ངོས་དང་པོ > ལོ་རྒྱུས། > ས་གནས་ལོ་རྒྱུས། > ༄༅། །ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཙོང་ཀ་ཆེ་ཆུང་སྐོར་གྱི་དོགས་དཔྱོད།
༄༅། །ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཙོང་ཀ་ཆེ་ཆུང་སྐོར་གྱི་དོགས་དཔྱོད།
རྩོམ་པ་པོ།:གངས་འཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-20 08:35:09
ཀློག་གྲངས།:
༄༅། །ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཙོང་ཀ་ཆེ་ཆུང་སྐོར་གྱི་དོགས་དཔྱོད།
གངས་འཚོ།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་ད་ལྷའི་ཞིབ་འཇུག་པ་ཁ་ཅིག་གི་ཙོང་ཀ་ཆེ་ཆུང་ངོས་འཛིན་སྟངས་སྐོར་གྱི་ནོར་འཁྲུལ་ལ་དགག་བཞག་བྱས་པ་བརྒྱུད་ནས་མཁར་རྫོང་ཆེ་ཆུང་གཉིས་ཀྱི་གནས་གཞི་ངོ་སྤྲོད་དང་། རྒྱལ་རབས་ཆེན་མོ་གཉིས་ཀྱིས་དྲག་པོའི་དཔུང་སྟོབས་ལ་བརྟེན་ནས་ཙོང་ཀ་ཆེ་ཆུང་གཉིས་རེས་མོས་སུ་དབང་བསྒྱུར་བའི་དམིགས་ཡུལ་དང་སྐབས་དེའི་ཙོང་ཀའི་མི་སེར་གྱི་འཚོ་བའི་གནས་སྟངས་སོགས་ལ་དཔྱད་ཞིབ་བྱས་ཡོད།གནད་ཚིག ཙོང་ཀ་ཆེ་བ། ཙོང་ཀ་ཆུང་བ། དམག་རྟ། དཔྱ་ཁྲལ། ནང་ཆོས།
སྔོན་གྱི་ཡིག་ཚང་རྙིང་པ་ཁག་ནང་། སྤུ་རྒྱལ་བཙན་པོ་དག་གི་སྐུ་རིང་ལ་བྱུང་བའི་ས་མིང་རྙིང་པ་མང་པོ་ཞིག་བསྡུ་གཉེར་བྱས་ཡོད་ལ། ང་ཚོས་ས་མིང་རྙིང་པ་དེ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་ལྷ་བཙན་པོའི་སྐབས་ཀྱི་དམག་སྲིད་ཀྱི་འགྱུར་ལྡོག་དང་། དཔལ་འབྱོར་གྱི་ཁེ་ཕན། སྤྱི་ཚོགས་ཀྱི་ལམ་སྲོལ། ལོ་རྒྱུས་ཀྱི་སྣང་ཚུལ་སོགས་ཤེས་རིག་གི་སྒོ་སྣ་ཚོགས་པ་ཤེས་རྟོགས་བྱ་རྒྱུ་ནི་བོད་རིག་པའི་ཞིབ་འཇུག་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དྲན་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་སྔ་ནས་ཀྱང་། རྒྱལ་རབས་རྟོགས་པའི་ཡན་ལག་ཏུ་ཡུལ་གྱི་མིང་དང་རྒྱལ་བློན་གྱི་ཐ་སྙད་བཏགས་ཚུལ་སོགས་ལ་བསམ་པར་བྱ་གསུངས་པ་ལྟར། ཕྲན་ཆུང་གིས་གཤམ་གྱི་གླེང་གཞིར་བདམས་པའི་ཙོང་ཀ་ཆེ་ཆུང་གཉིས་ནི་ལྷ་བཙན་པོའི་སྐུ་རིང་ལ་བྱུང་བའི་ས་མིང་རྨ་མེད་པ་ཞིག་ཡིན་པ་མ་ཟད། སྤུ་རྒྱལ་དང་ཐང་གཉིས་ཀྱི་དམག་སྲིད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་མྱོང་བས། ཙོང་ཀ་ཆེ་ཆུང་གཉིས་ཀྱི་གནས་གཞི་ངོ་མ་འཚོལ་ཞིབ་དང་རྒྱལ་རབས་ཆེན་མོ་འདི་གཉིས་ཀྱིས་སྔ་ཕྱིར་དབང་སྒྱུར་སྐབས་ཀྱི་དམག་སྲིད་ཀྱི་དགོས་མཁོ་དང་ཡུལ་གྱི་གནས་སྟངས་སོགས་ངོ་སྤྲོད་ཡང་དག་པ་ཞིག་བྱ་ཐུབ་པ་བྱུང་ན། སྤུ་རྒྱལ་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་ཕྱོགས་ལ་གང་ལ་གང་འཚམ་གྱི་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་གདོན་མི་ཟ་སྙམ་ནས། ཆེད་རྩོམ་འདི་འབྲི་བ་ལ་སྤྲོ་བ་གཏིང་ནས་སྐྱེས་སོ། །
དང་པོ། ཙོང་ཀ་ཆེ་བ་གང་དུ་ཡོད་མེད་སྐོར།
༄༅། །ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཙོང་ཀ་ཆེ་ཆུང་སྐོར་གྱི་དོགས་དཔྱོད།ཙོང་ཀ་དང་ཙོང་ཀ་ཆེ་ཆུང་ཞེས་པ་ནི་མ་མཐའ་སྤུ་རྒྱལ་བཙན་པོའི་སྐུ་རིང་ལ་བྱུང་བའི་ས་མིང་ཅིག་ཡིན་པ་སྔོན་གྱི་ཡིག་ཚང་རྙིང་བ་དང་ལྷ་བཙན་པོའི་སྐུ་རིང་ལ་བཙུགས་པའི་རྡོ་རིང་སོགས་ལས་བྱུང་ཟིན་པས་ཐེ་ཚོམ་ཅི་ཡང་མེད། གནའ་བོའི་དུས་ནས་བཟུང་། ཙོང་ཀ་ནི་ཙོང་ཆུའི་འབབ་རྒྱུད་ཀྱི་ཡུལ་ལུང་ཅུང་རྒྱ་ཆེ་བ་ཞིག་ལ་ངོས་འཛིན་པ་ལ་གནའ་དེང་གི་བློ་གཟུ་བོར་གནས་པའི་མཁས་པ་དག་ཞལ་མཐུན་པར་སྣང་སྟེ། རྗེ་ངེས་དོན་ཆོས་ཀྱི་ཉི་མའི་ཞལ་ནས། “ཙོང་ཆུ་ཞེས་བྱར་གྲགས་པའི་ཀླུང་ཆེན་གྱིས། །གདགས་དང་སྲིབ་ཏུ་བགོས་པའི་འཛིན་མའི་ཁྱོན། །ཙོང་ཁ་ཞེས་གྲགས་སྐྱིད་པའི་ལྗོངས་ཤིག་མཆིས། །”[1]ཞེས་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཞལ་ནས། “མཚོ་སྔོན་གྱི་འགོ་ཚ་གན་ཐོ་ལོ་གེ་ཕྱོགས་ཀྱི་ཆུ་རྣམས་དང་། གཡོན་ངོས་ཀྱི་ཆུ་རྣམས་དཀར་ཐང་མར་ཁུའི་མཚོ་མོར་འབོད་པ་འོ་རོའི་ཆུ་འགག་ནས་ཕྱོགས་གཅིག་ཏུ་འདྲེས་པ་ལ་ཙོང་ཆུ་ཟེར། དེ་ལ་ལྷོ་བྱང་གཉིས་སུ་ཕྱེ་བའི་ས་ཁུལ་རྣམས་ལ་ཙོང་ཁ་དང་། དེའི་རི་རྒྱུད་ལ་ཙོང་ལ་དང་། ཙོང་ཁའི་སྐྱེས་རི་མཐོན་པོ་ཟེར།”[2]ཞེས་གསུངས་པ་སོགས་ལ་གཞིགས་ན། ཙོང་ཀ་ཞེས་པ་ནི་ཙོང་ཆུའི་འབབ་རྒྱུད་ལྟེ་བ་ཡིན་པའི་ཡུལ་ལུང་རྒྱ་ཆེ་བ་ཞིག་ལ་ངོས་འཛིན་གནང་ཡོད་པ་ཤིན་ཏུ་གསལ། བསྟན་པ་སྔ་དར་གྱི་ཡིག་ཚང་དང་རྡོ་རིང་ཡི་གེ་སོགས་སུ་ཙོང་ཀ་ཞེས་འབྲི་བ་རྒྱུག་ཆེ་ཞིང་། བསྟན་པ་ཕྱི་དར་གྱི་ཆོས་འབྱུང་དེབ་ཐེར་ཁག་ནང་ཙོང་ཁ་ཞེས་འབྲི་མཁན་ཤིན་ཏུ་མང་། ཙོང་ཀ་ནི་དོན་གྱིས་ཙོང་ཆུའི་འབབ་རྒྱུད་ལ་གོ་དགོས་པས་ཕྱི་མ་ནི་ད་ལྟ་ཡང་དག་པའི་འབྲི་སྟངས་སུ་ངོས་བཟུང་ནས་ཧ་ལམ་གཅིག་གྱུར་ལྟ་བུ་ཞིག་ཏུ་གྱུར་ཡོད་མོད། སྔོན་གྱི་འབྲི་སྲོལ་ལྟར་ན། ཙོང་ཀ་དང་ཙོང་ཁ་གཉིས་ཀྱི་གང་བྲིས་ཀྱང་དོན་ལ་འགལ་བ་ཅི་ཡང་མེད་དེ། བསྟན་པ་སྔ་དར་གྱི་ཡིག་ཚང་ཁག་ནང་། ཀ་དང་ཁ་གཉིས་གཅིག་ཚབ་གཅིག་གིས་བྱེད་པ་ལས་འབྲི་སྟངས་གཏན་ཁེལ་བ་ཞིག་མེད། དཔེར་ན། ཏུན་ཧོང་ཡིག་རྙིང་ནང་མཁར་ལྕགས་རྩེ་ལ་བཀར་ལྕགས་རྩེ་ཞེས་དང་། ནམ་མཁའ་ལ་ནམ་ཀ་ཞེས་བྲིས་པ་སོགས་མང་དུ་མཐོང་ཐུབ། དེ་བཞིན་དུ་ཆ་དང་ཅ་གཉིས་ཀྱང་འབྲི་སྟངས་གཏན་ཁེལ་པ་ཞིག་བྱུང་མེད་མོད། དེ་ནི་བཀས་བཅད་ཐེངས་གཉིས་པའི་རྗེས་སུ་རིམ་བཞིན་གཅིག་གྱུར་ཆགས་ཡོད་དེ། དཔེར་ན། རིན་ཅེན་ལ་རིན་ཆེན[3]ཞེས་འབྲི་སྟངས་གཏན་ཁེལ་མཛད་པ་ལས་རྟོགས་ཐུབ་ལ། ཀ་དང་ཁ་གཉིས་ཀྱང་རིམ་བཞིན་འབྲི་སྟངས་གཏན་ཁེལ་བྱུང་པ་དང་བསྟུན་ནས་སྔོན་གྱི་ཙོང་ཀ་ཞེས་པ་དེ་ད་ལྟའི་ཙོང་ཁ་ཞེས་པ་རུ་འབྲི་སྟངས་ཆགས་པ་ཞིག་ཡིན། དེར་བརྟེན་བསྟན་པ་ཕྱི་དར་གྱི་མཁས་པའི་གསུང་འབུམ་ཁྲོད་དུ་སྔར་སྲོལ་ལྟར་ཙོང་ཀ་ཞེས་བྲིས་པའང་མཐོང་རྒྱུ་ཡོད། ང་ཚོས་ཙོང་ཀ་ཞེས་པ་ནི་བཀས་བཅད་གཉིས་པའི་སྔོན་གྱི་འབྲི་སྟངས་དང་ཙོང་ཁ་ཞེས་པ་ནི་བཀས་བཅད་ཐེངས་གཉིས་པའི་རྗེས་ཀྱི་འབྲི་སྟངས་ཡིན་ཞེས་བརྗོད་ཆོག་པར་སྙམ། ཙོང་ཀ་དང་ཙོང་ཁ་གང་བྲིས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་སོང་འདུག་པས། ཙོང་ཆུའི་འབབ་རྒྱུད་དུ་གཏོགས་པའི་ཡུལ་ལུང་ལ་གོ་བ་བླངས་ན་མི་འགྲིག་པ་གང་ཡང་མེད། དེ་བཞིན་དུ་མཁར་ཙོང་ཀ་ཆེ་ཆུང་གཉིས་ཀྱང་ཙོང་ཀ་ཞེས་འབོད་པའི་ཙོང་ཆུའི་འབབ་རྒྱུད་དང་དེའི་ཉེ་འཁོར་ལ་འཚོལ་ཞིབ་བྱ་རྒྱུ་ནི་ཡང་དག་པའི་ཐབས་ལམ་ཞིག་ཡིན་མོད། དེང་སྐབས་ཙོང་ཀ་ཆེ་ཆུང་གཉིས་ངོས་འཛིན་སྟངས་ཐད་ལ་རྙོག་དྲ་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་དེ། ཏུན་ཧོང་ཞིབ་འཇུག་པ་མཱ་ཏུག་སོགས་ཀྱིས། ཙོང་ཀ་ཆེ་བ་ནི་ད་ལྟའི་ལུང་མདོ་རྫོང་གཙོ་བོར་གྱུར་བའི་ཙོང་ཆུའི་སྨད་རྒྱུད་ཀྱི་ས་ཆ་ནམས་དང་། ཙོང་ཀ་ཆུང་ངུ་ནི་ད་ལྟའི་སྟོང་སྐོར་རྫོང་གཙོ་བོར་གྱུར་བའི་ཙོང་ཆུའི་སྟོད་རྒྱུད་ཀྱི་ས་ཆ་ནམས་ལ་ངོས་འཛིན་བྱས་ཡོད།[4] ཡང་ཀྲུང་གོའི་ཞིབ་འཇུག་པ་ཀྲུ་ཆུ་ཡོན་གྱི་རྩོམ་ཡིག་ནང་། ཙོང་ཀ་ཆེ་བ་ནི་ཙོང་ཆུའི་མགོ་ཁུངས་ཡོད་སའི་མཚོ་སྔོན་པོའི་བྱང་རྒྱུད་ནས་ཙོང་ཆུའི་ཆུ་རྔ་རྨ་ཆུར་འདྲེས་མཚམས་ཀྱི་ཡུལ་ལུང་སྤྱི་ལ་ངོས་འཛིན་པ་དང་། ཙོང་ཀ་ཆུང་ངུ་ནི་ད་ལྟའི་སྟོང་སྐོར་རྫོང་ཡན་ཆད་ཀྱི་ཙོང་ཆུའི་འགྲམ་རྒྱུད་ཀྱི་ས་ཆ་ཆུང་ངུ་ཙམ་སྟེ་དོན་ལ་ཙོང་ཀ་ཆེ་བའི་ཁོངས་གཏོགས་ཀྱི་ས་ཆ་ཆུང་ངུ་ཙམ་ཡིན་པར་བཤད། ད་དུང་མི་འདྲ་བའི་ལྟ་ཚུལ་གཞན་འདོན་མཁན་ཀྱང་ཡོད་མོད། གོང་གསལ་གྱི་ལྟ་ཚུལ་འདི་གཉིས་ལ་རྗེས་སུ་འབྲང་མཁན་གྱི་མཁས་བླུན་མང་དུ་སྣང་བས་དཔེ་མཚོན་ཙམ་དུ་དྲངས་པ་ཡིན། གོང་གསལ་གྱི་བཤད་སྟངས་འདི་གཉིས་ཀྱི་གང་ལ་མཚོན་ན། ཙོང་ཀ་ཆེ་ཆུང་ཞེས་པ་ནི་ཙོང་ཆུའི་རྒྱུད་ཀྱི་ཡུལ་ལུང་ཆེ་ཆུང་མི་འདྲ་བ་གཉིས་ལ་ངོས་འཛིན་བྱས་ན་འགྲིག་འདུག་སྙམ་བཞིན་ཡོད་ལ། ཐ་ན་རང་རེའི་དེབ་དཀར་མཁན་པོ་ཡང་ཙོང་ཀ་ཆེ་ཆུང་ངོས་འཛིན་ཐད་ལ་དབུ་གདུགས་བཞིན་འཁོར་འདུག་གོ །[5]
