སྟོབས་དང་རྩལ་གྱི་མཛེས་པ། གཅན་རང་སད།
རྩོམ་པ་པོ།:གཅན་རང་སད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-22 08:35:07
ཀློག་གྲངས།:
གངས་ལྗོངས་གླག་རྒོད་དངM2ལྒང་རྩེད་རུ་ཁག་གཉིས་ཀྱི་མཚན་ཚོགས་འགྲན་སྡུར་ཞིག་ལ་བལྟས་རྗེས་ཀྱི་མྱོང་སྣང་།
གློག་འོད་འཁྱུགས་སེ་འཁྱུགས།།
མི་ཚོགས་ཡོམས་སེ་ཡོམས།།
རུ་དར་ལྷབས་སེ་ལྷབས།།
སྐད་འབོད་འུར་སེ་འུར།།
ཀི་བསོ་ལྡི་རི་རི།།
ཐལ་སྒྲ་ཁྲོལ་ལོ་ལོ།།
བསྒྲགས་བྱང་ཡོ་རོ་རོ།།
རོལ་དབྱངས་མེར་རེ་རེ།།
ཚོགས་ར་ཡེངས་སེ་ཡེངས།།
ལྒང་སྟེགས་ལིངས་སེ་ལིངས།།
རྩལ་པ་མཆོངས་སེ་མཆོངས།།
བདེ་ལྕག་འཁྱུག་སེ་འཁྱུག།
ཁ་རླངས་ཐོལ་ལོ་ལོ།།
རྔུལ་ཆུ་ཤ་ར་ར།།
མིག་ཞགས་ཀྱུ་རུ་རུ།།
གསང་བརྡ་ཡ་ལ་ལ།།
སྤོ་ལོ་ཡེར་སེ་ཡེར།།
རྡོག་སྒྲ་ཐྲིག་སེ་ཐྲིག།
རྣམ་རིག་གྲིམས་སེ་གྲིམས།།
ཕྱག་རྒྱ་འཚུབ་སེ་འཚུབ།།
རྐན་སྒྲ་ཤུ་རུ་རུ།།
ལེ་ལན་ཅི་ལི་ལི།།
ལག་ངར་ཐ་ར་ར།།
རྔུལ་ནག་ཐོལ་ལོ་ལོ།།
ཤན་ཁ་དམ་སེ་དམ།།
སྐར་གྲངས་འཕར་སེ་འཕར།།
ཛ་དྲག་ལམ་སེ་ལམ།།
རྒྱལ་ཕམ་ཉེན་སེ་ཉེན།།
རྒྱུག་སྟངས་མདའ་ཡར་ཡར།།
མཆོང་གར་བྱ་འཕུར་འཕུར།།
འཕེན་རྩལ་གློག་འཁྱུག་འཁྱུག།
དཔའ་སྙིང་སྟག་ངར་ངར།།
འགྲན་རྩོད་ཧྲག་སེ་ཧྲག།
གདོང་གཏུགས་རྩུབ་སེ་རྩུབ།།
བྲང་རྒོད་ཐམས་སེ་ཐམས།།
དཔུང་ཤ་བུམས་སེ་བུམས།།
སོ་སྒྲ་ཡ་ལ་ལ།།
ཤ་གནད་ཐོ་རོ་རོ།།
ཕར་རྒོལ་ཕྱོ་ལ་ལ།།
རང་སྲུང་ཀྱིལ་ལི་ལི།།
ཁོག་སྟོད་ལྷབས་སེ་ལྷབས།།
རོ་སྨད་ལྡེམ་སེ་ལྡེམ།།
འཕྲོག་རྩོད་རེམས་སེ་རེམས།།
རྐང་ལག་མྱུར་སེ་མྱུར།།
མིག་འོད་ཀེམ་ཀེམ་ཀེམ།།
རྔུལ་ནག་ཏུག་ཏུག་ཏུག།
ཚོགས་ར་ཡོམ་ཡོམ་ཡོམ།།
དགོད་སྒྲ་སྐག་སྐག་སྐག།
འབོད་སྐུལ་འུར་ལྷང་ལྷང་།།
རྩེ་ར་འདར་ཡོམ་ཡོམ།།
སྐད་སྦུག་ཨག་ཆེམ་ཆེམ།།
ཤན་འབྱེད་གླ་ལྡིང་ལྡིང་།།
རྔུལ་ཁྲག་ཞམས་སེ་ཞམས།།
རྟིང་མ་ལྷམས་སེ་ལྷམས།།
ཕོ་ཤེད་ལྷང་སེ་ལྷང་།།
དཔའ་དར་བྲེམས་སེ་བྲེམས།།
རྒྱལ་རྔ་ཁྲོལ་ལོ་ལོ།།
ཀི་འབོད་འུ་རུ་རུ།།
སྙིང་ཁམས་ཡེ་རེ་རེ།།
གཟིགས་མོ་ཨ་ལ་ལ།།
སྐྱེམས་ཕུད་ཡམས་སེ་ཡམས།།
རྟགས་བུམ་ཁྲིགས་སེ་ཁྲིགས།།
ཁ་གཡང་ལྷུབས་སེ་ལྷུབས།།
དར་ཚོན་ལམ་སེ་ལམས།།
ཁ་བཏགས་སྤུངས་སེ་སྤུངས།།
རུ་དར་ལྡེམས་སེ་ལྡེམས།།
ངར་གླུ་ཡེམས་སེ་ཡེམས།།
ཐལ་སྒྲ་ཁྲོབས་སེ་ཁྲོབས།།
རྩོམ་ཁུངས། ༢༠༢༦ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པ།
