སེམས་ལ་བསྙལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

རྩོམ་པ་པོ།:གླེ་གཞུག་པད་མ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-25 08:36:01 ཀློག་གྲངས།:
       ང་ཚོ་བོད་པ་རྣམས་ཀྱི་སེམས་སུ་གངས་དང་རི་ལ་ལྷ་དང་གཉན་གནས་ཤིང་། མཚོ་དང་ཆུ་ལ་ཀླུ་དང་བཙན་བཞུགས་པ་ནི་སྲིད་པ་ཆགས་པའི་ལོ་རྒྱུས་ཀྱི་ཕྲེང་བ་དང་བསྟུན་ནས་སེམས་སུ་གྲུབ་ཅིང་ཡིད་དུ་སྒོམ་ནས་ཡོད་པ་ཞིག་ཡིན་པས། རྩེ་མོ་གནམ་ལ་ཟུགས་པའི་ས་འཛིན་གྱི་སྟེང་དུ་ལྷ་ཤིང་གི་བསང་དུད་དགུང་ལ་འཕྱུར་ཞིང་གཡས་འཁྱིལ་དུང་གི་སྒྲ་དབྱངས་བར་མེད་མཆེད་ལ། ཀུན་གསལ་སྔོན་མོ་སྤང་ལ་ལྷུང་འདྲའི་ཆུ་གཏེར་ཆེན་པོའི་གཏིང་རིམ་ལ་མཚོ་གཏེར་བརྒྱག་ཅིང་སྨོན་ལམ་འདེབས། གངས་རྒྱལ་ཏི་སེ་དང་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཚོན་པའི་གངས་དང་མཚོ་ལ་དད་ལྡན་གྱི་སྐྱེས་འགྲོ་མང་པོས་དད་སྟོབས་དང་སེམས་ཤུགས་ལ་ཞུམ་པ་མེད་པར་གངས་སྐོར་དང་མཚོ་སྐོར་རྒྱག་པ་རེད།
       ང་ཚོ་གངས་ཀྱི་ལྗོངས་སུ་རི་ལ་སྒང་དྲུག་དང་མཚོ་ལ་ཆེན་བཞིར་འདོད་ཅིང་། དེའང་ས་ཁམས་ཀྱི་དབང་དུ་བྱས་ན་གཏན་ཚིགས་སུ་གྲུབ་ནས་ཡོད་པ་ཞིག་ཀྱང་ཡིན། མཚོ་ཆེན་བཞིའི་ཡ་གྱལ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་ཡ་གླིང་སྐམ་སའི་སྟེང་གི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ཞིང་། དེ་ལ་ཁྲི་བཤོས་རྒྱལ་མོ་དང་ཁྲི་བཤོར་རྒྱལ་མོ་སོགས་ཀྱི་མིང་གི་འདོགས་སྟངས་ཀྱང་ལོ་རྒྱུས་ཡིག་ཚང་རྣམས་སུ་མང་དུ་མཆིས།
       བསིལ་ལྡན་གྱི་ལྗོངས་འདི་ནི་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་གངས་རིས་ཁྱོན་ཡོངས་སུ་བསྐོར་ཞིང་མཚོ་དང་མཚོ་མོ་ནམ་མཁའི་མེ་ལོང་ཇི་བཞིན་ལྟེམས་མེར་འཁྱིལ་ཡོད་པས། གཞན་གྱིས་ང་ཚོའི་ཞིང་ཁམས་འདི་ལ་གངས་ཀྱི་ལྗོངས་དང་ཆུ་བོའི་འགོ་ཁུངས་སུ་འདོད། དེ་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་ཡིན་པར་སྟོད་ན་ཇོ་མོ་གླང་མའི་དབུ་འཕངས་དགུང་ལ་ཟུགས་པ། སྨད་ན་རོང་བཙན་ཁ་བ་དཀར་བོའི་ཞལ་མདངས་མངོན་པ། བར་ན་རྨ་རྒྱལ་སྦོམ་རའི་གཟི་བྱིན་འོད་དུ་འབར་བ་བཅས་གནས་ཤིང་། མཚོ་དང་ཆུ་ཆེན་གྱི་དབང་དུ་བྱས་ནའང་མ་ཕམ་གཡུ་མཚོ་དང་ཁྲི་ཤོར་རྒྱལ་མོ། རྨ་ཆུ་དང་འབྲི་ཆུ་བཅས་སུ་མཚོན་པའི་ས་སྒང་གི་ཟུངས་ཁྲག་ལྟ་བུའི་ཆུ་དང་མཚོ་མོའི་འགོ་ཁུངས་ཀྱང་ཞིང་འདི་རུ་ཡོད་པས་ཡིན་སྲིད།
       ཆོལ་ཁ་གསུམ་དུ་བྱས་པའི་མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་འདི་རུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་མི་སེམས་ཀྱི་ཤམ་བྷ་ལ་ལྟ་བུའི་ཞིང་ཁམས་ཤིག་ཏུ་འདོད་པས་མཚོ་འདིའི་མཐའ་འཁོར་དུ་གཡས་རུ་དང་གཡོན་རུ་ཞེས་བའི་སྦྲ་རོག་རོག་ཅན་གྱི་ཁྲི་སྡེ་དང་། ཁང་སྐྱ་ལེབ་ཅན་གྱི་སྟོང་སྡེ་ནི་ནམ་མཁའི་སྐར་ཚོགས་ཇི་བཞིན་བབས་ཤིང་ཆགས་ནས་ཡོད། མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་གྲུབ་མཐའ་ལ་ཕྱོགས་རིས་མེད་པར་སྒོམ་སྒྲུབ་བྱེད་སའི་གནས་མཆོག་ཅིག་ཏུ་འདོད་པས་མཚོ་སྙིང་མ་ཧ་དེ་བ་གཙོ་བྱས་ཏེ་མཚོ་ཆེན་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་གྲུབ་ཐོབ་པ་དང་རྣལ་འབྱོར་བ་སྐྱེས་ཆེན་གང་མང་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བ་རེད།
       སྔོན་ཆད་ང་རང་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་མཚོ་སྐོར་ལ་ཐེངས་འགའ་སོང་མྱོང་ནའང་མཚོ་ཆེན་གྱི་བྱིན་རླབས་དང་དངོས་གྲུབ་ཀྱི་ཆེད་དུ་ཕྱིན་པ་མིན་པར་གཞོན་པའི་སྣང་བ་དང་ཨ་སར་འདྲེས་མའི་ངང་ཕྱིན་པས། དྲང་མོར་བཤད་ན་ལྟད་མོ་ཙམ་གྱི་ཕྱིར་དུ་ཕྱིན་པ་རང་ཡིན་ཞེས་བཤད་ཀྱང་མི་ཆོག་པ་མེད་སྙམ།
       ད་ཐེངས་ཉེ་མི་ཞིག་འདས་གྲོངས་སུ་ཕྱིན་རྐྱེན་ཁོང་གི་རུས་ཐལ་ཁྱེར་ནས་ཕ་ཚན་གྱི་ཉེ་མི་མང་བོ་ཞིག་དང་ལྷན་དུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་ལ་ཆུ་དཔར་བརྒྱག་ཏུ་སོང་བ་ཡིན། དེ་ནི་ང་ཚོའི་ས་ཆར་མཚོན་ནས་བཤད་ན་གཤིན་པོ་ལ་འདས་མཆོད་བསྒྲུབས་རྗེས་སུ་འདས་པོ་ཁོང་ལ་སྐྱེལ་མ་བྱེད་སྟངས་ཁྲོད་ཆེས་ལེགས་ཤིང་ཡིད་དུ་འོང་བ་ཞིག་ཡིན།
       ང་ཚོ་མི་སུ་དང་གང་ཡིན་ཡང་སྐྱེས་བའི་མཐའ་མར་འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་མོད། ཆོས་ཉིད་དེ་རྟོགས་མཁན་ཤིན་ཏུ་ཉུང་ཉུང་ཡིན།
