེ་བྲག་རྟོགས་བྱེད་ཆེན་པོའི»དཀའ་འགྲེལ་ཡིན་ཚུལ་དངོས་སུ་བསྟན་ཅིང་། «སྒྲ་སྦྱོར་བམ་གཉིས»གཏན་འབེབས་བྱེད་དུས་དེར«བྱེ་བྲག་རྟོགས་བྱེད་ཆེན་པོ»དང«བྱེ་བྲག་རྟོགས་བྱེད་ཆུང་ངུ»གཉིས་ཀྱང་གཏན་འབེབས་བྱས་ཡོད་པ་ཤུགས་སུ་བསྟན། “སྒྲ་སྦྱོར་བམ་པོ་གཉིས་པའི་ནང་ཆོས་ཀྱི་རྣམ་གྲངས་ཁྱོན་བཞི་བཅུ་ཞེ་བདུན་ཙམ་བསྡུས་ཡོད་པ་སོ་སོར་ལེགས་སྦྱར་དང་བོད་ཡིག་ཐོག་ནས་འགྲེལ་པ་རེ་བརྒྱབ་ཡོད་ཅིང༌། སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོའི་ནང་སྒྲ་སྦྱོར་བམ་གཉིས་ཀྱི་ནང་དུ་བསྡུས་པའི་ཆོས་ཀྱི་རྣམ་གྲངས་དེ་རྣམས་ཀྱི་ཁར་རྣམ་གྲངས་གཞན་ཉིས་བརྒྱ་སུམ་ཅུ་ལྷག་ཙམ་ཁ་སྣོན་གྱིས་ཕྱོགས་སྒྲིག་མཛད་འདུག”[37]སྟེ། «སྒྲ་སྦྱོར་བམ་གཉིས»ལ་ལོ་ཙཱའི་གཞུང་ལུགས་དང་སཾ་བོད་ཤན་སྦྱར་བཅས་ནང་ཚན་གཉིས་ཡོད་པའི་སཾ་བོད་ཤན་སྦྱར་གྱི་ཁག་དེ«བྱེ་བྲག་རྟོགས་བྱེད་ཆེན་མོ»རུའང་བསྡུས་ཡོད་པས། «བྱེ་བྲག་རྟོགས་བྱེད་ཆེན་མོ»སྒྲིག་འབྲི་དང་གཏན་འབེབས་བྱེད་མཁན་ཡིན་པའི་ཆ་ནས་སྐ་བ་དཔལ་བརྩེགས་ནི«སྒྲ་སྦྱོར་བམ་གཉིས»གཏན་འབེབས་ཀྱི་ལས་གཞིར་ཡང་ཞུགས་ཡོད་ངེས།
བདུན་པ། སྔར་བསྒྱུར་ཡིག་ཆར་མི་འཁྲུག་པའི་དཀར་ཆག་བཅོས་པ།
       དཀར་ཆག«ལྡན་དཀར་མ»དང་།«མཆིམས་ཕུ་མ»«འཕང་ཐང་མ»བཅས་ཞུས་ཆེན་བཏང་ཟིན་པའི་བོད་འགྱུར་ཆོས་ཚན་ཁག་གི་མཚན་བྱང་དང་ཤོ་ལོ་ཀ །བམ་གྲངས་བཅས་གསལ་བར་བཀོད་པའི་བསྟན་པ་སྔ་དར་སྐབས་ཀྱི་དཀར་ཆག་ཆེན་མོ་གསུམ་མམ། བོད་ཀྱི་དཀར་ཆག་ཐོག་མར་གྱུར་ནས་བཀའ་བསྟན་འགྱུར་དང་བཅས་པའི་ཕྱིས་ཀྱི་དཀར་ཆག་དག་གི་སྒྲིག་གཞི་ལའང་ཐད་ཀར་དུ་ཤུགས་རྐྱེན་ཐེབས་པའི་དཀར་ཆག་གལ་ཆེན་འདི་གསུམ་ཡང་། དོན་དུ་སྐ་བ་དཔལ་བརྩེགས་སོགས་ཀྱིས་གཙོ་འགན་བཞེས་ནས་ཕྱོགས་བསྒྲིགས་དང་གཏན་འབེབས་མཛད་པ་ཡིན་ཏེ།
       1.“བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མཚན་བརྒྱ་རྩ་བརྒྱད་དང་། བསྟོད་པ་དང༌། སྨོན་ལམ་དང༌། བཀྲ་ཤིས་དང༌། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་ཊཱི་ཀཱ་དང༌། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡི་གེ་དང་། རྣམ་པར་ཤེས་པའི་བསྟན་བཅོས་དང༌། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཟློ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