ཏུན་ཧོང་ཡིག་རྙིང་གི་ཚིག་དངོས་ལ་བརྟགས་པའི་ཚེ་ན། གོང་གསལ་གྱི་ངོས་འཛིན་བྱེད་ཚུལ་གཉིས་ཀྱི་གང་ཡིན་ཀྱང་ནོར་འཕྱུག་གི་འགྲེལ་སྟངས་འབའ་ཞིག་ཡིན་པ་ཧ་གོ་ཐུབ་སྟེ། ཏུན་ཧོང་ཡིག་རྙིང་ནང་། “བློན་ཆེན་པོ་སྣང་བཞེར་ལས་སྩོགས་པས་རྒྱའི་མཁར་ཙོང་ཀ་ཆེན་པོ་དང་། སེག་ཤིང་ཀུན་གཉིས་ཕབ་པར་ལོ་གཅིག”[6]ཅེས་བྱུང་བ་ལས། ཙོང་ཀ་ཆེ་བ་ནི་ཙོང་ཆུའི་འབབ་རྒྱུད་ཀྱི་ཡུལ་ལུང་ཞིག་མ་ཡིན་པར། སྤུ་རྒྱལ་དང་ཐང་གིས་རྩོད་གཞིར་གྱུར་མྱོང་བའི་མཁར་རྫོང་ཞིག་གི་མིང་ཡིན་པ་ཤིན་ཏུ་གསལ་སྟེ། མཁར་ཙོང་ཀ་ཆེན་པོ་ཞེས་དངོས་སུ་བྱུང་བའི་ཕྱིར་རོ། །ཏུན་ཧོང་ཡིག་ཚང་ནང་། སྤྱི་རྒྱལ་གྱིས་མཁར་ཙོང་ཀ་ཆེ་བ་ཕབ་པའི་ལོ་གསུམ་པ་སྟེ་སྤྱི་ལོ759ལོར་ཙོང་ཀ་ཆུང་ངུ་ཕབ་ཚུལ་བཀོད་འདུག་པ་ལ་བལྟས་ན། དེ་ཡང་ཡུལ་ལུང་ཞིག་མ་ཡིན་པར་མཁར་རྫོང་ཞིག་གི་མིང་ཡིན་པ་ངེས་ཤེས་འདྲོང་ཐུབ། ང་ཚོས་ཙོང་ཀ་ཆེ་ཆུང་ནི་ཙོང་ཆུའི་འབབ་རྒྱུད་དུ་གཏོགས་པའི་ཡུལ་ལུང་ཆེ་ཆུང་མི་འདྲ་བ་གཉིས་མིན་པ་ཁ་ཚོན་བཅད་ཟིན་མོད། མཁར་རྫོང་དེ་གཉིས་ཀྱི་གནས་གཞི་ངོ་མ་གར་ཡོད་གསལ་ཁ་འདོན་རྒྱུ་ནི་ཤུལ་དུ་ལུས་པའི་གནད་དོན་ཞིག་གོ །
ཙོང་ཀ་ཆེ་ཆུང་གི་གནས་གཞི་རྙིང་བ་འཚོལ་ཞིབ་བྱེད་སྐབས་སྔར་བཞིན་རྒྱ་བོད་ཀྱི་ཡིག་ཚང་རྙིང་པ་ཁག་གཤིབ་བསྡུར་བྱ་རྒྱུ་ལས་ཐབས་ཤེས་ལེགས་པོ་གཞན་མ་མཆིས། ཡང་ཏུན་ཧོང་ཡིག་རྙིང་གི་ལོ་ཚིགས་གནད་བསྡུས་ལས་འདི་ལྟར་འབྱུང་སྟེ། སྤྱི་ལོ757ལོའི་དགུན་ཁར་མཁར་ཙོང་ཀ་ཆེ་བ་ཕབ་ཅེས་ཁ་གསལ་དུ་བསྟན་འདུག་ལ། རྒྱའི་ཡིག་ཚང«སྲིད་སྐྱོང་མེ་ལོང»ནང་། སྤྱི་ལོ757ལོའི་ཟླ་བཅུ་བར་སྤུ་རྒྱལ་གྱིས་ཞི་ཕིང་ཅུན(西平郡)ཕབ་ཚུལ་བྲིས་ཡོད།[7] གོང་གསལ་གྱི་ལུང་ཚིག་གཉིས་གཤིབ་བསྡུར་བྱས་པ་ཡིན་ན་གཅིག་མཚུངས་ཀྱི་ཆ་འདི་འདྲ་ཞིག་མཐོང་ཐུབ་སྟེ། གཅིག །སྤུ་རྒྱལ་གྱིས་ཕབ་པའི་མཁར་ཙོང་ཀ་ཆེ་བ་དང་ཞི་ཕིང་ཅུན་གཉིས་ཀྱི་གང་ལ་མཚོན་ན། སྤྱི་ལོ757ལོའི་དགུན་ཁར་ཕབ་ཡོད་པས། དུས་ཚོད་ཀྱི་ཆ་ནས་གཅིག་ཏུ་ཁེལ་ཡོད། གཉིས། ཙོང་ཀ་ཆེ་བ་དང་ཞི་ཕིང་ཅུན་གཉིས་ཀྱི་གནས་གཞི་མདོ་སྨད་ཙོང་ཆུའི་འབབ་རྒྱུད་དུ་གཏོགས་པ་རྒྱ་བོད་ཡིག་ཚང་རྙིང་པ་ཐམས་ཅད་ཞལ་མཐུན། གོང་གསལ་གྱི་རྒྱུ་མཚན་འདི་གཉིས་ལ་གཞིགས་ན། མཁར་ཙོང་ཀ་ཆེ་བ་དང་ཞི་ཕིང་ཅུན་གཉིས་ཀྱི་བར་ལ་མངོན་གསལ་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་མཐོང་ཐུབ་པས། ཙོང་ཀ་ཆེ་བའི་གནས་གཞི་འཚོལ་ཞིབ་བྱེད་པ་ལ་རྒྱའི་ཡིག་ཚང་ལས་བྱུང་པའི་ཞི་ཕིང་ཅུན་ནི་ཤེས་བྱེད་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ།
དུས་རབས་བདུན་པའི་སྟོད་ནས་བཟུང་། གསར་དུ་བཙུགས་མ་ཐག་པའི་ཐང་རྒྱལ་རབས་ཀྱི་དྲག་པོའི་དབང་ཤུགས་རིམ་བཞིན་མདོ་སྨད་ཀྱི་ལྟེ་བར་གྱུར་པའི་རྨ་ཆུའི་བྱང་རྒྱུད་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ཡུལ་ལུང་ཁག་དུ་སླེབས་ཤིང་། ཡུལ་ལུང་དེ་དག་ཏུ་གཉུག་མར་གནས་པའི་བོད་མི་རྣམས་དྲག་པོའི་དབང་བསྒྱུར་བྱེད་བདེ་བའི་ཆེད་དུ་དམག་སྡེ་ཆེན་པོ་བཅུ་བཙུགས་ཤིང་གཅིག་བསྒྱུར་གྱི་བཀོད་འདོམས་བྱེད་མཁན་གྱི་ཅེ་དོག་དཔོན་ཀྱང་བསྐོས་པ་རེད། རྒྱའི་ཡིག་ཚང«ཐང་ཡིག་རྙིང་མའི»ནང་བཀོད་པ་ལྟར་ན། དྲག་པོའི་གཞུང་དེའི་མིང་ལ་ལུང་ཡུག་ཅེ་དོག་ཧྲི(陇右节度使)ཞེས་འབོད་ལ། དེའི་ཁོངས་སུ་དམག་མི་ཁྲི་བདུན་ཡོད་པ་དང་། དཔོན་གཞུང་ནི་ཧྲན་ཀྲིག་མཁར་དུ་བཙུགས་ཡོད་པར་བཤད།[8] དེ་བཞིན་དུ་རྒྱ་ནག་གི་ཡིག་ཚང་རྙིང་པ«ཐུང་ཏེན»ཞེས་པའི་ནང་། ལུང་ཡིའུ་ཅེ་དོག་དཔོན་གཞུང(陇右节度使)དེ་ཞི་ཕིང་ཅུན(西平郡)ན་ཡོད[9]ཅེས་བྲིས་འདུག་ལ། ཡང་ཡིག་ཚང་ཁ་ཤས་ནང་། ཧོང་ཧྲོས་རྫོང(湟水县)[10]ཞེས་ཀྱང་འབྱུང་བས། གོང་གསལ་གྱི་ཡིག་ཆ་གསུམ་གྱི་བཤད་སྟངས་ཕར་བལྟས་ཚོད་ཀྱིས་ཕན་ཚུན་འགལ་བ་ལྟག་སྤྲོད་ལྟ་བུར་སྣང་མོད། བཤད་སྟངས་མི་འདྲ་བ་ཙམ་ལས་དོན་ལ་འགལ་བ་ཅི་ཡང་མེད་དེ། ཐང་རྒྱལ་རབས་ཡར་སྔོན་ནས་བཟུང་། རྒྱའི་ཡིག་ཚང་ཁག་ནང་བཀོད་པ་ལྟར་ན། སྐབས་རེར་ཧོང་ཧྲོས(湟水)དང་སྐབས་རེར་ཞི་ཕིང་ཅུན(西平郡)ཞེས་བཏགས་ཤིང་། ཐང་རྒྱལ་རབས་ཀྱི་ཝུའུ་ཏེ་ཁྲི་ལོ་གཉིས(སྤྱི་ལོ619)པར་ཧྲན་ཀྲིག(鄯州)ཅེས་བཏགས་པས། དོན་ལ་དེ་གསུམ་ས་གཅིག་གི་མིང་གི་རྣམ་གྲངས་ལྟ་བུར་གྱུར་ཡོད། རྒྱ་ནག་གི་ཡིག་ཚང་ནང་སྤུ་རྒྱལ་གྱིས་སྤྱི་ལོ757ལོར་ཞི་ཕིང་ཅུན་ཕབ་པ་དེ་ནི་དོན་ལ་ཐང་གི་ཧྲན་ཀྲིག་མཁར་ཞེས་པ་ཡིན་པར་ངོས་བཟུང་ན་འགལ་བ་ཅི་ཡང་མེད། དེ་ནི་ཐང་གིས་བཙུགས་པའི་ལུང་ཡིའུ་ཅེ་དོག་ཧྲིའི་དཔོན་གཞུང་ཡོད་ས་ཡིན་པས། སྤུ་རྒྱལ་གྱི་དམག་སྣ་ཤར་ཕྱོགས་སུ་འཁོར་སྐབས་དེ་ནི་དམིགས་འབེན་གཙོ་བོ་ཞིག་ཅི་ལ་མིན། ང་ཚོས་འཚོལ་བཞིན་པའི་མཁར་ཙོང་ཀ་ཆེ་བའི་གནས་གཞི་ཡང་དེ་ཡིན་པ་དོན་གྱིས་གོ་ཐུབ། ངོ་མཚར་བའི་གནས་ཚུལ་ཞིག་ཡོད་པ་ནི།«སུང་རྒྱལ་རབས་ཀྱི་དེབ་ཐེར»ནང་བཀོད་པ་ལྟར་ན། བོད་སིལ་བུའི་དུས་སུ་ཙོང་ཀའི་རྒྱལ་ཐོག་དང་པོ་ཁྲི་ལྡེ་མདོ་སྨད་དུ་ཕེབས་ནས་རྒྱལ་སྲིད་སྐྱོང་སྐབས། ཡུལ་འདི་རུ་ཙོང་ཀ་མཁར་བྱ་བ་ཞིག་སྔར་ནས་ཡོད་པས་དེར་རྒྱལ་ས་སྤོས་ཚུལ་བཀོད་ཡོད།[11] འདིའི་སྟེང་ནས་བལྟས་ན་དུས་རབས་མི་འདྲ་བ་ལ་བརྩིགས་པའི་ཧྲན་ཀྲིག་མཁར(鄯州)དང་། ཞི་ཕིང་ཅུན (西平郡)དང་། ཙོང་ཀ་མཁར(宗哥城)གསུམ་ནི་ས་མིག་གཅིག་ཏུ་འཁེལ་ཡོད་པ་ཤིན་ཏུ་གསལ། རྒྱའི་ཡིག་ཚང་ནང་ཙོང་ཀ་མཁར་ཞེས་བྲིས་ཡོད་པ་དེ་ནི་བོད་སྐད་ཀྱི་སྒྲ་སོར་བཞག་བྱས་པ་ཞིག་ཡིན་པ་གདོན་མི་ཟ། རྒྱའི་ཡིག་ཚང་ལ་ལའི་ནང་ཙོང་ཆུ་མཁར(宗奇城)[12]ཞེས་བྲིས་པའང་ཡོད། སུང་རྒྱལ་རབས་ཀྱི་དེབ་ཐེར་ནང་མཁར་རྫོང་དེའི་གནས་གཞི་རོབ་ཙམ་ལས་བསྟན་མེད་པས། མན་ཇུའི་རྒྱལ་རབས་ནས་བཟུང་། རྒྱ་ནག་གི་མཁས་པ་ཚོས་ཙོང་ཀ་མཁར་གང་དུ་ཡོད་མེད་ཀྱི་སྐོར་ལ་བགྲོ་གླེང་གནང་མགོ་ཚུགས་ཤིང་། དེ་དུས་ཕལ་ཆེར་གྱིས་ད་ལྟའི་ཕན་ཨན་རྫོང་གི་ཕན་ཨན་གྲོང་བརྡལ་ཡོད་ས་དེ་ཡིན་པར་བཤད། ད་ལྟའི་ཞིབ་འཇུག་པ་ཀྲུ་ཆུ་ཡོན(祝启源)སོགས་ཁག་ཅིག་གིས་ཀྱང་སྔར་གྱི་བཤད་སྲོལ་དེ་ཉིད་རྒྱུན་འཛིན་བྱེད་བཞིན་ཡོད།[13] དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་། རྒྱའི་མཁས་པ་ཁག་ཅིག་གིས་སྔོན་གྱི་ཡིག་ཚང་རྙིང་པ་དང་ཡུལ་དངོས་རྟོག་དཔྱོད། གནའ་རྫས་ཞིབ་འཇུག་སོགས་དཔྱད་གཞི་སྣ་ཚོགས་གཤིབ་བསྡུར་གནང་པ་བརྒྱུད་ནས། ཅོང་ཀ་མཁར་གྱི་གནས་གཞི་ནི་ཙོང་ཆུའི་འགྲམ་ངོགས་སུ་ཆགས་པའི་ལུང་མདོ་རྫོང(乐都县)གཉན་པོ་གྲོང་བརྡལ་ཡོད་ས་དེ་ཡིན་པར་བཞེད།[14] ལྟ་ཚུལ་ཕྱི་མ་འདི་ད་ལྟ་འཐད་ལྡན་དུ་འཛིན་མཁན་མང་པོས་ཕྲན་ཆུང་གིས་ཀྱང་ལུགས་འདི་ཉིད་བཟུང་ནས་བཤད་རྒྱུ་ཡིན་ནོ། །