རྩོམ་པ་པོ་ངོ་སྤྲོད།
ཨ་སྐྱེས་བྱམས་པ་དགེ་ལེགས། (པིར་མིང་། གཅན་རང་སད)ལགས་ནི་མཚོ་སྔོན་གཅན་ཚ་རུ་སྐྱེས་ཤིང་། སྤྱི་ལོ1987ལོ་ནས1990ལོའི་བར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་རུ་སློབ་གཉེར་མཛད། སྔ་གཞུག་ཏུ་རོང་པོ་དགོན་ཆེན་དང་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་སོགས་ནས་ཚད་མ་དང་དབུ་ཕར་གཙོ་བོར་གྱུར་པའི་ནང་དོན་རིག་པའི་ཆེད་ལས་སྦྱངས། སྤྱི་ལོ1997-2001བར་རི་བོ་རྩེ་ལྔ་དང་ཀྲེ་ཅང་ཏའོ་པོད་ཅཱང་སི་སོགས་ནས་བོད་རྒྱ་ནང་བསྟན་ཡིག་བསྒྱུར་ཕྱོགས་ལ་དོན་གཉེར་བྱས། སྤྱི་ལོ2003ལོ་ནས2009ལོའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་སྡུར་ཁང་དུ་བྱ་བ་བསྒྲུབས། སྤྱི་ལོ2010ལོ་ནས་བཟུང་སྔ་གཞུག་ཏུ་བོད་ལྗོངས་དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གི་ཁོངས་གཏོགས་མཐོ་སྒང་ཨ་མའི་སློབ་གླིང་གི་གདན་ཞུས་དགེ་རྒན་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་གི་དགེ་རྒན། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན་སོགས་ཀྱི་འགན་བསྣམས་མུས་སུ་མཆིས། ད་བར་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བོད་ཡིག་གི་དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་བརྩམས་ཆོས180ལྷག་སྤེལ་བ་དང་། སྤྱི་ལོ2016ལོར་ཚངས་སྲས་བུམ་པ་རྟགས་མའི་སྲོལ་རྒྱུན་སྙན་ངག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 2017ལོར་རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས། 2018ལོར་སྐབས་དགུ་པའི«སྦྲང་ཆར»རྩོམ་རིག་གསར་རྩོམ་གྱི་བྱ་དགའ་རེག སྔ་ཕྱིར«ཤམ་བྷ་ལའི་ཅོང་སྒྲ»དང«ལང་ཚོའི་ཞབས་རྗེས» «མི་ཡུལ་འགྲིམ་པའི་གད་རྒྱངས» «དབྱངས་ཅན་མ་འཚོལ་བ» «ཤིང་སྐྱ་ཆུ་རིས» «ཚངས་སྲས་མཆོད་པ» «ནོར་བུ་ཁྱུང་བསྐྱུགས» «མེ་ལོང་དགུ་རྡུང» «བོད་ཡིག་གི་བཀའ་བསྟན་ངོ་སྤྲོད་དྭངས་གསལ་ཤེལ་གྱི་མེ་ལོང» «བསྟན་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར་མ» «བོད་བརྒྱུད་ནང་བསྟན་ཆོས་སྤྱོད་ཆེན་མོ་རྒྱ་འགྱུར་མ» «རྗེ་བཙུན་ཡར་ཁ་རིན་པོ་ཆེའི་རྣམ་ཐར» «གསང་སྒྲོགས་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར»བཅས་པར་དུ་བསྐྲུན་མྱོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号