་་ལ་ཕབ་ནས་ཡི་གེར་བྲིས་པ”[38]ཞེས་དཀར་ཆག་རང་དུ་གསལ་བ་བཞིན། «ཕོ་བྲང་སྟོད་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས»ཞེས་པའམ། ད་ལྟ་ཡོངས་གྲགས་སུ«དཀར་ཆག་ལྡན་དཀར་མ»རུ་འབོད་པ་འདི་ནི་སྐ་བ་དཔལ་བརྩེགས་དང་བནྡེ་ཀླུའི་དབང་པོ་གཙོས་པའི་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་རྣམས་ཀྱིས་ཕྱོགས་བསྒྲིགས་དང་གཏན་འབེབས་མཛད་པ་ཡིན་ཏེ། ས་འབྲུག་ལོའམ་སྤྱི་ལོ788ལོར་ཁྲི་སྲོང་ལྡེ་བཙན་གྱི་བཀའ་བཞིན་སྔར་བསྒྱུར་བའི་གསུང་རབ་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལ་ཤོ་ལོ་ཀ་དང༌། བམ་པོའི་གྲངས་གཏན་ལ་ཕབ་སྟེ་ཞུས་ཆེན་ཟིན་ཏོ་ཅོག་གི་མཚན་བྱང་ཕོ་བྲང་ལྷན་དཀར་དུ་དཀར་ཆག་ཏུ་བཏབ་ཅིང་གཏན་ལ་ཕབ[39]ནས། ཕྱོགས་བསྒྲིགས་དང་གཏན་འབེབ་མཛད་ཅིང༌། ད་ལྟའང་བསྟན་མཇལ་དཀའ་བས། དེའི་ནང་ཕྱོགས་བསྒྲིགས་དང་གཏན་འགྱུར་ཁྲོད་དུ་བཞུགས།
       2.དེང་སྐབས«དཀར་ཆག་མཆིམས་ཕུ་མ»དངོས་སུ་འབེབས་བྱས་པའི་འགྱུར་གྱི་གནས་ཚུལ་དང༌། སྒྲིག་པ་པོ་དང་བསྒྲིགས་པའི་དུས་ཚོད་སོགས་གཏན་ཁེལ་བྱེད་དཀའ་ཡང་། དུས་རབས་བཅུ་གཉིས་པའི་ནང་བརྩམས་པའི་ཡིག་རྙིང་སྔ་གྲས«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དུ“ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་བསྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། ......དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ”[40]ཞེས་དང་། སྤྱི་ལོ1376ལོར་བརྩམས་པའི«ཡར་ལུང་ཇོ་བོའི་ཆོས་བསྟན་བཅོས་དུ་མ་བསྒྱུར་ཞིང་། དེ་དག་ལའང་ལྷད་ཞུགས་ཏེ། ལོ་ཙཱ་བ་དཔལ་བརྩེགས་ལ་སོགས་པས་ཆོས་ཀྱི་རྣམ་གྲངས་འབྱུང»དུ“ཆོས་རྒྱལ་མེས་དབོན་གསུམ་པོ་འདིའི་རིང་ལ་བཀའ་ཀྱིས་དོགས་ནས་བཙན་པོ་མེས་དབོན་གྱིས་བཀའ་བསྩལ་རྣམས་ཀྱི་བརྗེད་བྱང༌། བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་མཚན་དང༌། གཞུང་ཚད་གོ་རིམ་ལ་སོགས་པ་གཏན་ལ་ཕབ་སྟེ་དཀར་ཆག་ཏུ་བཀོད་པ། ཕོ་བྲང་ཆེན་པོ་སྟོང་ཐང་འདུན་དཀར་དང་། བསམ་ཡས་མཆིམས་ཕུ་དང་། འཕང་ཐང་རྣམས་སུ་བརྩིགས་ཏེ་བཀའ་ཆེམས་ཀྱི་ཟླ་མ་བཞག་གོ”[41]ཞེས་གསལ་བ་བཞིན། བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཕལ་ཆེ་བར་ཁྲི་རལ་པ་ཅན་གྱི་རིང་ལ་སྔོན་གྱི«དཀར་ཆག་ལྡན་དཀར་མ»ཡི་སྟེང་ལ«དཀར་ཆག་མཆིམས་ཕུ་མ»དང«དཀར་ཆག་འཕང་ཐང་མ»གཉིས་གསར་དུ་བྲིས་ཏེ་བཙན་པོའི་དུས་སྐབས་ཀྱི་དཀར་ཆག་ཆེན་པོ་གསུམ་གྲུབ་པར་བྱས་པ་དང༌། དེ་གསུམ་ག་འབྲི་དུས་ཀྱང་སྐ་བ་དཔལ་བརྩེགས་ནི་དཀར་ཆག་འབྲི་མཁན་གྱི་མི་སྣ་གཙོ་བོ་ཡིན་ཚུལ་ཚིག་ཟིན་དུ་གསལ།
       «དཀར་ཆག་མཆིམས་ཕུ་མ»དང«དཀར་ཆག་འཕང་ཐང་མ»གཉིས་ལས་གང་སྔ་བ་ཆོས་འབྱུང་ཕལ་མོ་ཆེའི་ཚིག་ཟིན་དུ་མ་གསལ་ཡང་། འབྲི་བརྗོད་ཀྱི་གོ་རིམ་ལྟར་ན«དཀར་ཆག་མཆིམས་ཕུ་མ»སྔ་བར་བསྟན་པ་ལ། སྤྱི་ལོ1322ལོར་བརྩམས་པའི«བུ་སྟོན་ཆོས་འབྱུང»གི«བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས»བསྟན་པའི་མཇུག་བྱང་དུ།“དེ་ལྟར་མདོ་སྡེ་དང་། རྒྱུད་སྡེ་དང་། དེ་དག་གི་དགོངས་འགྲེལ་རྒྱ་གར་དང་། ཁ་ཆེ་དང༌། གསེར་གླིང་དང༌། སིངྒ་གླིང་དང༌། ཨུ་རྒྱན་དང༌། ཟ་ཧོར་དང་། བལ་པོ་དང་། ལི་དང་། རྒྱ་དང་། བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པ་དང་བསྒྱུར་བའི་རྣམ་གྲངས་རྣམས། ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང༌། དེའི་རྗེས་ཀྱི་བསམ་ཡས་མཆིམས་ཕུའི་དཀར་ཆག་དང༌། དེའི་རྗེས་ཀྱི་འཕང་ཐང་ཀ་མེད་ཀྱི་དཀར་ཆག་དང༌། ……ཀླུ་མེས་ལ་སོགས་པའི་མདོ་རྒྱུད་ཀྱི་རྣམ་དབྱེ་དང་ཁྲིགས་ཀྱི་དཀར་ཆག་ལ་སོགས་པ་གཞིར་བྱས་ནས། དེའི་སྟེང་དུ……བསྣན་ནས་དཀར་ཆག་ཏུ་བྲིས་པའོ། །”[42]ཞེས་བུ་སྟོན་རིན་ཆེན་གྲུབ་ཁོང་ཉིད་ཀྱིས་བཀོད་པའི་དཀར་ཆག་འདི་ནི་བསྟན་པ་སྔ་དར་སྐབས་ཀྱི་དཀར་ཆག་ཆེན་པོ་གསུམ་དང་བཅས་པ་གཞིར་བཟུང་ནས་བྲིས་པ་དང༌། བསྟན་པ་སྔ་དར་སྐབས་ཀྱི་དཀར་ཆག་གསུམ་གྱི་སྔ་ཕྱིའི་བྱུང་རིམ་ཡང་ཐོག་མར«དཀར་ཆག་ལྡན་དཀར་མ»དང༌། དེ་ནས«དཀར་ཆག་མཆིམས་ཕུ་མ»དེ་ནས«དཀར་ཆག་འཕང་ཐང་མ»ཡིན་པར་བསྟན་པ་མ་ཟད། དེ་དག་རང་གིས་དངོས་སུ་མཐོང་ཞིང་དེ་དག་ལ་བརྟེན་ནས་དཀར་ཆག་འདི་བྲིས་ཚུལ་གསལ་པོར་བསྟན་ཡོད།