རྒྱའི«སུང་རྒྱལ་རབས་ཀྱི་དེབ་ཐེར»ནང་། ཙོང་ཀ་མཁར་རྙིང་པ[15]ཞེས་པ་ཞིག་ཀྱང་བཀོད་ཡོད་པ་བལྟས་ན། སྔོན་ཆད་ཡུལ་དེ་ན་ཙོང་ཀ་མཁར་ཞེས་མིང་གཅིག་པའི་མཁར་རྫོང་གསར་རྙིང་གཉིས་ཡོད་པར་སྙང་སྟེ། ཁྱད་པར་དུ«སྲིད་སྐྱོང་མེ་ལོང་མའི་ལྷན་ཐབས»ནང་དེའི་སྐོར་ལ་ཁ་གསལ་གྱི་དཔྱད་གཞི་ཞིག་རྙེད་པ་འདི་ལྟར། “ཙོང་ཀ་མཁར་ནི་ཤར་ནུབ་གཉིས་སུ་གྱེས་ཤིང་། རིང་ཚད་ལ་ལེ་དབར་བརྒྱད་ཡོད། བྱང་ཕྱོགས་རི་ལ་གཏད་པ་དང་ལྷོ་ཕྱོགས་ཙོང་ཆུ་ལ་ཐུག་འདུག”[16]ཅེས་དང་། ཡང«ཉན་ཧེ་ལམ་ཡིག»ནང་བཀོད་པ་འདི་ལྟར། “གཉན་པོ་རྫོང་གི་ལྷོ་སྒོ་ནས་བུད་དེ་ཕྱིར་ནུབ་ཕྱོགས་སུ་སོང་ན། ལེ་དབར་གཉིས་ཀྱི་མཚམས་སུ་མཁར་རྫོང་ཆུང་པ་ཡོད་པ་དང་། དེ་ནས་ལེ་དབར་གཅིག་གི་མཚམས་སུ་མཁར་རྫོང་ཆེ་བ་ཡོད། མཁར་རྫོང་གཉིས་ཕན་ཚུན་ཨ་ལུང་བཞིན་དུ་འབྲེལ་ཞིང་བར་ཐག་ལ་ལེ་དབར་གསུམ་ཙམ་ཡོད།”[17]ཅེས་པའི་ནང་གི་གཉན་པོ་རྫོང་བྱ་བ་ནི་ད་ལྟའི་ལུང་མདོ་རྫོང་གི་གཉན་པོ་གྲོང་བརྡལ་ཡིན་ལ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་གནའ་དཔྱད་ཆེད་མཁས་པ་དག་གིས་གཉན་པོ་གྲོང་བརྡལ་དུ་མཁར་ཆེ་ཆུང་གཉིས་ཀྱི་རྗེས་ཤུལ་རྙེད་ཡོད་ལ། དེ་ནི་གོང་གསལ«ཉན་ཧེ་ལམ་ཡིག»ནང་བཤད་པའི་མཁར་ཆེ་ཆུང་གཉིས་སམ་ཙོང་ཀ་མཁར་གསར་རྙིང་གཉིས་ཡིན་པར་ངོས་འཛིན་གནང་ཡོད། རྒྱ་ནག་གི་ཡིག་ཚང་རྙིང་པ་ཁག་ནང་བཀོད་པ་ལྟར་ན། མཁར་ཆུང་བ་དེ་ནི་ཙོང་ཀ་རྒྱལ་ཐོག་དང་པོ་ཁྲི་ལྡེ་ཡི་སྐབས་ཙམ་ཞིག་ལ་ཁོང་གི་བློན་ཆེན་པོ་བྲ་ཉང་བཙན(李立遵)ཀྱིས་བཞེངས་པ་ཞིག་ཡིན་པས། ང་ཚོས་འཚོལ་བཞིན་པའི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཕབ་པའི་མཁར་ཙོང་ཀ་ཆེ་ཆུང་དང་འབྲེལ་བ་ཅི་ཡང་མེད་མོད། དེང་གི་ཞིབ་འཇུག་པ་ཚོས་མཁར་ཤུལ་ཆེ་བ་ནི་སྔོན་གྱི་དུས་སུ་ལེང་ལྷོ་མའི་ཐུའུ་པོད་རིགས་ཀྱི་རྗེ་བོས་བཞེངས་པར་བཤད་ལ། དེའི་ཁུངས་ནི་རྒྱ་ནག་གི་ཐང་ཡིག་རྙིང་མའི་ནང་ཡུལ་འདི་ནི་ལེང་ལྷོ་མའི་ཐུའུ་པོད་ཝུའུ་ཀུའུ་བྱ་བའི་རྒྱལ་ས་ཡིན་པར་བཤད་པ་ལ་གཏུགས་ཡོད།[18] ཐང་ཡིག་གསར་རྙིང་སོགས་རྒྱ་ནག་གི་ཡིག་ཚང་ཁག་ཅིག་ནང་ལེང་ལྷོ་མའི་ཐུའུ་པོད་ཝུའུ་ཀུའུ(南凉秃发乌孤)བྱ་བ་ནི་སྤྱི་ལོ་དུས་རབས་བཞི་བའི་སྨད་ཙམ་ལ་བྱུང་བ་ཞིག་ཡིན་ལ། ད་དུང་བོད་མིའི་ཆད་ཁུངས་དང་ཁྱད་པར་དུ་སྤུ་རྒྱལ་བཙན་པོ་དག་གི་གདུང་ཁུངས་ཡིན་པར་བཤད་ལ། ཕྱིས་ཀྱི་ལོ་རྒྱུས་པ་ཁ་ཅིག་གིས་རང་རེ་བོད་ལ་ཐུ་བྷོད(吐蕃)ཅེས་འབོད་པ་ཡང་ཐུའུ་པོད(秃发)ཟུར་ཆགས་པར་འདོད་བཞིན་ཡོད།[19] དེ་ནི་དུས་ཚོད་ཀྱི་ཆ་ནས་བལྟས་ན་བོད་མིའི་ཆད་ཁུངས་ཕར་ཟད་སྤུ་རྒྱལ་བཙན་པོའི་གདུང་ཁུངས་ཀྱང་ཡིན་ཐུབ་མེད་མོད། ཆེས་གནའ་བོའི་དུས་ཀྱི་བོད་མིའི་རུས་ཚན་བྱེ་བྲག་པ་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་ཡིན་ཙ་ན། མཁར་ཙོང་ཀ་ཆེ་བའང་དེ་དུས་ལ་ཐོག་མར་བཞེངས་ཤིང་རིམ་གྱིས་རྒྱ་བསྐྱེད་པ་ཞིག་ཡིན་པ་མ་ཟད། མཁར་རྫོང་གི་གནས་གཞི་ངོ་མ་ཡང་ཙོང་ཆུའི་ཉེ་འགྲམ་དུ་ཆགས་པའི་ད་ལྟའི་ལུང་མདོ་རྫོང་གཉན་པོ་གྲོང་བརྡལ་ཡོད་ས་དེ་ཡིན་པར་ངོས་བཟུང་ན་ཤིན་ཏུ་འཕྲོད་པར་སྙམ་མོ། །
གཉིས་པ། ཙོང་ཀ་ཆུང་ངུ་གང་དུ་ཡོད་མེད་སྐོར།
སྤུ་རྒྱལ་བཙན་པོའི་དམག་དཔུང་གིས་སྤྱི་ལོ759ལོར་ཕབ་པའི་ཙོང་ཀ་ཆུང་ངུ་གང་དུ་ཡོད་མེད་འཚོལ་སྐབས། སྔར་བཞིན་རྒྱ་ནག་གི་ཡིག་ཚང་རྙིང་པ་ཁག་དང་སྒོ་བསྟུན་ནས་དཔྱད་པ་གཏོང་བ་ལས་ཐབས་ལེགས་པོ་གཞན་མ་མཆིས། དེ་ཡང«སྲིད་སྐྱོང་མེ་ལོང»ནང་། སྤྱི་ལོ759ལོར་གཡུལ་འགྱེད་ཀྱི་གནས་ཚུལ་ཅི་ཡང་བཀོད་མེད་མོད། དེའི་ཕྱི་ལོ་སྟེ760ལོར་སྤུ་རྒྱལ་གྱིས་ཁའོ་ཀྲིག(廓州)ཕབ་ཚུལ་བྲིས་འདུག[20] ཙོང་ཀ་ཆུང་ངུ་དང་ཁའོ་ཀྲིག་གཉིས་ཕབ་པའི་ལོ་ཚིགས་གཅིག་ཏུ་ཁེལ་མེད་པས་ཕན་ཚུན་བར་འབྲེལ་བ་ཅི་ཡང་མེད་པ་ལྟར་སྣང་མོད། ཏུན་ཧོང་ཡིག་རྙིང་ལས་བྱུང་པའི་དོན་ཆེན་གནད་བསྡུས་དང་རྒྱ་ནག་གི་ཡིག་ཚང་རྙིང་པ་ཁག་ཕན་ཚུན་བསྡུར་ནས་ལྟ་སྐབས། ལོ་གཅིག་ཙམ་གྱི་སྔ་ཕྱི་ཤོར་བའི་གནས་ཚུལ་རྒྱུན་པར་མཐོང་ཐུབ་སྟེ། དཔེར་ན། ཏུན་ཧོང་ཡིག་རྙིང་ནང་། སྟག་ལ་རྒྱ་དུར་གྱི་གཡུལ་འགྱེད་ཆེན་མོ་ནི་སྤྱི་ལོ695ལོ་ཡིན་ལ། རྒྱ་ནག་གི་ཡིག་ཚང་ལྟར་ན་སྤྱི་ལོ696ལོར་ཁེལ་ཡོད། དེ་བཞིན་མགར་ཁྱིམ་རྒྱུད་ལ་བཀྱོན་ཕབ་པའི་ལོ་ནི་ཏུན་ཧོང་ཡིག་རྙིང་ལྟར་ན་སྤྱི་ལོ698ཡིན་ལ། རྒྱ་ནག་གི་ཡིག་ཚང་ནང699ལོ་ཡིན་པར་བཤད། ཡང་སྤུ་རྒྱལ་གྱི་དམག་མོ་ཆེ་ཐང་གི་རྒྱལ་སར་བླུགས་ནས་རྒྱ་རྗེ་གསར་དུ་བསྐོས་པའི་ལོ་ནི་ཏུན་ཧོང་ཡིག་རྙིང་ནང་སྤྱི་ལོ762དང་རྒྱ་ནག་གི་ཡིག་ཚང་ནང763ལོར་ངོས་འཛིན་བྱས་ཡོད་པ་སོགས་ལ་གཞིགས་ན། རྒྱ་ནག་གི་ཡིག་ཚང་ཁག་ནང་ལོ་རེ་རེ་ཡི་དོན་ཆེན་རྣམས་ཟིན་ཐོར་འགོད་སྐབས། ལོ་གཅིག་གི་འཕྱི་སྐྱོན་འབྱུང་བཞིན་པ་ཤེས་ཐུབ། དེའི་ཕྱིར་ཏུན་ཧོང་ཡིག་རྙིང་ནང་སྤྱི་ལོ759ལོར་མཁར་ཙོང་ཀ་ཆུང་ངུ་ཕབ་པ་དེ་ནི་རྒྱ་ནག་གི་ཡིག་ཚང་ནང་སྤྱི་ལོ760ལོར་ཁའོ་ཀྲིག་ཕབ་པ་ཞེས་པ་དང་འབྲེལ་བ་ཏན་ཏན་ཡོད་པ་ཤིན་ཏུ་གསལ། འདས་པོ་ཝང་ཡའོ་ལགས་ཀྱི་ཏུན་ཧོང་ཡིག་རྙིང་རྒྱ་འགྱུར་མའི་ནང་། ཁའོ་ཀྲིག་ནི་ཏུན་ཧོང་ཡིག་རྙིང་ནང་གི་གོག་ཡུལ་དང་གཅིག་ཡིན་པར་བྱས་ཡོད་ལ།[21] ཐ་ན་བོད་རིགས་བརྡ་རྙིང་ཆེད་མཁས་པ་དག་གིས་བསྒྲིགས་པའི«བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»དང«བོད་བཙན་པོའི་རྒྱལ་རབས»སོགས་སུ་ཡང་མ་བརྟག་མ་དཔྱད་པར་དེའི་རྗེས་སུ་འབྲངས་ནས་མཆན་འགྲེལ་གནང་འདུག །ཁའོ་ཀྲིག་དང་གོག་ཡུལ་གཉིས་ནི་ས་མིང་གཅིག་ཡིན་པར་ངོས་འཛིན་བྱས་ན་རྒྱུ་མཚན་གཉིས་ཀྱི་སྒོ་ནས་སྐྱོན་འབབ་སྟེ། རྒྱུ་མཚན་དང་པོ་ནི། སྤྱི་ལོ759ལོའི་སྔོན་ནས་བཟུང་སྤུ་རྒྱལ་གྱིས་གོག་ཡུལ་ཕབ་ཟིན་སྟེ། ཏུན་ཧོང་ཡིག་རྙིང་ནང་། སྤྱི་ལོ755ལོར་གོག་ཡུལ་དུ་དགུན་གྱི་འདུན་མ་བསྡུས་ཚུལ་བཤད་པ་ལས་ཤེས་ནུས་ལ། ཁའོ་ཀྲིག་ནི་སྤྱི་ལོ759ལོར་སྤུ་རྒྱལ་གྱིས་ཕབ་པ་ཡིན་པས། དེའི་སྔོན་ནས་ཁའོ་ཀྲིག་ཏུ་འདུན་མ་བསྡུ་ཐུབ་མེད། རྒྱུ་མཚན་གཉིས་པ་ནི། སྤྱི་རྒྱལ་བཙན་པོའི་སྐུ་རིང་ནས་བཟུང་། བོད་ཀྱི་ཡུལ་ལུང་ཁག་ལ་དབྱེ་སྟངས་འདི་འདྲ་ཆགས་ཡོད་དེ། ནུབ་མཐར་གནས་པའི་ཡུལ་གྲུ་ཁག་ལ་སྟོད་ཅེས་འབོད་ལ། ཤར་མཐར་གནས་པའི་ཡུལ་གྲུ་ཁག་ལ་སྨད་ཅེས་འབོད་སྲོལ་ཆགས་ཡོད། དེའི་དབང་གིས་ནུབ་མཐར་གནས་པའི་བྲུ་ཤ་དང་ཞང་ཞུང་སོགས་སྟོད་ཕྱོགས་ཀྱི་གྲས་སུ་འདྲེན་པ་དང་། ཤར་ཕྱོགས་ཀྱི་ཙོང་ཀ་དང་ཤིང་ཀུན་སོགས་ཨ་མདོའི་ཡུལ་གྲུ་ཁག་ལ་སྨད་མདོ་ཁམས་ཞེས་པའི་ཐ་སྙད་སྦྱོར་སྲོལ་ཡོད། སྔོན་གྱི་ཡིག་ཚང་ཁུངས་བཙུན་དག་ཏུ་གོག་ཡུལ་ནི་ཏག་ཏག་སྟོད་ཕྱོགས་ཀྱི་གྲས་སུ་བཞག་ཡོད་དེ། ཏུན་ཧོང་ཡིག་རྙིང་རང་ལས། “གོག་ཡུལ་དུ་རྒྱའི་གྱིམ་པོ་བྱུང་སྟེ། བྲུ་ཤ་དང་གོག་སྟོརད།”[22]ཅེས་བྱུང་བ་ལས། གོག་ཡུལ་དུ་ཐང་གི་དམག་དཔུང་སླེབས་ནས་གོག་གཏོར་པ་མ་ཟད། བྲུ་ཤ་ཡང་དེ་དང་ལྷན་དུ་གཏོར་ཡོད་པ་ཤིན་ཏུ་གསལ་པས། གོག་དང་བྲུ་ཤ་གཉིས་འདབས་འབྲེལ་དུ་ཆགས་ཡོད་པ་ཤེས་ཐུབ། ཡང་ཏུན་ཧོང་ཡིག་རྙིང་ལས། “བན་འཇག་ནག་པོ་དང་གོག་དང་ཤྀག་ནིག་ལས་སྩོགསྟེ། སྟོད་པྱོགས་ཀྱི་ཕོ་ཉ་ཕྱག་འཙལད།”[23]ཅེས་བྱུང་བ་ལས་ཀྱང་གོག་ཡུལ་ནི་བྲུ་ཤ་ནང་བཞིན་སྟོད་ཕྱོགས་ཀྱི་ཡུལ་གྲུའི་གྲས་སུ་གཏོགས་པ་ཁ་གསལ་དུ་བསྟན་འདུག་པས། ཤར་ཕྱོགས་མདོ་ཁམས་སྨད་ཀྱི་ཁའོ་ཀྲིག་དང་སྟོད་ཕྱོགས་ནུབ་མཐའི་གོག་ཡུལ་གཉིས་གཅིག་ཏུ་ངོས་འཛིན་པ་ནི་དགོད་བྲོ་བའི་གནས་ཤིག་མ་ཡིན་ནམ།
རྒྱའི་ཡིག་ཚང་ཁག་ནང་ཁའོ་ཀྲིག་ཅེས་པ་ནི་ཐང་རྒྱལ་རབས་ཀྱི་དུས་མགོར་རྨ་ཆུའི་བྱང་རྒྱུད་དང་ཙོང་ཆུའི་འབབ་རྒྱུད་དུ་བཙུགས་པའི་ལུང་ཡུག་ཅེ་དོག་དཔོན་པོའི(陇右节度使)དབང་འོག་ཏུ་གཏོགས་པའི་ས་གནས་རིམ་པའི་སྲིད་འཛིན་གྱི་གཞུང་དང་དེ་གནས་སའི་མཁར་རྫོང་ལ་གོ་དགོས་ལ། ལུང་ཡུག་ཅེ་དོག་དཔོན་པོའི་དབང་འོག་གི་དམག་སྡེ་ཆེན་པོ་བཅུའི་གྲས་ཀྱི་ཉན་སེ་ཅུན(宁塞郡)ཟེར་བའི་དམག་སྡེ་ཡང་ཁའོ་ཀྲིག་མཁར་ནང་དུ་ཡོད་པས། རྒྱའི་ཡིག་ཚང་ཁག་ནང་སྐབས་རེ་ཁའོ་ཀྲིག་དང་ལན་རེ་ཉན་སེ་ཅུན་ཞེས་བཏགས་པ་སོགས་མིང་གཅིག་དུ་མ་ངེས།[24] སྤུ་རྒྱལ་གྱིས་མདོ་ཁམས་སྨད་ཀྱི་སའི་ལྟེ་བར་གྱུར་པའི་ཙོང་ཀ་བདག་ཏུ་འཛིན་པ་དང་ཁྱད་པར་དུ་ཤར་ཕྱོགས་སུ་མངའ་རིས་རྒྱ་བསྐྱེད་པའི་སྐབས་སུ། ཁའོ་ཀྲིག་ཏུ་སྡོད་པའི་ཐང་གི་དམག་སྡེ་དེ་ཡང་ལམ་གྱི་བཀག་རྡོ་འབའ་ཞིག་ཡིན་པ་སྨོས་མ་དགོས། དེར་བརྟེན་སྤུ་རྒྱལ་གྱི་དམག་གིས་སྤྱི་ལོ759ལོའི་དགུན་ཁར་གཞི་ནས་ཁའོ་ཀྲིག་ཕབ་དགོས་བྱུང་བ་རེད། ང་ཚོས་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཡིག་ཚང«སྲིད་སྐྱོང་མེ་ལོང»གཉིས་བསྡུར་ཚེ། ཙོང་ཀ་ཆུང་ངུ་དང་ཁའོ་ཀྲིག་མཁར་གཉིས་དོན་ལ་མཁར་རྫོང་གཅིག་གི་མིང་ཡིན་པར་བྱས་ན་འགལ་བ་ཅི་མེད་པ་རྟོགས་ཐུབ་སྟེ། གཅིག་ན་ཙོང་ཀ་ཆུང་ངུ་དང་ཁའོ་ཀྲིག་གཉིས་ཀ་མདོ་སྨད་ཙོང་ཀའི་ཡུལ་ན་ཡོད་པ་རྒྱ་བོད་ཀྱི་ཡིག་ཚང་ཀུན་ལ་མི་མཐུན་པ་མེད་པ་དང་། གཉིས་ན་སྤུ་རྒྱལ་གྱིས་ཕབ་པའི་ལོ་ཚིགས་ཡང་ཧ་ལམ་གཅིག་ཏུ་ཁེལ་ཡོད་པ་སོགས་ལ་བལྟས་ན། ཙོང་ཀ་ཆུང་དུ་དང་ཁའོ་ཀྲིག་གཉིས་མཁར་གཅིག་གི་མིང་ཡིན་པ་ཤེས་ནུས། ལོ་རྒྱུས་ས་ཁམས་རིག་པ་དང་གནའ་དཔྱད་རིག་པའི་མཁས་པ་དག་གི་དཔྱད་འབྲས་ལྟར་ན། ཁའོ་ཀྲིག་མཁར་གྱི་གནས་གཞི་ནི་ད་ལྟའི་དབང་དུ་བཏང་ན་རྨ་ཆུའི་བྱང་འགྲམ་དང་ཉེ་བའི་དཔའ་ལུང་རྫོང་ཆོས་འཁོར་གྲོང་རྡལ་ཡོད་ས་ཡིན། ད་ལྟ་མཁར་རྫོང་ནུབ་ཚར་ནས་རྗེས་ཤུལ་ཙམ་ལས་ལྷག་མེད་ན་ཡང་། གྱོ་མོག་ཆག་རོ་མང་པོ་གང་སར་མཐོང་ཐུབ་པས། གནའ་བོའི་མཁར་རྫོང་དེའི་གཞི་ཁྱོན་རོམ་ཙམ་རྟོགས་ཐུབ་པར་བཤད།[25] འདི་ནི་རྒྱའི་ཡིག་ཚང་ནང་གི་ཁའོ་ཀྲིག་དང་། དུན་ཧོང་ཡིག་རྙིང་ནང་གི་མཁར་ཙོང་ཀ་ཆུང་ངུ་བའི་གནས་གཞི་ཡིན། མཁར་འདི་ནི་ཙོང་ཆུ་ལས་རྨ་ཆུའི་འགྲམ་རྒྱུད་དང་ཤིན་ཏུ་ཉེ་བའི་སར་ཆགས་ཡོད། སྔོན་ཆད་རྨ་ཆུའི་བྱང་རྒྱུད་ཀྱི་ས་ཆ་རྣམས་ལ་ཡང་ཙོང་ཀ་ཞེས་པའི་མིང་གིས་འབོད་པ་ཡིན་ཏེ། བླ་ཆེན་དགོངས་པ་རབ་གསལ་ནི་རྨ་ཆུའི་འགྲམ་ངོགས་སུ་ཆགས་པའི་རྒྱ་ཞུར་གྲོང་ཚོར་འབྱུངས་པ་ཡིན་མོད། ཁོང་ཙོང་ཀ་རུ་སྐུ་འཁྲུངས་ཞེས་སྔོན་གྱི་ཆོས་འབྱུང་དེབ་ཐེར་ཁག་ཞལ་མཐུན་པར་གསུངས་འདུག་པས། རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆ་དེ་ནམས་སྔོན་ཆད་ཙོང་ཀར་གཏོགས་པ་ར་སྤྲོད་ཐུབ། ད་སྐབས་ཁ་ཅིག་གི་འདོད་ཚུལ་ལྟར་ན། ཙོང་ཀ་ཞེས་པ་ནི་ཙོང་ཆུའི་གཡས་གཡོན་ཙམ་དང་། ཡང་ན་སྟོང་སྐོར་རྫོང་དང་ཟི་ལིང་ཕྱོགས་ཙམ་ལ་གོ་བཞིན་ཡོད་མོད། དེ་ལ་ཁྱབ་ཆུང་བའི་སྐྱོན་ཡོད་དེ། སྔོན་གྱི་ཙོང་ཀའི་ཡུལ་ཁྱོན་ངོས་འཛིན་པ་ལ་ཙོང་ཆུ་དང་ཙོང་ལ་རིང་མོ་གཉིས་ནི་སྒལ་གཞུང་ལྟ་བུ་ཡིན། དེའི་དབང་གིས་སྔོན་གྱི་མཁས་པའི་གསུང་ན་ཡང་འདི་ལྟར་འབྱུང་སྟེ། “ཙོང་ལ་རིང་མོའི་ནུབ་ངོས་དང་ཙོང་ཆུའི་ལྷོ་ངོས་ཕྱོགས་ཀྱི་བར་མཚམས་ཀྱི་རི་ལུང་ཐང་གསུམ་ལ་ཤར་ཙོང་ཁའི་ཡུལ་ཞེས་བྱའོ། །”[26]ཞེས་གསུངས། སྐབས་འདིའི་ཙོང་ལ་རིང་མོ་བྱ་བ་ནི་རྨ་ཆེན་གངས་རིའི་རི་རྒྱུད་མཐོ་དམན་དང་གྱ་གྱུ་མང་པོ་རིམ་གྱིས་ཤར་ལན་གྲུ་གྲོང་ཁྱེར་བར་དུ་ཡོད་པ་ལ་ངོས་འཛིན་པས་ན། ཤར་ཙོང་ཀའི་ཡུལ་ཁམས་ག་འདྲ་ཆེ་བ་རོམ་ཙམ་རྟོགས་ཐུབ།
དུས་རབས་བརྒྱད་པའི་དཀྱིལ་ཙམ་ནས་བཟུང་། མཁར་ཙོང་ཀ་ཆུང་དུ་ནི་སྤུ་རྒྱལ་བཙན་པོའི་མདོ་སྨད་ཀྱི་དམག་སྲིད་ལྟེ་བ་གལ་ཆེ་ཤོས་ཤིག་ཆགས་པ་དང་། ཐ་ན་སྤུ་རྒྱལ་བཙན་པོའི་རྒྱལ་རབས་འཇིག་ཁ་མ་ལ་བློན་ཆེན་པོ་དབས་ཁོ་བཞེར་གྱིས་ཐང་གོང་མ་ལ་རྒྱབ་རྟེན་བཅོལ་ནས་མདོ་སྨད་ཀྱི་བཙན་པོ་བྱ་འདོད་ཀྱི་ཧམ་སེམས་འཆང་སྐབས། ཙོང་ཀ་ཆུང་ངུ(ཁའོ་ཀྲིག)ནི་ཁོའི་དམག་དཔུང་གི་སྒར་གཞི་གཙོ་གྲས་ཤིག་ཡིན་ལ། ཐ་མ་ཁོ་གཡུལ་འགྱེད་ལས་ཕམ་ནས་མཁར་རྫོང་དེ་རུ་སྡོད་སྐབས་ངོ་ལོག་པས་འཇབ་རྒོལ་ཐེབས་ནས་དམར་གསོད་བཏང་འདུག །བོད་སིལ་བུའི་སྐབས་སུའང་རྒྱལ་སྲས་ཁྲི་ལྡེ་མདོ་སྨད་དུ་གདན་དྲངས་ནས་རྒྱལ་སྲིད་ལ་ཐོག་མར་དབང་བསྐུར་སའང་ཁའོ་ཀྲིག་གམ་མཁར་ཙོང་ཀ་ཆུང་དུ་འདི་ཡིན་པས། ཙོང་ཀ་རྒྱལ་པོའི་རྒྱལ་ས་ཐོག་མའང་འདི་ཡིན་ཞེས་བརྗོད་ཆོག་པར་སྙམ།[27]
མདོར་ན། མཁར་ཙོང་ཀ་ཆེ་བ་ནི་ཙོང་ཆུ་སྔོན་མོ་དལ་གྱིས་འབབ་པའི་བྱང་འགྲམ་དུ་བརྩིགས་ཡོད་ལ། མཁར་ཙོང་ཀ་ཆུང་དུ་ནི་ཙོང་ཆུའི་ལྷོ་ཕྱོགས་དང་རྨ་ཆུའི་བྱང་འགྲམ་དུ་བརྩིགས་ཡོད་པས་དོན་ལ་གཙང་པོ་གཉིས་ཀྱི་བར་མཚམས་སུ་ཁེལ་ཡོད། མཁར་ཙོང་ཀ་ཆེ་ཆུང་གཉིས་ཀྱི་བར་དུ་ལེ་དབར་བཞི་བཅུ་ལས་མེད་པས་ཕན་ཚུན་དམག་རོགས་བྱེད་བདེ་བ་མ་ཟད། གཙང་པོ་ཆེན་པོ་གཉིས་ཀྱི་འགྲམ་དང་ཉེ་བས་དགྲ་འགོག་གི་ནུས་པའང་ཤིན་ཏུ་ཆེ། དེར་བརྟེན་སཔུ་རྒྱལ་དང་ཐང་གཉིས་ཀྱིས་སྔ་ཕྱིར་བདག་ཏུ་འཛིན་སྐབས་དམག་སྲིད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་པ་རེད།
གསུམ་པ། རྒྱལ་རབས་ཆེན་མོ་གཉིས་ཀྱིས་སྔ་ཕྱིར་དབང་སྒྱུར་སྐབས་ཀྱི་ཙོང་ཀ་ཆེ་ཆུང་གི་གནས་སྟངས་སྐོར།
དུས་རབས་བདུན་པའི་སྟོད་དུ་ཐང་རྒྱལ་རབས་ཆེན་མོ་ཐོག་མར་བཙུགས་པའི་ལོ་གཉིས་པ་ནས་བཟུང་། མདོ་སྨད་དུ་དམག་དཔུང་བཏང་ནས་དྲག་པོའི་དབང་སྒྱུར་གྱི་བྱ་གཞག་ཆེན་མོ་ཐོག་མར་རྩོམ་སྐབས། ཙོང་ཀའི་ཡུལ་ཁམས་བདག་ཏུ་འཛིན་པའི་ཆེད་དུ་ཧྲན་ཀྲིག་དང་ཁའོ་ཀྲིག་ཞེས་པའི་གཞུང་གཉིས་མཁར་ཙོང་ཀ་ཆེ་ཆུང་དུ་བཙུགས་པ་དང་བསྟུན་ནས། ལུང་ཡུག་ཅེ་དོག་དཔོན་གྱི་དམག་སྡེ་ཆེན་པོ་བཅུའི་རྟེན་གཞི་གལ་ཆེན་ཞིག་ཆགས་པ་རེད། དེའི་དམིགས་ཡུལ་ནི་ནུབ་ཕྱོགས་ན་དམག་སྲིད་ཀྱི་མངའ་ཐང་ཡར་ལྡན་དུ་འགྲོ་བཞིན་པའི་སྤུ་རྒྱལ་བཙན་པོའི་དམག་དཔུང་ཤར་བསྐྱོད་བྱེད་པ་འགོག་ཐབས་དང་རང་གི་མངའ་རིས་ནུབ་ཕྱོགས་སུ་རྒྱ་བསྐྱེད་པའི་མཐུན་རྐྱེན་དུ་བཙལ་བ་ཞིག་ཡིན་ངེས་ལ། ཉེ་རབས་ཀྱི་རྒྱའི་མཁས་པ་ཚོས་ཀྱང་། ལུང་ཡུག་ཅེ་དོག་དཔོན་གཞུང་གི་འོས་འགན་གཙོ་བོ་ནི་སྤུ་རྒྱལ་འགོག་རྒྱུ་དེ་ཡིན་ཞེས་བཤད་འདུག །[28] གནའ་རབས་ཀྱི་རྒྱལ་རབས་ཆེན་མོ་རྣམས་ལ་མཚོན་ན། མངའ་རིས་རྒྱ་བསྐྱེད་པ་དེ་ཡང་ས་སྐྱ་ཐང་སྐྱ་བདག་ཏུ་འཛིན་པའི་ཆེད་དུ་མ་ཡིན་པར། ཡུལ་ཕྱུག་པོ་བཅོམ་ནས་རྒྱུ་ནོར་གྱི་གཏེར་ཁ་འདྲེན་རྒྱུ་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་དམིགས་འབེན་ཡིན་ཞེས་བཤད་ཆོག་པ་ཡིན་ཙ་ན། ཧན་རྒྱལ་རབས་ཀྱི་དུས་ནས་བཟུང་། རྒྱའི་གོང་མ་རིམ་བྱོན་གྱིས་ཙོང་ཀ་ལྟེ་བ་ཡིན་པའི་མདོ་སྨད་ཀྱི་ཡུལ་ལུང་རྣམས་ནི་གནམ་མཐའ་འོག་གི་འབྱོར་བ་རྒྱས་པའི་ཡུལ་གྲུ་འབའ་ཞིག་ཏུ་ངོས་བཟུང་འདུག་པ་སྔོན་གྱི་ཡིག་ཚང་ནང་གསལ་ལ།[29] ཐང་གོང་མའི་དྲག་ཤུགས་ཙོང་ཀ་ཆེ་ཆུང་དུ་སླེབས་པའི་དམིགས་ཡུལ་ཀྱང་དེ་ལས་མ་འདས་སོ། །