       ཞོགས་པའི་ཆུ་ཚོད་ལྔའི་སྟེང་ང་ཚོ་གཅན་ཚ་རྫོང་མཁར་ནས་ལམ་ལ་ཆས་ཏེ་རྨ་ཆུ་ལུ་མ་འཐད་ཀྱིས་གཏུབས་ཤིང་ལ་དམར་ཉག་གའི་རླུང་འཚུབ་གདོང་ལ་གཏད་པ་ན། སྤྲེའུ་ཞིག་དང་བྲག་སྲིན་ཞིག་གི་བརྩེ་དུང་ལས་འཁྲུངས་པའི་བསེ་དམུ་ལྡོང་སྟོང་དང་། སྒ་འབྲུ་དབྲ་ལྡོང་གི་རུས་ཚན་ལས་བྱང་བའི་ལོ་རྒྱུས་ཕྲེང་བ་མིག་ལ་འཁོར་ཞིང་ཡིད་ལ་འཇགས། ཟི་ན་རྒྱལ་བོའི་མཁར་དུ་འདོད་པའི་གནའ་མཁར་ཟི་ལིང་གྲོང་གི་གཞུང་བཤགས་ནས་སྟོང་འཁོར་ཁོག་གིས་མཚོན་པའི་ལུང་བ་མང་བོ་ཤོག་སྐྱ་ལྟེབ་ལྟེབ་བྱས་པའི་ཚེ། འོད་སྲུང་གི་གདུང་རྒྱུད་ལས་མཆེད་པའི་ཙོང་ཁའི་རྒྱལ་རབས་ཀྱི་དར་རྒུད་དང་། དུས་རབས་ཀྱི་རླུང་འཚུབ་ཁྲོད་འདར་སིག་སིག་བྱེད་ཅིང་ཁ་ཤོ་སྣ་ཤོ་རུ་གྱུར་བའི་གྱི་ཐང་མཁར་གྱི་ལྡེབས་རིས་དྲན་འོང་། ལོ་རྒྱུས་དང་བརྩེ་དུང་གི་གཏམ་རྒྱུད་ཀྱིས་བཟི་བའི་ཉི་ཟླ་ཉག་ག་འཕྲེད་ཀྱིས་བཅད་དེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཀློང་ལ་ཆུ་སྣ་བརྒྱ་དང་བརྒྱད་འདུས་པ་ལས་གྱེན་དུ་བཞུར་བར་བཤད་པའི་རིག་སྨོན་ཆུ་བོའི་བཞུར་རྒྱུན་དང་འགྲོགས་པ་ན། མགར་སྟོང་བཙན་ཞེས་པའི་བློན་ཆེན་ཞིག་གི་གློག་ཞགས་ལས་མྱུར་བའི་རིག་སྟོབས་ཀྱིས་ཨ་ཅེ་རྒྱ་བཟའ་བཙན་པོའི་ཁབ་ཏུ་བསུས་ཤིང་བསྟོད་པའི་མེ་ཏོག་གཏོར་བའི་ཤག་སྒྲ་རྣ་ལ་ཟེགས་འོང་། ང་རང་རྨི་ལམ་དང་མངོན་སུམ་འདྲེས་མའི་ཀློང་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་ཐོན་པ་ན། སྔོན་མར་ཐེངས་འགར་སོང་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་ད་ཐེངས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་གཉིས་ལ་མི་འདྲ་ས་མང་དུ་འདུག་སྟེ། དཔེར་ན། མཚོ་ཆེན་གྱི་ཁ་དོག་དང་རླབས་སྒྲ། ཉ་དང་ཆུ་བྱའི་འཁྱུག་རྩལ་དང་རྐྱལ་རྩལ། མཚོ་མཐའ་རུ་གནས་པའི་འབྲོག་མི་དག་གི་ངོ་གདོང་དང་འཚོ་བ་རོལ་སྟངས་སོགས་ཤིན་ཏུ་མང་བོ་འདུག
       ང་ཚོས་མཚོ་ཆེན་ལ་བཅིངས་པའི་སེམས་ཀྱི་དད་པ་བཏེགས་ཏེ་འདས་གྲོང་དུ་བྱིན་པའི་ཉེ་མི་ཁོང་བར་དོ་ན་འཇིགས་སྐྲག་མེད་པ་དང་། ཕྱི་མའང་གངས་ཀྱི་ལྗོངས་སུ་ཕ་མ་བྱང་སེམས་ཅན་ཞིག་གི་མངལ་དུ་སྦྲུམ་པའི་སྨོན་འདུན་ཁྱེར་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་གཡས་སྐོར་དུ་ཕྱིན་པ་ཡིན།