       3.“བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང༌། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཞིང་ཞུ་ཆེན་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང༌། ཤུ་ལོག་གི་གྲངས་སྒྲ་བསྒྱུར་བ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ་བཙན་པོ་ཁྲི་རལ་བ་ཅན་ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན་ཅེས་པའང་སྣང་ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང༌། བན་དྷེ་ཆོས་ཀྱི་སྙིང་པོ་དང༌། ལོ་ཙ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ། སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས། དྷ་རྨར་ཡང་བསྟུན་ནས། དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང་། སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས། བོད་ཁམས་སུ་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ[43]ཞེས་དང་།“བོད་ཡུལ་དུ་དམ་པའི་ཆོས་སྒྱུར་འཕྲོ་བསྒྱུར་ནས་ཞུ་ཆེན་སྐད་གསར་བཅད་གྱིས(ཀྱིས)གཏན་ལ་ཕབ་པའི་ལྷ་སྲས་ཁྲི་གཙུག་ལྡེ་བཙན་རལ་བ་ཅན། ……སྒྲ་སྒྱུར་གྱི་ལོ་ཚ་བ་ཙ་བ་ཆེན་པོ་སྐ་བ་དཔལ་བརྩེགས། ……”[44]ཞེས་དཀར་ཆག་རང་གི་དབུ་དང་མཇུག་བྱང་དུ་གསལ་བ་བཞིན། «དཀར་ཆག་འཕང་ཐང་མ»ནི་ལྕགས་ཁྱི་ལོའམ་སྤྱི་ལོ830ལོརཁྲི་རལ་པ་ཅན་གྱི་བཀའ་བཞིན། སྒྲ་སྒྱུར་གྱི་བླ་སྟེ་ལོ་ཙཱ་བ་ཐམས་ཅད་ཀྱི་མཆོག་གམ་གོང་མར་གྱུར་པའི་སྐ་བ་དཔལ་བརྩེགས་སོགས་ཀྱིས་ཕྱོགས་བསྒྲིགས་དང་གཏན་འབེབས་མཛད་ཚུལ་ཚིག་ཟིན་དུ་གསལ།
མཇུག་སྡུད་པ།
       དེ་ཡང་མི་རིགས་གཞན་གྱི་རིག་གནས་རང་ས་ཅན་དུ་བསྒྱུར་ཏེ་རང་གི་སྔར་ཡོད་རིག་གནས་ལ་བསྒྱུར་བཅོས་སམ་རིག་གནས་གསར་པ་བསྐྱར་སྐྲུན་བྱེད་པ་ལ། གཞན་གྱི་རིག་གནས་ཚུར་བསྒྱུར་བ་དང་བསྒྱུར་ཟིན་དག་རང་ས་ཅན་དུ་གཏོང་བའི་གོ་རིམ་གཉིས་ཡོད་པ་ལས། བཙན་པོའི་དུས་སྐབས་ནི་དུས་རིམ་དང་པོ་སྟེ། གཞན་གྱི་རིག་གནས་ཚུར་རང་སྐད་རང་ཡིག་ཏུ་བསྒྱུར་བའི་དུས་རིམ་དུ་ཡོད[45]པས། སྐབས་དེའི་རིག་གནས་ལེགས་བསྒྱུར་དང་བསྐྱར་སྐྲུན་གྱི་ལས་སྒོ་ཀུན་ལས་བཀའ་དྲིན་ཆེས་ཆེ་ཤོས་ནི་ལོ་ཙཱ་བ་དག་ཡིན་པ་ལ། སྐ་བ་དཔལ་བརྩེགས་ནི་དུས་ཀྱི་ཆ་ནས་ལོ་ཙཱའི་ལམ་སྲོལ་རྒྱ་ཆེར་འབྱེད་མཁན་གྱི་ཡིག་སྒྱུར་ལོ་ཙཱ་བ་སྔ་གྲས་སུ་གྱུར་ཡོད་པར་མ་ཟད། མི་ཚེ་གང་བོ་ལོ་ཙཱའི་བྱ་གཞག་ལ་བསྟིམས་ནས་རང་ཉིད་སྐུ་དངོས་ཀྱིས་འགྱུར་ལེགས་ཕོན་ཆེན་ཕྱི་རབས་པར་གསོས་སྐལ་དུ་བཞག་པ་དང༌། གཞན་གྱི་འགྱུར་ཡིག་ལ་ཞུས་ཆེན་བཏང་ནས“འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང༌། མ་གྲགས་པ་གཉིས། འགྱུར་ཆད་པ་དང་ལྷག་པ་གཉིས། འགྱུར་ལོག་པ་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོན་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས”[46]པ། པཎྜི་ཏ་གང་མང་གདན་དྲངས་ཤིང་རྒྱུན་འཛིན་གྱི་བུ་སློབ་བསྐྱངས་པ། ཀུན་གྱིས་ཁུངས་གཏུག་སར་གྱུར་པའི་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་བསྒྲིགས་པ། སྔར་བསྒྱུར་ཡིག་ཆར་མི་འཁྲུག་པའི་དཀར་ཆག་བཟོས་ནས་ཕྱི་རབས་ལོ་ཙཱ་བ་དག་སེམས་ངལ་ཆུང་བར་མཛད་པ་སོགས་ཕྱོགས་རེ་རེ་ནས་བསམས་ཀྱང་བཀའ་དྲིན་ཆེས་ཆེ་སྟེ། དེ་བས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས“བསྟན་པ་སྔ་དར་ལ། རྒྱལ་པོ་བཀའ་དྲིན་ཆེ་བ་སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་གསུམ། པཎྜི་ཏ་བཀའ་དྲིན་ཆེ་བ་མཁན་པོ་བོ་དྷི་ས་ཏྭ། ཨུ་རྒྱན་པདྨ། ཀཱ་མ་ལ་ཤཱི་ལ་གསུམ། ལོ་ཙཱ་བ་བཀའ་དྲིན་ཆེ་བ། ཐོན་མི། བཻ་རོ་ཙ་ན། ཀ་ཅོག་ཞང་གསུམ་དང་ལྔ་ལགས་སོ”[47]ཞེས། སྐ་བ་དཔལ་བརྩེགས་ནི་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་ལྔའི་གཅིག་ཏུ་བགྲངས་ཤིང་། ས་པཎ་གྱིས་སྡོམ་བརྩོན་དམ་པའམ་མེ་སྲུང་འཁོར་ལོར་གྲགས་པ་གསར་རྩོམ་གནང་ནས་བསྟན་པ་སྔ་དར་སྐབས་ཀྱི་འཐུས་ཚབ་རང་བཞིན་ཅན་གྱི་མི་སྣ་རླབས་ཆེན་དག་མཚོན་པ་ལ་ཡང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་མཚོན་བྱེད་ལ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ལས་གཞན་བགྲངས་མེད། གཞན་ཡང“ལོ་ཆེན་སྐ་བ་དཔལ་བརྩེགས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། ……བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་ཁམས་བོད་གཉིས་ཀར་དར་རྒྱས་ཆེ་གསུངས་རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད”[48]ཅིང༌། “གསུང་རབ་རིན་པོ་ཆེའི་གཏམ། ཕྱིའི་ཡུལ་དྲན་རྒྱུད་དུ་ཡོད་པར་འདོད་པ་སེལ་བ། མཚན་ཉིད་གསུམ་མདོར་བསྟན”[49]སོགས་གསུང་རྩོམ་ཡང་མཛད་མོད། སྐབས་སུ་མ་བབས་པས་འདིར་མི་སྤྲོའོ། །

ལུངས་འདྲེན་དཔྱད་ཡིག
[1] བསོད་ནམས། འཇང་རིགས་ཀྱི་ཡུལ་སྲོལ་དད་མོས་སྐོར་རགས་ཙམ་གླེང་བ། [J] རྩེར་སྙེག །2011(3).