ཙོང་ཀའི་ཡུལ་ཁམས་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་དུ་གཏོགས་པས་ས་བབ་རང་བཞིན་གྱིས་མཐོ་བ་མ་ཟད། ཙོང་ལ་རིང་མོ་སོགས་རྫ་རིའི་ཕྲེང་བ་ཚར་དུ་དངར་ཞིང་མདོ་ཁམས་སྨད་ཀྱི་ཐང་ཆེན་པོ་གསུམ་གྱི་ཡ་གྱལ་གྱི་ཐང[30]སོགས་སྤང་ཐང་ཁ་ཞེང་ཅན་ཡང་ཡོད་པས། ཕྱུགས་ཟོག་འཚོ་སྐྱོང་གི་གནས་ཁྱད་དུ་འཕགས་པ་ཞིག་ཡིན། བོད་མིའི་ཁ་རྒྱུན་དུ་མདོ་སྨད་རྟའི་ཆོལ་ཁ་ཅེས་འབོད་སྲོལ་ཡོད་པ་ལྟར། མདོ་ཁམས་སྨད་ཀྱི་རྟ་རྒྱུད་ཆེས་ལེགས་ཤོས་སུ་བརྩི་ལ། དེའི་གྲས་ནས་ཀྱང་ཙོང་ཀའི་རྟ་མཆོག་ཀུན་ལ་གྲགས་ཆེ་བ་རྒྱའི་ཡི་གེ་རྙིང་བ་ཁག་ནང་གསལ།[31] དེ་བཞིན་དུ་བོད་ཀྱི་ཡིག་ཚང«བཤད་མཛོད་ཡིད་བཞིན་ནོར་བུ»ལས་ཀྱང་། “ཤར་བཙོང་ཁ་དང་བླང་ཁ་ཁྲི་ཁ་གསུམ། ཡུལ་དེ་ན་ཕོ་དྲག་རྟ་མགྱོགས་པ།”[32]ཞེས་མི་དཔའ་རུ་སྐྱེས་ཤིང་རྟ་མགྱོགས་པ་འཕེལ་བའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པ་བསྟན་འདུག །རྟའི་ཐོན་ཁུངས་ཞན་པའི་ཐང་ཆེན་མོའི་རྒྱལ་རབས་ལ་མཚོན་ན། ཙོང་ཀའི་རྟ་མཆོག་ནི་རང་གི་དྲག་པོ་དཔུང་ཚོགས་ཀྱི་མཐུན་རྐྱེན་བླ་ན་མེད་པ་ཞིག་ཅི་ལ་མིན། གནའ་རབས་སུ་དམག་འཁྲུག་གི་རྒྱལ་ཕམ་ནི། དམག་དཔུང་གི་མྱུར་ཚད་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་ལ། དཔུང་གི་མྱུར་ཚད་ནི་དམག་རྟ་བཟང་ངན་ལ་ཐུག་ཡོད་ཅེས་བཤད་ཆོག །དུས་རབས་བརྒྱད་པའི་ནང་གི་གླིང་ཆེན་ཨེ་ཤ་ཡ་མཚོན་ན། ཏག་ཏག་སྐྱ་དམག་གིིས་རྒྱལ་ཁམས་ཁ་ལོ་བསྒྱུར་བའི་དུས་ཤིག་དང་ཁེལ་ཡོད་པ་མ་ཟད། ཐང་རང་གི་མཐའ་འཁོར་ན་སྤུ་རྒྱལ་དང་གྲུ་གུ། ཧོར་དང་ཁྲི་བརྟན་སོགས་ཕྱུགས་ལས་གཉེར་བའི་རྒྱལ་རབས་ཁག་དར་བཞིན་ཡོད་པས། ཕྱིའི་རྒྱལ་ཁབ་དེ་དག་དང་གཡུལ་འགྱེད་བྱེད་ཐེངས་རེ་ལ་རྟ་དམག་གི་མང་ཉུང་དང་རྟའི་བང་རྩལ་གྱི་དྲག་ཞན་སོགས་མི་འདྲ་བའི་དབང་གིས་ཕམ་ཁ་ཁུར་བ་ཉུང་ཉུང་མིན། ནུབ་ཕྱོགས་ཀྱི་ལོ་རྒྱུས་མཁས་པ་ཚོས་རྩོམ་སྒྲིག་བྱས་པའི«སེའུ་ཐང་གི་དེབ་ཐེར»ཞེས་པའི་ནང་། “སྤུ་རྒྱལ་གྱིས་ཐང་ལ་དམག་རྒྱག་ཐེངས་རེ་རྟ་དམག་ལྔ་སྟོང་ལས་མེད་ན་ཡང་། ཐང་དམག་གིས་སྤུ་རྒྱལ་གྱི་དམག་དཔུང་དང་འཐབ་སྐབས། རི་དྭགས་རྨས་མས་རྔོན་པ་མཐོང་བ་བཞིན་དོ་ཟླར་མི་ཡོང”[33]ཞེས་བཤད་པ་སོགས་ལ་གཞིགས་ན། སྤུ་རྒྱལ་གྱི་དམག་སྟོབས་གཙོ་བོ་ནི་རྟ་ལ་བརྟེན་ཡོད་པ་དང་དེ་ནི་ཐང་རྒྱལ་རབས་ཀྱི་ཉེན་ཁ་ཆེ་ཤོས་ཤིག་ཡིན་པ་ཤིན་ཏུ་གསལ། དེའི་དབང་གིས་ཐང་གི་དྲག་ཤུགས་ཐོག་མར་ནུབ་ཕྱོགས་སུ་སླེབས་སྐབས། གོང་མ་གྲགས་པ་ཅན་ཐེ་ཙོང་སྐུ་དངོས་སུ་མདོ་སྨད་ཀྱི་ས་མཚམས་ཁག་ཏུ་ཕེབས་ནས། དམག་རྟ་ཉོ་བསྡུ་དང་རྒྱུད་སྤེལ། འཚོ་སྐྱོང་གི་བྱ་བ་སོགས་ལ་ཆེད་དུ་གཟིགས་ཞིབ་གནང་བའི་ལོ་རྒྱུས་ཀྱང་མཐོང་རྒྱུ་ཡོད།[34]དེ་ནི་ཐང་གོང་མས་མཐའ་འཁོར་གྱི་སྤུ་རྒྱལ་སོགས་ཕྱུགས་ལས་གཉེར་བཞིན་པའི་རྒྱལ་རབས་སྟོབས་ལྡན་ཁག་གི་རྒོལ་བ་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་པ་ཞིག་ཡིན། འདི་ལྟར་རྟའི་ཐོན་ཁུངས་འཚོལ་བཞིན་པའི་རྒྱལ་རབས་ཤིག་ལ་མཚོན་ན་ཙོང་ཀ་བདག་ཏུ་འཛིན་རྒྱུ་ནི་སྲིད་དོན་གྱི་བྱ་བཞག་གལ་ཆེན་ཡིན་པ་སྨོས་མ་དགོས་ལ། ཐང་གིས་སྤུ་རྒྱལ་གྱི་རྟ་མཆོག་རྒྱུད་སྤེལ་དང་གསོ་སྐྱོང་བྱེད་པ་ནི་དམག་དོན་གྱི་དགོས་མཁོ་འབའ་ཞིག་ཡིན་པ་རྒྱའི་ཡིག་ཚང་ལས་ཀྱང་རྙེད་ཐུབ།[35] ཕྱིས་སུ་མདོ་སྨད་ཀྱི་ཡུལ་ལུང་མང་པོ་སྤུ་རྒྱལ་གྱི་འཛིན་སྐྱོང་འོག་ཏུ་ཚུད་པ་དང་བསྟུན་ནས། ཆེན་པོ་ཐང་གུར་གྱི་དམག་རྟའི་ཐོན་ཁུངས་ལ་ཉམས་ཆག་ཆེན་པོ་ཐེབས་ཡོད།
གཞན་ཡང་ཙོང་ཀའི་ཡུལ་ཁམས་ནི་ཆུ་བོ་ཆེན་པོ་གཉིས་ཀྱི་འབབ་རྒྱུད་དུ་གཏོགས་ཤིང་། ས་བབ་དམའ་ཞིང་ཆུ་བེད་འཛོམས་པའི་གཤོང་སའང་མང་པོ་ཡོད་པས། དོན་ལ་སོ་ནམ་གཉེར་བའི་ཡུལ་གྲུ་ལེགས་པོ་ཤིག་ཡིན། ཙོང་ཀའི་ཡུལ་དུ་སོ་ནམ་གཉེར་བའི་ལོ་རྒྱུས་ཀྱི་ཕུ་ཐག་ཤིན་ཏུ་རིང་སྟེ། སྤྱི་ལོ1974ལོར། ཙོང་ཆུའི་འགྲམ་ངོགས་སུ་ཆགས་པའི་ད་ལྟའི་ལུང་མདོ་རྫོང་གོ་མོ་གྲོང་རྡལ་ལུག་བན་གྲོང་ཚོ་རུ་གདོད་མའི་བང་སོའི་ཚོགས་ཆེན་པོ་ཞིག་བསྔོག་འདོན་བྱས་པའི་ནང་། རྡོ་བཟོས་ཞིང་ཆས་མང་པོ་དང་འབྲུ་རིགས་སོགས་རྙེད་ཡོད། དེ་ནི་གནའ་དཔྱད་རིག་པའི་མཁས་པ་ཚོས་རྡོ་ཆས་གསར་མའི་དུས་རབས་ནས་ཟངས་ལྕགས་མཉམ་སྤྱོད་ཀྱི་དུས་རབས་བར་གྱི་གནའ་རྫས་ཏེ་ཆེས་སྔ་ཤོས་ནི་སྤྱི་ལོ་སྔོན་གྱི་ལོ2505དང་ཆེས་འཕྱི་ཤོས་ནི་སྤྱི་ལོ་སྔོན་གྱི་ལོ1915བར་གྱི་དུར་རྫས་ཡིན་པ་གཏན་ཁེལ་བྱས་འདུག །[36] དེའི་ཕྱིར་ཙོང་ཀའི་ཡུལ་དུ་སོ་ནམ་གྱི་ལས་དར་ནས་མ་མཐའ་ལོ་ངོ་བཞི་སྟོང་སོང་ཟིན་པ་ཁ་ཚོན་བཅད་ཆོག་ལ། བོད་རང་གི་མཁས་པའི་གསུང་ལས་ཀྱང་ཙོང་ཀའི་ཡུལ་དུ་སོ་ནམ་གྱི་ལས་དར་སྔ་ཞིང་ཡུལ་མིང་ཀྱང་དེ་དང་འབྲེལ་ནས་བཏགས་པའི་ཚུལ་རྟོགས་ཐུབ། སྔོན་གྱོན་མཁས་པ་དག་གི་ཞལ་ན་ཙོང་ཀ་ཞེས་པའི་མིང་གི་བྱུང་ཚུལ་སྐོར་ལ་གཏམ་འདི་འདྲ་ཞིག་ཡོད་དེ། ཙོ་ནི་གྲགས་པ་བཤད་སྒྲུབ་ཀྱི«དམིགས་བརྩེ་མའི་འགྲེལ་བ»ལས། “དེ་ཡང་རི་ཙོང་ཙོང་པོ་ཡོད་པ་དང་། ཙོང་འདེབས་སའི་ཡུལ”[37]ཞེས་གསུངས་པ་ལྟར་ན། གཅིག་ན་ཙོང་ཀའི་ཡུལ་ནི་ས་བབ་ཀྱི་ཆ་ནས་རི་ཙོང་ཙོང་ངམ་ཀྲོང་ཀྲོང་བ་མང་པོ་ཡོད་པ་དང་། གཉིས་ན་ཙོང་སོགས་སྔོ་ཚོད་ཀྱི་རིགས་འདེབས་སའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་པ་རྟོགས་ཐུབ།«བཀའ་གདམས་བུ་ཆོས»ལས། “འབུ་སྣ་ཚོགས་སྨིན་པའི་ཞིང་ས་ཅན། །འབྲུ་བང་མཛོད་རྒྱས་པའི་རྟགས་སུ་བཟང་། །”[38]ཞེས་པ་ཡང་ཙོང་ཀའི་ཡུལ་བསྟན་པར་རྗེ་བློ་བཟང་གྲགས་པའི་རྣམ་ཐར་ཁག་ནང་གསུངས་འདུག །དེ་བཞིན་དུ་རྒྱའི་ཡིག་ཚང་ཁག་ནང་། ཙོང་ཀའི་ཡུལ་གྱི་ཞིང་ས་མུའུ་རེ་ནས་བཟའ་འབྲུ་ནས་ཀྱི་རིགས་ཏན་ལྔ་རེ་བོན་ཐུབ་པར་བཤད།[39]ཏན(石)ནི་གནའ་བོའི་རྒྱའི་ལུགས་ཀྱི་ལྗིད་ཚད་སྟོན་བྱེད་ཀྱི་ཐ་སྙད་ཅིག་ཡིན་ལ། ཏན་གཅིག་གི་ཚད་ནི་ད་ལྟའི་རྒྱ་མ་བརྒྱ་དང་ཉི་ཤུ་ཡིན། དེ་ལྟར་བརྩིས་ན་ས་ཞིང་མུའུ་རེ་ལས་ནས་རྒྱ་མ་དྲུག་བརྒྱ་རེ་ཐོན་བཞིན་པ་ཤེས་ཐུབ། ཐང་གོང་མས་ཞིང་ཕྱུགས་གཉིས་འཛོམས་ཀྱི་ཡུལ་ལུང་འདི་འདྲ་ཞིག་དབང་བསྒྱུར་ནས་དཔྱ་ཁྲལ་སོགས་ཐབས་སྣ་ཚོགས་སྤྱད་དེ་བང་མཛོད་ཕྱུག་པོར་གཏོང་རྒྱུ་ནི་རྒྱལ་དོན་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། སྤྱིར་ན་དུས་རབས་བདུན་པའི་སྟོད་དུ་ཐང་རྒྱལ་རབས་བཙུགས་པ་ནས་བཟུང་། དཔྱ་ཁྲལ་བསྡུ་མགོ་ཚུགས་ཤིང་བསྡུ་ཚད་ཀྱང་རིམ་བཞིན་མཐོ་ནས་མཐོ་རུ་སོང་། «སྲིད་སྐྱོང་མེ་ལོང»ནང་བཀོད་པ་ལྟར་ན། རྒྱའི་ཅང་དང་ཧོའི་ལྷོ་རྒྱུད་ཀྱི་མི་སེར་རྣམས་ཀྱི་ལག་ནས་དཔྱ་ཁྲལ་མཚམས་མེད་དུ་བསྡུས་པར་བརྟེན། མི་སེར་རྣམས་འཚོ་ཐབས་མ་བྱུང་པར་རི་མགོར་སོང་ནས་ངག་པ་བྱས་པའི་གནས་ཚུལ་ཀྱང་འབྱུང་བཞིན་ཡོད་པར་བཤད།[40] དེ་ཡང་བདེན་པར་ངེས་སྟེ། རྩོམ་རིག་བརྩམས་ཆོས་ནི་སྤྱི་ཚོགས་གསལ་བའི་མེ་ལོང་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར། སྐབས་དེར་འཚོ་གཞེས་གནང་བའི་སྙན་ངག་པ་དག་གི་བརྩམས་ཆོས་ཁྲོད་དུའང་ཐང་གི་མི་སེར་རྣམས་དབུལ་ཕུངས་ཉམ་ཐག་ཏུ་གྱུར་བའི་གནས་སྟངས་མཚོན་པ་ཤིན་ཏུ་མང་སྟེ། དཔེར་ན། སྙན་ངག་པ་གྲགས་ཅན་ཏུའུ་ཕུའུ་ལགས་ཀྱི«སོལ་བཙོང་བགྲེས་པོ»ཞེས་པའི་སྙན་ཚོམ་ནང་འདི་ལྟར། ཐོ་རངས་འཁྱག་རོམ་ལམ་བུར་སོལ་འཁོར་དེད། །མི་ཕྱུགས་བཀྲེས་ངལ་ཉིན་བྱེད་མཁར་འཕགས་ཚེ། །མཁར་ལྷོའི་སྒོ་ཕྱིའི་འདམ་དུ་ངལ་གསོ་བྱས། །སྐྱ་མི་འཕུར་མ་ལྡིང་གཉིས་འོངས་པ་དེ། །གོས་སེར་གྱོན་པའི་གཞུང་གཡོག་ལས་སྣེ་སྟེ། །ལག་ཏུ་བཀའ་ཤོག་ངག་ནས་བཀའ་ཁྱབ་སྒྲོག །བཙན་གྱིས་ཤིང་རྟའི་ཁ་ལོ་བྱང་དུ་བསྒྱུར། །སོལ་འཁོར་གང་བོར་རྒྱ་མ་སྟོང་བརྒལ་ཀྱང་། །གོང་མའི་ཕོ་ཉས་ཕྲོགས་ལ་ཐབས་ཅི་ཡོད། །[41]ཅེས་པ་བཀླགས་པའི་ཚེ། ཐང་གོང་མའི་གཞུང་གི་དཔོན་པོ་ཚོས་འབངས་མི་སེར་རྣམས་ཀྱི་རྒྱུ་ནོར་བཙན་འཕྲོག་བྱེད་བཞིན་པའི་གནས་ཚུལ་རོམ་ཙམ་རྟོགས་ཐུབ། འདི་ལྟ་བུའི་རྒྱལ་རབས་ཀྱི་དབང་སྒྱུར་འོག་ཏུ་ཙོང་ཀའི་མི་སེར་རྣམས་ལ་ཡང་བདེ་བའི་གོ་སྐབས་ཤིག་ག་ལ་ཡོད་དེ་མེད་དོ། །