       ཡིན་ནའང་། ཁོར་ཡུག་སྲུང་སྐྱོབ་ཀྱི་དབང་གིས་མཚོ་ཆེན་གྱི་མཐའ་འཁོར་དུ་ལྕགས་ར་འཐེན་ཞིང་། ལྕགས་སྒོ་རེ་ན་དཔུང་རྟགས་དམར་བོ་ཅན་གྱི་མཚོ་སྲུང་བས་སྐོར་དང་ཁྱུ་བྱས་ནས་སྲུང་ཡོད་པས། ང་ཚོས་རྟ་ནག་མའི་བར་དུ་མཚོ་ཆེན་ལ་རྒྱང་མཇལ་བྱེད་པ་ལས་གམ་དུ་འབྱོར་ནས་སྨོན་ལམ་དང་སྐྱབས་འཇུག་ཞུ་མ་ཐུབ།
       དགུན་གཞུང་གི་ཙག་རླུང་དང་བུ་ཡུག་ལ་འཇིགས་པ་མེད་པར་མཚོ་ཆེན་ལ་ཕྱག་སྐོར་གྱིས་མཇལ་བའི་དད་སྟོབས་ཅན་དག་གི་སྙིང་སྟོབས་དང་བསྡུར་ཚེ། རླངས་འཁོར་གྱི་འབོལ་གདན་སྟེང་ན་ལན་རེར་མ་ཎི་འདོན་ཞིང་ཕྲེང་བ་འདྲེན་པ། སྐབས་རེར་དགོད་གཏམ་བཤད་ཅིང་ཧབ་ཆ་བརྒྱག་པའི་ང་ལ་བོད་ཕྲེང་བ་ཅན་དང་གོང་བ་ཅན་ཞེས་བའི་མིང་ཡང་འཚམ་དང་མི་འཚམ་ཁ་མཚོན་གཅོད་དཀའ་བར་འདུག
       མགོན་པོ་བྲག་སྣ་དང་ཐག་ཉེ་བའི་མཚོ་འགྲམ་དུ་ང་ཚོས་སྟོང་བཤགས་ཀྱི་ཆུ་དཔར་སེམས་ཀྱི་ལོངས་ཚོད་རེ་བརྒྱབ་སྟེ་འདས་པོ་ཁོང་གི་རུས་ཐལ་ཁྱོར་བ་གང་མཚོ་ལ་བཏབས་པ་ན། ངའི་སེམས་སུ་མཚོ་ཆེན་གྱི་རླབས་སྒྲ་ཆེ་རུ་ཕྱིན་ཞིང་། ཆུ་བྱ་སྟོང་ཕྲག་གིས་ཅ་ཅོ་ངག་གི་མགྲིན་དབྱངས་སྒྲོག་པ་ནི་སྐྱེས་ཆེན་ཞིག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དད་ལྡན་སྟོང་གིས་མ་ཎིའི་དབྱངས་རྟ་ངག་ལ་བསྐྱོན་པ་དང་ཀུན་ནས་མཚུངས།
       ང་ཚོས་དེ་ལྟར་ཉིན་གཅིག་གི་དུས་ཚོད་བེད་སྤྱད་དེ་དད་སེམས་དང་སྨོན་འདུན་བཏེགས་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་གཡས་འཁོར་ཐེངས་ཤིག་བརྒྱབ་རྗེས། མཐར་མཚོ་ཆུང་ནོར་བུར་འབོད་པའི་མཚོ་ཁར་ཐོན་པ་ན། སྲོད་ཀྱི་མུན་པ་རབ་ཏུ་འཁྲིགས་ཏེ་བྱང་གི་སྐར་མ་ཨ་བརྟན་རྒྱལ་བོས་ཀྱང་ཞལ་འཛུམ་དམུལ་དམུལ་བྱེད།
       ཟླ་འོད་འོག་གི་ཆུ་དཔར་གྱི་གཉེར་རིས་ནི་སྐབས་རེར་འཇིག་རྟེན་འདི་ཕྱི་གཉིས་ཀྱི་བར་ལ་བཏང་བའི་སྐུད་མེད་གློག་གི་རྦ་རླབས་དང་འདྲ་ལ། ལན་རེར་བྱང་ཕྱོགས་ཤམ་བྷ་ལར་འཐེན་པའི་མྱུར་བགྲོད་ཀྱི་ཐེམ་སྐས་ཤིག་དང་ཀུན་ནས་མཚུངས།
       དད་པ་དང་སེམས་ཤུགས་ཀྱིས་སྐྲུན་པའི་མཚོ་ཆེན་ལགས། ཤ་རུས་དང་ཁྲག་རྒྱུན་གྱིས་བརྒྱུས་པའི་ཉེ་མི་ལགས། ངས་འགྱུར་བ་མེད་པའི་དད་སྟོབས་ཀྱི་ལག་ཟུང་སྙིང་ཁར་སྦྱར་ཏེ། མུ་ཏིག་བསྟར་དུ་བརྒྱུས་འདྲའི་མཆུ་མའི་རྡོག་པོ་བྲང་ལ་དཔྱངས་ནས་རྒྱང་རིང་ཞིག་ལ་སྨོན་ལམ་འདེབས་ཞོར་སེམས་ཀྱིས་བསྐྲུན་པའི་ཕ་ཡུལ་ཕྱོགས་སུ་ཆས་སོང་ལགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།