[2][3] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1986: 402.
[4] ཁྲི་སྲོང་ལྡེ་བཙན་རིང་སད་མི་བདུན་རབ་ཏུ་བྱུང་བ་དང་། དེ་ནས“བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པ༔ ལོ་ཙཱ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་སྙམ༔ མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱི༔ ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི༔ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགས༔ བློ་གསལ་དབྱེར་ཞིང་དྲན་པ་གཞུངས་མང་བསྡུས༔”ཞེས་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ་དང་བརྒྱད་སྐྱེད་སྲིང་བྱས་ཚུལ་ནི«པདྨ་བཀའ་ཐང»དང«བཀའ་ཐང་སྡེ་ལྔ»«རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད»སོགས་ཡིག་རྙིང་མང་པོར་གསལ།
[5] ཡོངས་གྲགས་སུ་ཁོང་གི་ཡབ་ཀྱི་རུས་ནི་རུས་མིང་གནས་མིང་དུ་ཐོགས་པའི་སྐ་བ་ཡིན་པས། ཁོང་གི་མཚན་ལའང་སྐ་བ་དཔལ་བརྩེགས་ཞེས་འབོད་མོད། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»སོགས་ཡིག་རྙིང་རེ་འགར་འབྲོ་སྐ་བ་དཔལ་བརྩེགས་ཞེས་བྲིས་པ་ནི་བཙན་པོའི་སྐབས་སུ་འབྲོ་རུས་རྒྱུད་ཀྱི་དབང་ཤུགས་དང་སྙན་གྲགས་ཆེས་ཆེ་བས། ཁོང་གི་ཡུམ་གྱི་རུས་ཁོང་གི་རུས་མིང་གི་མགོར་སྦྱར་བ་ཡིན་ནམ་སྙམ་སྟེ། དེ་མིན་སྐ་བ་ནི་འབྲོ་ཡི་རུས་ཚན་ཞིག་ཡིན་པའི་ཁུངས་རྙེད་དཀའ།
[6] «པདྨ་བཀའ་ཐང»དུ“དེ་ནས་དམངས་ཀྱི་ཕྲུ་གུ་རིག་པ་ཅན༔ ཁ་སྤྲོ་བསང་ཞིང་སྐྱེ་མཆེད་དྭངས་པ་དང་༔ ཤེས་རབ་ཆེ་ཞིང་ཁ་ལྕེ་བདེ་བ་རྣམས༔ རྒྱ་གར་ཡུལ་དུ་སྒྲ་བསྒྱུར་སློབ་ཏུ་གཏོང་༔ འཕྲལ་སྐད་ཆོས་སྐད་ཐམས་ཅད་སློབ་པ་ལས༔ མཁན་པོས་སྒྲ་བསླབས་བསྒྱུར་དུ་བཅུག་པ་ནི༔……སློབ་དཔོན་ཆེན་པོ་པདྨས་སྒྲ་བསྒྱུར་བསླབས༔……སློབ་དཔོན་རྣམ་གཉིས་བཞད་ཅིང་ཕྱག་རྡེབ་མཛད༔ རྒྱལ་པོ་ཐུགས་མུག་མང་དུ་བཤུམ་པ་ཡིས༔”ཞེས་གསལ་བ་བཞིན། «གཉགས་སྟོན་པའི་གདུང་རབས་དང་གདན་རབས»སོགས་སུའང་དེ་ལྟར་འབྱུང་།
[7][8][10] གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པདྨ་བཀའ་ཐང༌། [Z] ལྷ་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2019: 214.217.218.
[9] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། བཀའ་ཐང་སྡེ་ལྔ། [G] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010: 112.