ཐང་གོང་མའི་གཞུང་གིས་ཙོང་ཀའི་མི་སེར་རྣམས་ཀྱི་ལག་ནས་རྟ་ཟོག་དང་འབྲུ་རིགས་ཕོན་ཆེན་པོ་དཔྱ་ཁྲལ་དུ་བསྡུ་བའི་ཆེད་དུ། ཙོང་ཀའི་ཡུལ་གྲོགས་ལ་མི་གྲངས་ཞིབ་བཤེར་རིམ་པ་གཉིས་བྱས་ཡོད་དེ། སྤྱི་ལོ619ལོར་ཐང་གིས་ཧྲན་ཀྲིག་དང་ཁའོ་ཀྲིག་གི་གཞུང་གསར་པ་གཉིས་བཙུགས་ནས་མི་གྲངས་ཞིབ་བཤེར་ཐོག་མ་བྱས། སྐབས་དེར་མཁར་ཙོང་ཀ་ཆེ་བའམ་ཧྲིན་ཀྲིག་གི་དབང་འོག་ཏུ་དུད་ཁྱིམ་གྲངས1875དང་མི་གྲངས9582ཡོད་པ་དང་། མཁར་ཙོང་ཀ་ཆུང་དུམ་ཁའོ་ཀྲིག་གི་དབང་འོག་ཏུ་དུད་ཁྱིམ་གྲངས2020དང་མི་གྲངས9732ཙམ་ཡོད་པར་བཤད།[42] སྤྱི་ལོ742ལོར་མི་གྲངས་ཞིབ་བཤེར་ཐེངས་གཉིས་པ་བྱས་ཡོད་ལ། སྐབས་དེར་མཁར་ཙོང་ཀ་ཆེ་བའི་དབང་འོག་ཏུ་དུད་ཁྱིམ་གྲངས5389དང་མི་གྲངས27019ཙམ་དང་། མཁར་ཙོང་ཀ་ཆུང་ངུའི་དབང་འོག་ཏུ་དུད་ཁྱིམ་གྲངས4261དང་མི་གྲངས24400ཡོད་པར་བཤད།[43] འདི་ལྟར་མི་གྲངས་ཞིབ་བཤེར་ཐེངས་གཉིས་བྱེད་དོན་ཀྱང་དཔྱ་ཁྲལ་བསྡུ་ཚད་མཐོ་རུ་གཏོང་བའི་ཆེད་དུ་ཡིན། སྤྱི་ལོ749ལོ་ཁོ་ནར་ཀྱང་མཁར་ཙོང་ཀ་ཆེ་བར་གཞི་སྡོད་བྱས་ཡོད་པའི་ལུང་ཡུག་ཅེ་དོག་དཔོན་གྱིས་མི་སེར་རྣམས་ཀྱི་ལག་ནས་འབྲུ་ཁྲལ་ཏན440902ལྷག་བསྡུས་ཚུལ་རྒྱའི་ཡིག་ཚང«ཐུང་ཏེན»བྱ་བའི་ནང་བཀོད་འདུག །[44] ཙོང་ཀའི་ཡུལ་ཕྱོགས་ནི་དམག་སྡེ་ཆེན་པོ་བཅུའི་གནས་གཞི་གཙོ་བོ་ཡིན་ལ། དམག་མི་ཁོ་ན་ཡང་ཧ་ལམ་ཁྲི་བདུན་ལྷག་གནས་སྡོད་བྱས་ཡོད་པ་དང་། དཔེར་ན་སྤྱི་ལོ749ལོའི་མཁར་ལྕགས་རྩེ་འཕྲོག་པའི་གཡུལ་འགྱེད་ནང་དུའང་ཐང་དམག་དྲུག་ཁྲི་བདུན་སྟོང་ཙམ་ཞུགས་འདུག[45] དེར་བལྟས་ན་ཙོང་ཀའི་མི་སེར་རྣམས་ཀྱི་ལག་ནས་དམག་རྒྱགས་ཁོ་ན་ཡང་རྫོགས་མཐའ་བྲལ་བ་ཞིག་བསྡུས་མྱོང་པ་ཁ་ཚོན་གཅོད་ཐུབ། དཔྱ་ཁྲལ་དང་དམག་རྒྱགས་ལས་གཞན་ལོ་རེ་རེ་བཞིན་གོང་མར་འབུལ་བའི་ལོ་ཐང་གི་མིང་ཐོག་ནས། བསེ་རུའི་རྭ་དང་གླ་རྩི་སོགས་སྨན་རྫས་རྩ་ཆེན་གྱི་རིགས་དང་། གསེར་ཕྱེ་སོགས་རིན་བྲལ་གྱི་ནོམ་པ་མང་པོ་བསྡུས་ནས་གོང་མར་འབུལ་བཞིན་ཡོད་པའི་ཚུལ་ཀྱང་རྒྱའི་ཡིག་ཚང་ནང་མཐོང་ཐུབ།[46] འདི་ལྟ་བུའི་བཤུ་གཞོག་སྣ་ཚོགས་བྱས་པ་ལ་བརྟེན་ནས་ཐང་གོང་མའི་བང་མཛོད་ལ་ཁེ་བཟང་གཏོས་ཆེ་བ་ཐོབ་ཡོད་དོ། །
དུས་རབས་བདུན་པའི་དཀྱིལ་ཙམ་ནས་བཟུང་། དུས་ཡུན་ལོ་ངོ་བརྒྱ་ཡར་མར་ཙམ་ལ་རྒྱལ་རབས་ཆེན་མོ་འདི་གཉིས་ཀྱི་དཔུང་ཆེན་མདོ་སྨད་ཙོང་ཀའི་ཡུལ་ལུང་ཁག་ནང་རེས་མོས་ཀྱིས་འཁོར་བསྐྱོད་དང་གཡུལ་འགྱེད་ལན་མང་བྱས་པའི་ཉེར་ལེན་ལ་བརྟེན་ནས། མི་སེར་རྣམས་ལ་བདེ་བའི་གོ་སྐབས་ཤིག་གཏན་ནས་ཐོབ་མེད། སྤྱི་ལོ757ལོར་སྤུ་རྒྱལ་གྱིས་མཁར་ཙོང་ཀ་ཆེ་བ་ཕབ་པ་དང་། སྤྱི་ལོ759ལོར་མཁར་ཙོང་ཀ་ཆུང་ངུ་ཕབ་ནས་ཐང་གི་དམག་སྡེ་ཆེན་པོ་ཁག་ཤར་ཕྱོགས་སུ་ཕྱིར་དེད་བྱས་རྗེས། ཙོང་ཀའི་ཡུལ་ཕྱོགས་ཐམས་ཅད་སྤུ་རྒྱལ་གྱི་མངའ་རིས་རྣལ་མར་གྱུར་ཅིང་། དེ་ནས་བཟུང་རྒྱལ་རབས་ཆེན་མོ་འདི་གཉིས་སྔ་ཕྱིར་འཇིག་རག་བར་དུ་ཐང་གི་དྲག་ཤུགས་ཡུལ་འདིར་སླེབས་མྱོང་མེད། སྤུ་རྒྱལ་བཙན་པོའི་འཛིན་སྐྱོང་འོག་ཏུ་ཚུད་རྗེས། ཙོང་ཀའི་ཡུལ་ཕྱོགས་འདིར་ཁྲོམ་ཆེན་པོའི་གཞུང་བཙུགས་པར་མ་ཟད། རྨ་ཆུ་དང་ཙོང་ཆུ། ཀླུ་ཆུའི་རྒྱུད་ཀྱི་ཡུལ་ལུང་ཁག་གི་ཁྲོམ་ཆེན་པོ་དག་ལ་གཅིག་གྱུར་གྱི་བཀོད་འདོམས་བྱེད་བདེ་བའི་ཆེད་དུ་ཙོང་ཀ་རུ་བདེ་བློན་ཁམས་ཆེན་པོ་ཞིག་ཀྱང་གསར་དུ་བསྐྱེད་ཡོད་དེ།«ལྡེའུ་ཆོས་འབྱུང»ལས་ཁམས་གསུམ་འདྲེན་སྐབས། “ཙོང་ཁམས”[47]ཞེས་བྱུང་བ་དེ་ནི་ཙོང་ཀ་བདེ་ཁམས་ཚིག་སྡུད་བརྒྱབ་པ་གོར་མ་ཆག །གཞན་ཡང«ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང»ནང་བཀོད་པ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་སྤུ་རྒྱལ་གྱི་མངའ་རིས་ཡོངས་རྫོགས་ཁམས་གསུམ་དང་གླིང་དགུ་རུ་བཅད་ནས་དབང་སྒྱུར་བྱས་ཡོད།[48] སྐབས་དེའི་ཁམས་གསུམ་ནི་སྟོད་ཁམས་དང་དབུས་ཁམས། སྨད་ཁམས་གསུམ་ལ་བཤད་པ་ཡིན་ལ། དེའི་གྲས་ཀྱི་སྨད་ཁམས་བྱ་བ་ནི་ཙོང་ཁམས་ཀྱི་མིང་གཞན་ཡིན་པ«ལྡེའུ་ཆོས་འབྱུང་རྒྱས་པ»རང་ན་གསལ་བོར་བཀོད་འདུག །ཐ་ན་བསྟན་པ་ཕྱི་དར་གྱི་ཆོས་འབྱུང་ཁག་ནང་། བླ་ཆེན་པོ་འཁྲུངས་ཡུལ་གསུང་སྐབས་ཙོང་ཁ་བདེ་ཁམས་ཞེས་ཡང་ཡང་བྱུང་བ་དང་། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་ཚགས་ཨང་ཧ་གསPel.tib.0996ནང་། རྒྱའི་མཁན་པོ་མན་ཧ་ཤང་བྱ་བ་ཞིག་ཙོང་ཀར་ལོ་ངོ་སུམ་ཅུ་ཙམ་ལ་ཆོས་སྤེལ་ནས་བཞུགས་ཤིང་། རྗེས་སུ་རྒྱ་ཡུལ་དུ་ཕེབས་ཁར་བདེ་བློན་ཞང་ཁྲི་སུམ་རྗེ་མར་བུ་ཟེར་བ་ཞིག་གིས་ཧ་ཤང་ལ་གསོལ་ཚིགས་ཕུལ་ནས་ཤུལ་དུ་ཆོས་སྟོན་ནུས་པ་ཞིག་མཁན་པོར་འཇོག་དགོས་པའི་རེ་བ་ཞུས་ཚུལ་བྲིས་ཡོད། དེར་བལྟས་ན་མཁར་ཙོང་ཀ་ཆེ་བ་རུ་བདེ་བློན་ཁམས་ཆེན་པོའི་སྒར་གཞི་ཡོད་པ་ཤེས་ཐུབ།
སྤུ་རྒྱལ་གྱིས་ཙོང་ཀ་ཆེ་ཆུང་སོགས་བདག་ཏུ་བཟུང་རྗེས། དཔྱ་ཁྲལ་དང་འབྲུ་རྟེན་ག་ཚོད་བསྡུས་ཡོད་པ་ཤེས་ཐུབ་མེད་ན་ཡང་། ཏུན་ཧོང་ཡིག་རྙིང་ནང་། སྤྱི་ལོ746ལོ་ནས་བཟུང་། བཙན་པོས་བཀའ་ནན་ཆེན་པོ་བཏང་ནས་ཞིང་འབྲོག་གི་དཔྱ་ཁྲལ་ཇེ་ཡང་དུ་བཏང་བའི་སྐོར་བཀོད་ཡོད་པ་ལ་བལྟས་ན།[49] ཐང་གི་དཔྱ་ཁྲལ་དང་བསྡུར་ན་ཙོང་ཀའི་མི་སེར་གྱི་ལག་ནས་དཔྱ་ཁྲལ་མང་པོ་ཞིག་བསྡུས་མེད་པ་ཤིན་ཏུ་གསལ་མོད། འོན་ཀྱང་དཔལ་འབྱོར་གྱི་ཁེ་བཟང་གང་འཚམ་ཐོབ་ཡོད་པ་ནི་སྨོས་མ་དགོས། དེ་ཡང་རྩེ་ཞོལ་རྡོ་རིང་ཡི་གེ་ལས། “ཤིང་ཀུན་དང་ཙོང་ཀ་ཕྱོགས་ཀྱྀ་ཁྲོམ་ཆེན་ཕོས། ནོར་དང་ནས་ལསྩོགས་པ་བོད་ལ་དབང་བའྀ་མནང་ཕོ་གཅལད།”[50]ཞེས་བྱུང་བ་ལས། གོང་གསལ་གྱི་རྒྱའི་ཡིག་ཆའི་ནང་ཙོང་ཀ་རུ་འབྲུ་རིགས་ནས་ཀྱི་ཐོན་ཚད་ཆེ་བ་བཤད་པ་དང་གཅིག་མཐུན་ཏུ་གྱུར་ཡོད། སྤུ་རྒྱལ་ལ་མཚོན་ན། སྤྱིའི་ཆ་ནས་ཕྱུགས་ལས་ཀྱི་ཐོན་ཁུངས་འཛོམས་པོ་ཡིན་མོད། འབྲུ་རིགས་ཀྱི་ཆ་ནས་ཐང་དང་བསྡུར་ཐབས་མེད་པས། སྤུ་རྒྱལ་གྱིས་ཐང་ལ་དམག་རྒྱག་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་འབྲུ་རིགས་ཀྱི་ཆེད་ཡིན་པ་རྒྱའི་ཡིག་ཚང་རྙིང་པ་ཁག་ནང་གསལ།[51] ཙོང་ཀ་དང་ཤིང་ཀུན་སོགས་གཙང་བོ་ཆེན་པོའི་འགྲམ་རྒྱུད་དུ་ཆགས་པའི་ཡུལ་ལུང་ཁག་ན་ཞིང་ས་གཤིན་པོ་མང་དུ་ཡོད་ལ། དེ་བདག་ཏུ་བཟུང་ནས་འབྲུ་རིགས་ཀྱི་ཁེ་བཟང་གཏོས་ཆེ་བ་ཞིག་རྙེད་ཡོད་པ་རྟོགས་ཐུབ། ཙོང་ཀ་ཆེ་ཆུང་དང་བཅས་པ་སྤུ་རྒྱལ་གྱི་འཛིན་སྐྱོང་འོག་ཏུ་ཤོར་པ་དེས་ཐང་ལ་དཔལ་འབྱོར་གྱི་གྱོང་གུད་ཁོ་ན་ཙམ་ཞིག་མ་ཡིན་པར། ཐང་གོང་མའི་དམག་སྟོབས་ལ་ཉམས་ཆག་ཆེན་པོ་ཕོག་ཡོད། དེ་ནི་དམག་རྟའི་ཐོན་ཁུངས་གཙོ་བོ་ཞིག་གཞན་ལག་ཏུ་ཤོར་བས་ཡིན་ལ། ཕྱིས་སུ་ཐང་གིས་སྤུ་རྒྱལ་གྱི་རྟ་དམག་འགོག་ཐབས་སུ་བྱང་གི་ཧོར་ལ་འབྲེལ་ལམ་བཙུགས་ནས་དམག་རྟ་ཉོ་བསྡུ་བྱ་དགོས་བྱུང་བ་ལས་གསལ་པོར་རྟོགས་སོ། །[52]