[11][27][29] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། (སྔོན་གྱི་གཏམ་མེ་ཏོག་ཕྲེང་བ) [G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005:23. 24. 32-33.
[12] དབའ་གསལ་སྣང་། དབའ་བཞེད་བཞུགས་སོ། །[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010: 48.
[13] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2005: 66.
[14][23][24][25] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང༌། 1986: 419.403.572.595.
[15][20][33][43] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010: 389. 389. 285-286. 389.
[16] སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2021: 118.
[17][18] སྟོབས་ལན། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། དེབ་གསུམ་པ། [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016: 576. 586.
[19] ཆོས་ཉིད་ཡེ་ཤེས། གཉགས་སྟོན་པའི་གདུང་རབས་དང་གདན་རབས། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1997: 67.
[21] གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པདྨ་བཀའ་ཐང་། [Z] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2019: 213-217.
[22][30] སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ། [M] ལ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011: 202.118-119.
[26] མཁས་པ་ལྡེའུ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] ལ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012: 301.
[28] «སྦ་བཞེད་ཞབས་བཏགས་མ»རུ“པཎྜི་ཏ་ཛི་ན་མི་ཏྲ་དང་། ཤྲི་ན་ལེན་ཏྲ་བོ་དྷི་དང་། དཱ་ན་ཤི་ལ་གསུམ་སྤྱན་དྲངས་ཏེ། སྒྲ་སྒྱུར་རྒྱ་གར་གླིང་དུ་རྐྱེན་བླ་ནས་སྦྱར་ནས། མེས་ཀྱི་ལྷ་ཁང་(བསམ་ཡས)ན་བཞུགས་པ་དང་། བོད་ཀྱི་ཡུལ་ན་ཡོད་པའི་གསུང་རབ་ཀྱི་དཔེ་མ་ལུས་པ་སྤྱན་དྲངས་ནས། སྒྲ་བསྒྱུར་ཏེ་སྒྲ་ཐམས་ཅད་རྒྱ་དཀར་པོའི་འགྱུར་དུ་བཅོས”ཞེས་གསལ།
[31] ངག་དབང་སྐལ་ལན་རྒྱ་མཚོ། བླ་མ་རོག་གི་བན་དེ་ཤེས་རབ་འོད། ཤེལ་དཀར་ཆོས་འབྱུང་དང་བླ་མ་རོག་གི་བན་དེ་ཤེས་རབ་འོད་ཀྱིས་མཛད་པའི་གྲུབ་མཐའི་ཆོས་འབྱུང་། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012: 293.
[32] གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པདྨ་བཀའ་ཐང་། [Z] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 2019: 218.
[34] ཀློང་ཆེན་རབ་འབྱམས་པ། ཀློང་ཆེན་ཆོས་འབྱུང་། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013: 251-252.
[35] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018: 202.
[36] འཇིགས་མེད་གླིང་པ། འཇིགས་མེད་གླིང་པའི་རྣམ་ཐར། [M] ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998: 13.
[37][40] བུ་ཆུང་ཚེ་རིང་གིས་སྒྱུར་སྒྲིག་བྱས། སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ། [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018: v-vi. x.
[38] «བྱེ་བག་རྟོགས་བྱེད་ཆེན་མོ»ལ་པར་གཞི་འགའ་ཡོད་པ་ལས། ནང་གསེས་སྡེ་ཚན་གྱི་མང་ཉུང་མི་འདྲ་སྟེ། ཉུང་བར276དང་མང་བར285བཞུགས།
[39] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2005: 204.