ཙོང་ཀ་ཆེ་ཆུང་སོགས་སྤུ་རྒྱལ་གྱི་དབང་བསྒྱུར་འོག་ཏུ་ཚུད་རྗེས། ཐང་དང་མི་འདྲ་ས་གཞན་ཞིག་ཡོད་པ་ནི། དཔལ་འབྱོར་གྱི་ཁེ་བཟང་ཁོ་ན་ལེན་རྒྱུ་ཙམ་མ་ཡིན་པར། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་བཟུང་། སྤུ་རྒྱལ་གྱི་ཡུལ་ཕྱོགས་ཀུན་ཏུ་ནང་ཆོས་རྒྱ་ཆེར་སྤེལ་བའི་གནས་ཚུལ་འོག་ཏུ་ཙོང་ཀའི་ཡུལ་ཕྱོགས་སུའང་ནང་ཆོས་དར་སྤེལ་གཏོང་བའི་བྱ་བ་གཙིགས་ཆེན་དུ་བཟུང་བ་འདི་ལྟར། བོད་ཁམས་ཡོངས་སུ་ནང་ཆོས་སློབ་གཉེར་བྱ་སའི་གྲྭ་ཆེན་པོ་བཅུ་གཉིས་བཙུགས་པའི་གྲས་ཀྱི་བཞི་ནི་མདོ་སྨད་དུ་ཡོད་པ་དང་། དེའི་གྲས་ཀྱི་གྲྭ་ཆེན་པོ་གཅིག་ཙོང་ཀ་ཆེན་པོ་རུ་བཙུགས་ཡོད་པ«ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང»ནང་གསལ།[53] ཕྱིས་སུ་བཙན་པོ་རལ་པ་ཅན་གྱིས་ཀྱང་ཡུལ་དེར་གཙུག་ལག་ཁང་བཞེངས་ནས་མཚན་ལ་ཙོང་ཀ་ཆེན་པོ་ཞེས་བཏགས་པ་ལས་ཀྱང་ཤེས་ནུས།[54] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་ཚགས་ཨང་རྟགསPel.tib.0996ནང་བཀོད་པ་ལྟར་ན། མན་ཧ་ཤང་ཙོང་ཀར་ལོ་ངོ་སུམ་ཅུ་ཙམ་ལ་བཞུགས་ནས་སློབ་མ་མང་པོ་བསྐྱངས་ཤིང་གྲུབ་པ་ཐོབ་པའང་ཁ་ཤས་བྱུང་། ཁོང་རྒྱ་ཡུལ་དུ་ཕེབས་རྗེས། སློབ་མའི་མཆོག་ཏུ་གྱུར་པ་མཁན་པོ་ནམ་ཀའི་སྙིང་པོ་བྱ་བ་རྒྱལ་ཚབ་ལྟ་བུར་བཞུགས་ནས་བསྟན་པ་རྒྱ་ཆེར་སྤེལ་པ་དང་། ཁོང་དགུང་ལོ་དོན་གཅིག་པར་ཞོང་པོང་གི་དགོན་སར་སྐྱིལ་དཀྲུང་མ་གཡོས་ཤིང་སྐུའི་མདངས་མ་འགྱུར་བར་མྱ་ངན་ལས་འདས་པར་བཤད་ལ། ཡང་གོང་གསལ་གྱི་ཡིག་ཚགས་དེའི་ནང་བཀོད་པ་ལྟར་ན། སྤུགས་ཡེ་ཤེས་དབྱངས་བྱ་བ་རྒྱ་ནག་དང་བོད་ཀྱི་མཁན་པོ་ཐམས་ཅད་ཀྱི་མན་ངག་མནོས་པ་དེ་ཡང་ཙོང་ཀར་དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ནས་བསྟན་པ་སྤེལ་འདུག །ཨན་ཆུང་དཔེན་ས་དང་། ནམ་ཀའི་སྙིང་པོའི་དབེན་ས། ཞོང་པོང་དགོན་ས། ཡམ་ཡོག་གི་དབེན་ས། ང་ཙེའི་གཙུག་ལག་ཁང་སོགས་ཆོས་ཀྱི་བསྟི་གནས་ཁག་གི་མིང་ཡང་ཡིག་ཚགས་དེའི་ནང་གསལ་ལ། དེ་བཞིན་དུ་དན་ཏིག་ཤེལ་གྱི་ཡང་དབེན་བྱ་བའང་ལྷ་བཙན་པོ་དག་གི་སྐུ་རིང་ལ་ཡོད་པ་བསྟན་པ་ཕྱི་དར་གྱི་ཆོས་འབྱུང་ཁག་ནང་བཀོད་འདུག་པ་མ་ཟད། དཔྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་སྙིང་ཤོག་དྲིལ་ཨང་རྟགསIOL Tib J 754ངོས་སུ་དན་ཏིག་ཤན་ཞེས་བྲིས་ཡོད། ད་དུང་ཡིག་རྙིང་ཤོག་དྲིལ་དེའི་ངོས་སུ་ཙོང་ཀ་ན་གསེར་ཁང་གཡུ་ཁང་བྱ་བའི་གཙུག་ལག་ཁང་ཡོད་པའང་གསལ་བོར་བཀོད་འདུག་ལ། ཡིག་རྙིང་ཤོག་དྲིལ་དེའི་བརྗོད་དོན་ལ་གཞིགས་ན། རྒྱའི་བཙུན་པ་རྣམས་བོད་ཡུལ་བརྒྱུད་ནས་རྒྱ་གར་ལ་གནས་མཇལ་དུ་འགྲོ་བཞིན་པ་མ་ཟད། ཙོང་ཀའི་དན་ཏིག་ཤན་དང་གསེར་ཁང་གཡུ་ཁང་སོགས་ནི་མཆོད་མཇལ་གནང་ས་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ།[55]
སྤུ་རྒྱལ་བཙན་པོའི་སྐུ་རིང་ལ་ཙོང་ཀའི་ཡུལ་དུ་སྔར་ཐང་གི་དབང་སྒྱུར་སྐབས་དང་མི་འདྲ་བར་ནང་ཆོས་རྒྱ་ཆེར་སྤེལ་བ་འདུག་པ་ཤིན་ཏུ་གསལ། ཁྱད་པར་དུ་ཙོང་ཀའི་ཡུལ་དུ་གཉུག་མར་གནས་པའི་བོད་པ་ལས་གཞན། སྐབས་དང་སྐབས་སུ་སླེབས་པའི་རྒྱ་མི་སོགས་མི་རིགས་གཞན་པ་ཡང་གང་འཚམ་ཞིག་འདུས་སྡོད་བྱས་ཡོད་པའི་དགོས་མཁོ་ལ་དམིགས་ནས། རྒྱ་བོད་ཟུང་གི་དགེ་བའི་བཤེས་གཉེན་རྣམས་ཕེབས་ནས་ནང་ཆོས་སྤེལ་བ་དེས་རིག་གནས་སྣ་ཚོགས་གཞི་གཅིག་ཏུ་འདྲེས་པའི་ཡུལ་ཁམས་ཤིག་ཏུ་གྱུར་ཡོད། མདོ་སྨད་དུ་ནང་ཆོས་སྤེལ་བ་དེ་ནི་ཆོས་ལ་མཁས་པའི་མཁན་པོ་ཆོས་རང་མོས་ཁོ་ནའི་སྒོ་ནས་སྤེལ་བ་ཞིག་མ་ཡིན་པར། སྤུ་རྒྱལ་བཙན་པོ་དང་ས་གནས་ཀྱི་ཁྲོམ་ཆེན་པོའི་གཞུང་གི་བཀའ་རྒྱ་བཏང་ནས་ཆོས་སྤེལ་བ་ཞིག་ཡིན་པ་གདོན་མི་ཟ་སྟེ། སྔོན་རྒྱལ་བོ་སྲོང་བཙན་སྒམ་པོ་མདོ་སྨད་དུ་ཕེབས་ནས་ལོ་ངོ་བཅུ་གསུམ་ཙམ་གྱི་རིང་ལ་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་ཡོད་པ་དེས་ཀྱང་ར་སྤྲོད་གསལ་བོ་བྱས་ཡོད་ལ།[56] སྨད་མདོ་ཁམས་ཀྱི་བྱེ་བྲག་ཙོང་ཀའི་ཡུལ་གྱི་ནང་ཆོས་ཀྱང་ཚུལ་དེ་ལས་མ་འདས་ཏེ། དཔེར་ན་གོང་གསལ་གྱི་ཏུན་ཧོང་ཡིག་ཚགས་ནང་བདེ་བློན་ཆེན་པོ་ཞང་ཁྲི་སུམ་རྗེ་མར་བུས་མན་ཧ་ཤང་རྒྱ་ཡུལ་དུ་གཤེགས་ཁར་ཁོང་གི་མཁན་ཚབ་ཏུ་སློབ་མ་མཁས་པ་ཞིག་བསྐོ་དགོས་པའི་རེ་བ་འདོན་པ་ལས་ཀྱང་ཆོས་སྤེལ་བ་ནི་མཐོ་རིམ་སྲིད་དོན་མི་སྣ་ཁག་གི་འགན་ཁུར་གཙོ་བོ་ཞིག་ཡིན་པ་རྟོགས་ཐུབ་ལ། ཁྱད་པར་ལྷ་བཙན་པོ་དག་གི་སྐུ་རིང་ལ་ཆོས་ཀྱི་སློབ་དཔོན་རྣམ་པར་དངུལ་གྱི་ཡིག་ཚང་ཆེ་བ་གནང་བཞིན་པ་ལས་ཆོས་སྤེལ་བ་ནི་རྒྱལ་ཁབ་ཀྱི་བྱ་གཞག་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་ར་སྤྲོད་ཐུབ་བོ། །[57]
མདོར་ན། ཙོང་ཀ་ཆེ་ཆུང་སོགས་སྤུ་རྒྱལ་བཙན་པོའི་འཛིན་སྐྱོང་འོག་ཏུ་ཚུད་རྗེས། ཙོང་ཀའི་འབངས་མི་སེར་རྣམས་ཀྱིས་ཅུང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཏུ་ཞིང་ཕྱུགས་གཉེར་བཞིན་ཆོས་ཀྱི་སློབ་གསོ་མྱོང་བའི་གོ་སྐབས་དམིགས་བསལ་ཅན་ཞིག་ལ་ཕྲད་ཡོད། དེ་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ལ་མཚོན་ན། འབངས་སེམས་འགུག་པའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ནས། ཙོང་ཀའི་ཡུལ་གྱི་བོད་མི་ཁོ་ན་ཙམ་མ་ཡིན་པར་རྒྱ་མི་རྣམས་ལ་ཡང་སྤུ་རྒྱལ་བཙན་པོ་ན་རིམ་ལ་དད་ཞེན་གྱི་འདུ་ཤེས་ཟབ་མོ་ཞིག་ཆགས་ཡོད་དེ། ཐང་རྒྱལ་རབས་དུས་མཇུག་གི་སྙན་ངག་པ་སི་ཁུང་ཐོའུ(司空图837-908)བྱ་བའི་སྙན་རྩོམ«ཙོང་ཁའི་རྒྱུད་ཀྱི་མཐོང་སྣང»ཞེས་པའི་ནང་།[58] སྤུ་རྒྱལ་གྱི་འབངས་སུ་གྱུར་བའི་ཙོང་ཀའི་ཡུལ་གྱི་རྒྱ་མི་རྣམས་བཙན་པོ་ལ་སྤྲོ་བ་ཉེ་བའི་དབང་གིས་ནམ་རྒྱུན་ཆེན་པོ་ཐང་གི་རྒྱལ་ཁམས་ལ་དམག་བརྒྱག་སྐབས་སྣེ་ཁྲིད་པ་ཡིན་པ་མ་ཟད། མཁར་རྫོང་གི་སྟེང་དུ་འགྲེང་ནས་ཐང་དམག་ལ་དམོད་མོ་གཏོང་བ་སོགས་ཞིབ་འབྲི་བྱས་ཡོད་པ་བཀླགས་པའི་ཚེ་ན། ང་ཚོས་ཙོང་ཀའི་རྒྱ་རིགས་མི་སེར་རྣམས་ཀྱིས་ཐང་དམག་ནི་དགྲ་བོའི་དྭངས་མར་བརྩིས་ཡོད་པའི་ངང་ཚུལ་མཐོང་ཐུབ་པ་མ་ཟད། སྤུ་རྒྱལ་བཙན་པོ་ལ་དད་ཞེན་ཆེ་བ་ཤུགས་ནས་ཚོར་ཐུབ། དེའི་འབྱུང་རྐྱེན་གཙོ་བོ་ནི་སྤུ་རྒྱལ་གྱི་དམག་སྲིད་ལམ་ལུགས་ནང་བོད་མི་གཙོ་བོར་འཛིན་པའི་ཕྱོགས་ལྷུང་གི་ལྟ་བ་མེད་པ་ལ་རག་ལས་པ་མ་ཟད།[59] སྔོན་ཐང་གོང་མའི་དྲག་ཤུགས་ཙོང་ཀའི་ཡུལ་དུ་སླེབས་སྐབས། མི་སེར་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་བས་ཡིན། དེང་གི་ཞིབ་འཇུག་པ་ཁ་ཅིག་གི་རྩོམ་ཡིག་ནང་། སྤུ་རྒྱལ་གྱི་རྒྱ་མི་རྣམས་ཀྱིས་བོད་སྐད་སྨྲ་བ་དང་བོད་ལྭ་གྱོན་པ་སོགས་ནི་མི་རིགས་བཙན་བསྒྱུར་གྱི་སྲིད་ལུགས་ལག་བསྟར་བྱས་པའི་དཔང་རྟགས་ལྟ་བུར་འདྲེན་བཞིན་ཡོད་མོད།[60] སྤྱིར་ན་མི་རིགས་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཏུ་འབྲེལ་ལམ་ཟབ་ཞིང་ལྷིང་འཇགས་ངང་འཚོ་གནས་བྱས་ཡོད་ཚེ། ཉུང་ཕྱོགས་ལ་མང་ཕྱོགས་ཀྱི་ཤན་ཤུགས་ཐེབས་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འབའ་ཞིག་ཡིན་པ་མ་ཟད། ཤེས་རིག་སྣ་ཚོགས་བསྡུ་ལེན་དང་། མཉམ་འདྲེས། ཐ་ན་གཞན་འགྱུར་ནི་རྒྱུན་མཐོང་ཞིག་ཡིན་པས། གོ་བ་ལེན་དཀའ་བ་ཞིག་གཏན་ནས་མ་ཡིན་ལ། ཐམས་ཅད་བཙན་བསྒྱུར་གྱི་ནང་དུ་འདུ་དགོས་པའི་ངེས་པ་ཅི་ཡང་མེད། ཐ་ན་སྤུ་རྒྱལ་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་བའི་རྗེས་སུའང་དུས་ཡུན་རིང་པོ་ཞིག་ལ་ལྷ་བཙན་པོ་རིམ་བྱོན་གྱི་སྐུ་དྲིན་དྲན་པའི་བསམ་བློས་མི་རབས་དུ་མ་ཞིག་ལ་ཤན་ཆེན་པོ་ཐེབས་ཡོད་དེ། དུས་རབས་བཅུ་གཅིག་པའི་ནང་མདོ་སྨད་ཙོང་ཀའི་ཡུལ་དཔོན་དག་གིས་བཙན་པོའི་གདུང་རྒྱུད་དུ་གཏོགས་པའི་ཁྲི་ལྡེ་གདན་དྲངས་ནས་རྗེ་བོར་བཀུར་བ་དེ་ཡང་། དབང་སྒྱུར་པ་རྣམས་ཀྱིས་ཙོང་ཀའི་མི་སེར་རྣམས་ཀྱི་རབས་ནས་རབས་སུ་བརྒྱུད་པའི་དད་ཞེན་བེད་སྤྱད་པ་ཞིག་ཅི་ལ་མིན།
ཟུར་བལྟའི་དཔྱད་གཞི།
[1] བྲག་དགོན་པ། «མདོ་སྨད་ཆོས་འབྱུང་།» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982: 21.
[2] ཚལ་པ་ཀུན་དགའ་རྡོ་རྗེ། དུང་དཀར་བློ་བཟང་འཕྲིན་ལས། «དེབ་ཐེར་དམར་པོའི་མཆན་འགྲེལ།» [Z] མི་རིགས་དཔེ་སྐྲུན་ཁང་། 1993: 334.
[3] བཅོམ་ལྡན་རིག་རལ་གྱིས་མཛད་པའི«སྒྲའི་བསྟན་བཅོས་རྒྱན་གྱི་མེ་ཏོག»ཅེས་པའི་ནང་གསལ། རྩོམ་ཡིག་འདི་ནི«བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ》ཞེས་པའི་ནང་བསྡུས་ཡོད། མི་རིགས་དཔེ་སྐྲུན་ཁང་། 2012ལོའི་པར་གཞི་དང་པོ།
[4] 黄布凡、马德.敦煌藏文吐蕃史文献译注[M].甘肃教育出版社,2000: 97.
[5] དགེ་འདུན་ཆོས་འཕེལ་གྱི«དེབ་ཐེར་དཀར་པོ»ལས་འདི་ལྟར་འབྱུང་སྟེ། “དེ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཁ་དང་། དེའི་ལྷག་མའི་ཡུལ་ལ་བཙོང་ཁ་ཆེན་པོར་འདོད།”ཅེས་སོ། །
[6] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས།» [Z] ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་། 1995: 113.
[7][20][40][45] འཇམ་དར་གྱིས་བསྒྱུར། «སྲིད་སྐྱོང་མེ་ལོང་།» [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013: 136.137.55.124.
[8] [后晋]刘昫等: 《旧唐书》地理志一. “陇右节度使,以备羌戎,统临洮、河源、白水、安人、振威、威戎、莫门、宁塞、积石、镇西等十军,绥和、合川、平夷三守捉。陇右节度使,在鄯州,管兵七万人…”(中华书局,1975年版)
[9] [唐] 杜佑:《通典》第一百七十二卷,州郡二。(中华书局 1988年版)
[10] [唐]魏徵:《隋书》地理志:“西平郡湟水县,旧曰西都县,后周乐都郡,开皇初废,十八年改回湟水县”(中华书局,1973年版)
[11][19][22][23][49] འཇམ་དར་གྱིས་བསྒྱུར། «རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།» [Z] དེབ་གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013: 167.1.1.113.97.
[12] [北宋]李远,青唐录.青海地方旧志五种 [M].西宁:青海人民出版社,1989: 10.
[13] 祝启源.青唐盛衰 [M].西宁:青海人民出版社,2010: 32.
[14] 吴均:邈川、宗哥、安儿三城及省章、安儿、青唐三峡的位置[M].中国历史地理论从,1994 (1)
[15] [元] 脱脱:《宋史》第四十 地理志三“龙支城,旧宗哥城,元符二年改今名,”(中华书局,1985 年版)
[16] [宋] 李焘.《续资治通鉴长编》第223卷记载:“宗哥城分东西二垒,广八里,北依山,南枕湟水,比诸城最高。”(中华书局,2004年版)
[17] [清]周希武:《宁海纪行》 记载:“出碾伯县南门,折西行,二里至小古城,一里至大古城,两城如连环,相距三里许,”(甘肃人民出版社,2002年版)
[18] [后晋] 刘昫等:《旧唐书》地理志:记载“鄯州,治故乐都城。……湟水俗呼湟河,又名乐都水,南凉秃发乌孤始都此。”(中华书局 1975年版)
[21] དབང་རྒྱལ་དང་བསོད་ནམས་སྐྱིད། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།» [Z] མི་རིགས་དཔེ་སྐྲུན་ཁང་། 1992: 154.
[24] [后晋]刘昫等:《旧唐书》地理志三:记载“武德二年,置廓州。天宝元年,改为宁塞郡。乾元元年,复为廓州。” (中华书局 1975年版)
[25] 李智信.青海古城考辨[M].西安:西北大学出版社,1995: 141.
[26] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། «སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1982: 28.
[27] «སུང་གི་དེབ་ཐེར»ནང་། “ཙོང་ཁའི་དགེ་འདུན་པ་ལི་ལི་ཙུན་དང་མིའོ་ཁྲོན་གྱི་ཚོ་དཔོན་ཆེན་མོ་དབོན་པོ་ཆེ་གཉིས་ཀྱིས་རྒྱལ་སྲས་ལགས་འཕྲོག་སྟེ་ཁོ་ཀྲོའུ་རུ་ཁྲིད་ནས་རྗེ་བོར་བཀུར།”ཞེས་པ་ལ་ཟུར་ལྟ་བགྱིས་པ་ཡིན།
[28] 参见范文澜等.《中国通史》(第三册)记载 “陇右节度使-职务是防御吐蕃,治所在鄯州(青海乐都县)。统兵七万五千”(人民出版社,2015年版)
[29] [宋]司马光:《资治通鉴》第216卷,记载:“天下称富庶者无如陇右”(岳麓书社 2009年版)
[30] གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ། «བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992: 112.
[31] [宋]吕颐浩:《忠穆集》第八卷,《燕魏杂记》记载“今秦州接连熙河州及青唐羌界,乃自古产良马之地”(浙江古籍出版社 2012年版)
[32] དོན་དམ་སྨྲ་བའི་སེང་གེ «བཤད་མཛོད་ཆེན་མོ།» དབུ་ཆེན་ལག་བྲིས་མ། ཤོག་ངོས101ན་གསལ།
[33][52] [英]崔瑞德等.剑桥中国隋唐史[M].北京:中国社会科学出版社,1990: 571.571.
[34][60] 崔永红等.青海通史.[M] 西宁:青海人民出版社,2008: 207.199.
[35] [宋]欧阳修等:《新唐书》第五十卷,《兵志》记载“马者,兵之用也;监牧,所以蕃马也,”(中华书局,1975年版)
[36] 青海省文物管理处考古队、中国科学院考古研究所.青海柳湾[Z].文物出版社,1984: 248.
[37] ཅོ་ནེ་གྲགས་པ་བཤད་སྒྲུབ། «རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།» (ཁ།) [Z] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006.2.
[38] ཇོ་བོ་རྗེ་སོགས། «བཀའ་གདམས་བུ་ཆོས།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1995: 161.
[39] 祝启源.青唐盛衰[M].西宁:青海人民出版社,2010: 150.
[41] སྙན་རྩོམ་འདི་ནི་དེ་སྔ«སྦྲང་ཆར»སྟེང་སྤེལ་བའི་དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས་ཀྱི་བོད་འགྱུར་ལས་ཁོལ་དུ་ཕྱུང་བའོ། །
[42] [后晋]刘昫等:《旧唐书》地理志三。(中华书局 1975年版)
[43] [宋]欧阳修等.《新唐书》地理志四。(中华书局 1975年版)
[44] [唐] 杜佑:《通典》第二卷,食货二。(中华书局,1988年版)
[46] 参见《新唐书》地理志四。记载“鄯州西平郡,下都督府。土贡:牦犀角。……廓州宁塞郡,下。本浇河郡,天宝元年更名。土贡:麸金、酥、大黄、戎盐、麝香。”(中华书局 1975年版)
[47][56] མཁས་པ་ལྡེའུ། «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987: 256.292.
[48][53] ལྡེའུ་ཇོ་སྲས། «ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 1987: 121.136.
[50] གོང་གསལ་རྩེ་ཞོལ་རྡོ་རིང་གི་ཚིག་དེ་ནི་ད་སྔ་བསྒྲིགས་ནས་པར་སྐྲུན་བྱེད་པའི་དེབ་ཁག་ནང་མི་གསལ་མོད། སྙུག་ཐོགས་པས་དབུས་སུ་བཞུགས་པའི་གྲོགས་པོ་ཞིག་གི་ལག་ནས་རྡོ་རིང་ཡི་གེ་ངོ་བཤུས་མ་ཞིག་ལ་མཇལ་ཞིང་དེ་ལས་གོང་གསལ་གྱི་ཚིག་དེ་ཡོད་པས་ཇི་བཞིན་དུ་ཁ་བསྐངས་ནས་དཔྱད་གཞིར་ཕུལ་པ་ལགས།
[51] 参见《旧唐书》第五十四卷,《哥舒翰》记载“吐蕃每至麦熟时,即率部众至积石军获取之,共呼为‘吐蕃麦庄’,前后无敢拒之者。”(中华书局 1975年版)
[54] དབའ་གསལ་སྣང་། «དབའ་བཞེད།» [M] བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 2010: 291.
[55] དབྱིན་ཇིའི་རྒྱལ་གཉེར་མཛོད་ཁང་ན་ཉར་བའི་བོད་ཡིག་ཤོག་དྲིལ་ཨང་རྟགསIOL Tib J 754དེའི་ངོས་སུ་བཀོད་པ་འདི་ལྟར། “ཡོན་དག□□གཞི་ནམ□གསོལ་པ་རྒྱ□ནས་རྒྱའི་ཧ་ཤང་རྐ་ཐུབ་ཆེད་པོ་མཁས་པ□□པོ་བཙུན་ཆེན་གོང་ན་མྱེད་པ་གཅིག་རྒྱ་གར་ཡུལ་ན་དང་ལ་ཤག་ཀྱ་ཐུབ་པའི□ན་ཐོད་དུ་མཆི་བ་ལགས་པ། ལམ་ནི་འགོ་ལྡེ་ཤན་ནས་མཆིས་ནས། ག□གསེར་ཁང་གཡུ་ཁང་གང་དུ་ལམ□དེ་ནས་རི་དན་ཏིག་ཤན་དུ་བུད་དེ་ནས་ཙོང་ག་གསེར་ཁང་གཡུ་ཁང་དུ་བུད་དེ□□མཁབ་བག་བུད་དེ་ནས་ཀམ་ཅུ་མཁར□□ནས་ཤ་ཅུ□□རྒྱ□□ཡུན□དཔལ་ཤི་ལན་ན་ལེན་ཏྲ□□བྱ་རྒོད□□བཅོམ་ལྡན་སད་པ་ཤག་ཀྱ་ཐུབ་པའི□□མོན་ཅད་རྒྱ་བོད་བྱིན་གྱིས་ཀྱང་□□□□སྐྱེལ་རིམ་པར་བགྱིས་ལགས་སོ། དེ་ཡང་□བྱིན་གྱི་□□ས་བི་བར་བབ་□ལོད་ནས་པུ་བགྱི་བ་དང་བ□□མ་□□ལ་གནོད་པ་བྱེད་པ་ལ□□སི་བར་ཅད་བྱེད་པ་གཅིག་□་རྒྱུ་བ□□ཅད་ཀྱིས□□བཅུ་བ་□སྔག་ཀྱི་ཐུ་ན་ཕ□□བསྐུར་གཏང་ངོ་། །དེ་ལྟ་□□སྤྲིང་ངོ་། སུ་ཡང་མ་གཙེ་ཅིག”ཅེས་བྲིས་འདུག་མོད། མ་ཕྱིའི་ཡི་གེ་ཁག་ཅིག་མི་གསལ་བས་ཁ་བསྐང་ཐུབ་མ་བྱུང་། ཤོག་དྲིལ་འདི་ནི་ཏུན་ཧོང་ཞིབ་འཇུག་གླིང་ན་ཕྱག་ལས་གནང་བཞིན་པའི་སྐུ་ཞབས་གཡུ་རྔོག་པད་མ་དབང་རྒྱལ་ལགས་ཀྱིས་མཁོ་སྤྲོད་གནང་པ་ཡིན་ལ། ད་སྔ་བོད་ཡིག་གི་ལམ་ནས་ཤོག་དྲིལ་འདི་ལ་དཔྱད་འབྲས་ཅི་ཡང་ཐོན་མེད་པས་ཀུན་ལ་དཔྱད་གཞིར་ཕུལ་བ་ལགས་སོ། །
[57] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།» [M] མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1986: 190.
[58] [清]彭定求等编:《全唐诗》卷六百三十三,司空图:《河湟有感》“一自萧关起战尘,河湟隔断异乡春。汉儿尽作胡儿语,却向城头骂汉人。” (中华书局 1960年版)
[59] 参见[日]气贺泽保规著、石晓军译:《绚烂的世界帝国:隋唐时代》记载“就吐蕃统治期间的军政情况而言,吐蕃当局并没有只把藏人放在最重要的位子上,汉人也作为军人或者中下级的行政官协助吐蕃的统治。” (广西师范大学出版社 2014年版)
རྩོམ་པ་པོ་ངོ་སྤྲོད།
གངས་འཚོ། དངོས་མིང་ལ་ཐར་བ་འབུམ་ཟེར། སྤྱི་ལོ1972ལོར་མདོ་སྨད་ཀླུ་ཚང་ཚོ་བཞིའི་ཡ་གྱལ་རུ་མང་སྡེ་བ་ནས་སྐྱེས། སྔ་གཞུག་ཏུ«ཀྲུང་གོའི་བོད་རིག་པ» «བོད་ལྗོངས་ཞིབ་འཇུག»སོགས་སུ་བོད་རིག་པའི་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ།«སྦྲང་ཆར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དུས་དེབ་སྟེང་དུ་རྩོམ་རིག་དཔྱད་བརྗོད་དང་སྙན་ངག་ཉིས་བརྒྱར་ཉེ་བ་བཀོད། བརྩམས་ཆོས་གཙོ་བོ་ལ། «ཁ་བཏགས་ལྟ་བུའི་དབྱངས་ཅན་མ» «ཆོ་ལོ་མིག་དགུ» «བདུད་ཤུལ་ཚང་གི་ལོ་རྒྱུས» «དཀར་ནག་གི་འཐབ་མོ» «གཡག་དང་མཚོན» «བྱང་གི་ཤ་ལྤགས་སྐྱ་མོ»སོགས་ཡོད།
རྩོམ་ཁུངས། ༢༠༡༧ལོའི«མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号