[41] «ཕོ་བྲང་སྟོད་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས»ཞེས་པ་ཡོངས་གྲགས་སུ«དཀར་ཆག་ལྡན་དཀར་མ»རུ་འབོད་པ་འདི་སྡེ་དགེའི་བསྟན་འགྱུར་ཤིང་པར་མའི་སྣ་ཚོགས་ཀྱི་པོད་ཆོ་པའི་ལྡེབ་ངོས206-310བར་བཞུགས།
[42] དཀར་ཆག་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་རིང་གཏན་ལ་ཕབ་ཚུལ་གྱི་འདོད་པ་གསུམ་ཡོད་མོད། «བུ་སྟོན་ཆོས་འབྱུང»དུ་གསལ་བའི་ཀུན་མཁྱེན་བུའི་བཞེད་པ་བཞིན་ཁྲི་སྲོང་ལྡེ་བཙན་རིང་ཡིན་པར་བྱས་ན་ལེགས་ཤིང་། འབྲུག་ལོ་འདི་བྱེ་བྲག་གི་ལོ་ཚིགས་གང་ཡིན་ཐད་ལྕང་ཆུང་བསོད་ནམས་ཚེ་རིང་གི་དཔྱད་པ་བཞིན་སྤྱི་ལོ788ལོར་བྱས་ན་ལེགས་སྙམ་སྟེ། ཞིབ་ཏུ«བོད་བཙན་པོའི་དུས་ཀྱི་བཀའ་བསྟན་དཀར་ཆག་ཆེན་མོ་གསུམ་ལ་དཔྱད་པ»ཞེས་པར་གཟིགས་རོགས། (ལྕང་ཆུང་བསོད་ནམས་ཚེ་རིང་། བོད་བཙན་པོའི་དུས་ཀྱི་བཀའ་བསྟན་དཀར་ཆག་ཆེན་མོ་གསུམ་ལ་དཔྱད་པ། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012<3>: 1-13)
[44] ཤཱཀྱ་རིན་ཆེན་སྡེ། ཡར་ལུང་ཇོ་བོའི་ཆོས་འབྱུང་། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012: 56-57.
[45] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991: 314
[46][47] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2005: 3.66.
[48] དེང་སྐབས་ཞིབ་འཇུག་པ་མང་པོས་དཀར་ཆག་འདི་མཛད་དུས་ཀྱི་ཁྱི་ལོ་ནི་ས་ཁྱི་ལོ་སྟེ། སྤྱི་ལོ818ལོར་ཡིན་པར་བཞེད་མོད། སྤྱི་ལོ818ལོར་ཁྲི་རལ་པ་ཅན་གྱིས་སྲིད་བསྐྱངས་ནས་ལོ་ངོ་གསུམ་ལས་འགོར་མེད་པས། ཡིག་རྙིང་མང་པོར་གསལ་བ་བཞིན་ལོ་ངོ་གསུམ་ནང་ལོ་ཙཱ་བ་གང་མང་རྒྱ་གར་དུ་མངགས་པ་དང་། པཎ་ཆེན་གང་མང་གདན་འདྲེན་ཞུས་པ། སྔར་མ་བསྒྱུར་པའི་ཆོས་བསྒྱུར་ཅིང་མ་འགྱུར་པ་བསྒྱུར་ནས་ཞུས་དག་གཏན་འབེེབས་གནང་བ། དེ་ནས་དཀར་ཆག་ཏུ་བསྒྲིགས་པ་སོགས་ལོ་ཙཱའི་བྱ་གཞག་འདི་འདྲ་མང་པོ་སྒྲུབ་ལོང་མེད་པས་ས་ཁྱི་ལོར་ཡིན་མི་སྲིད་ཅིང་། ཆུ་ཁྱི་སྟེ་སྤྱི་ལོ842ལོར་བཙན་པོ་གླང་དར་ཡང་གྲོངས་པས། ལྕགས་ཁྱི་ལོ་སྟེ་སྤྱི་ལོ830ལོ་ལས་འོས་མེད།
[49] དེ་ལྟར་ཡིན་ཚུལ་ནི་ཏུན་ཧོང་ཡིག་རྙིང་ཁག་དང་བཀའ་བསྟན་བོད་འགྱུར་མ་དག་གི་འགྱུར་བྱང་ལས་གསལ་ཞིང་། བསྟན་པ་སྔ་དར་རིང་གི་མཁས་པ་དག་ལ་སྒྱུར་རྩོམ་ལས་རང་རྩོམ་མེད་པ་ཙམ་དུ་སྣང་བའི་སྣང་ཚུལ་ལས་ཀྱང་མཐོང་ཐུབ།

རྩོམ་ཁུངས། ༢༠༢༥ལོའི་«མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།