«བོད་ཡིག་བསྟན་བཅོས་ཚིག་མཛོད»ཀྱི་པར་སྐྲུན་འགྲེམ་བརྡ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-25 08:20:11 ཀློག་གྲངས།:
       ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་སྒྲིག་རྩོམ་མཛད་པའི«བོད་ཡིག་བསྟན་བཅོས་ཚིག་མཛོད»ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
སྔོན་འགྲོའི་གཏམ།
 
བརྩེ་ཆེན་ཡེ་ཤེས་སྣང་བའི་འོད་དཀར་གྱིས། །
བླང་དོར་གནས་ལུགས་གསལ་བར་སྟོན་མཛད་པའི། །
ཕུན་ཚོགས་འདོད་དགུའི་མཚན་ཉིད་ལེགས་བཤད་གསུང་། །
དོན་གྱི་སྙིང་པོར་ཡོངས་འཁྱིལ་བང་མཛོད་རྒྱལ། །
       བོད་ཀྱི་ཡུལ་འདིར་བོད་མི་དག་གིས་རང་གི་ལུས་སེམས་ཀྱི་འཚོ་བའི་དགོས་མཁོར་བསྟུན་ནས་སྔར་ཡོད་ལྷན་སྐྱེས་ཀྱི་ཤེས་རིག་གཞིར་བྱས་ཐོག རྒྱལ་པོ་སྲོང་བཙན་སྒམ་པོ་དང་། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ནས་མི་རིགས་གཞན་དང་ཡུལ་གྲུ་གཞན་དག་ལས་མཁོ་བའི་གསུང་རབ་བསྟན་བཅོས་མང་པོ་བོད་ཡིག་ཏུ་ཚུར་བསྒྱུར་བ་དང་། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་མཚོན་ནའང་བོད་སྐད་དུ་བཞུགས་པའི་གསུང་རབ་པོད་སུམ་བརྒྱ་ལྷག་དང་། དེའི་སྟེང་བོད་རང་གི་མཁས་པའི་མཛད་པའི་འབྲེལ་ཡོད་གསུང་འབུམ་བགྲང་གིས་མི་ལངས་པ་ཞིག་བཞུགས་ཡོད་པ་རྣམས་བསྟན་བཅོས་ཚིག་མཛོད་འདིའི་ཐ་སྙད་ཀྱི་འབྱུང་ཁུངས་གཙོ་བོར་བཟུང་ཡོད་དེ། དཔེར་ན། མདོ་ཕྱོགས་བསྟན་བཅོས་ཀྱི་ཐ་སྙད་དང་། སྔགས་ཕྱོགས་བསྟན་བཅོས་ཀྱི་ཐ་སྙད། བརྡ་རྙིང་བསྟན་བཅོས་ཀྱི་ཐ་སྙད། རྣམ་ཐར་བསྟན་བཅོས་ཀྱི་ཐ་སྙད། གདན་རབས་དང་གནས་ཆེན་ལམ་ཡིག་བསྟན་བཅོས་ཀྱི་ཐ་སྙད། དེབ་ཐེར་དང་ཆོས་འབྱུང་བསྟན་བཅོས་ཀྱི་ཐ་སྙད། སྒྲ་རིག་པའི་བསྟན་བཅོས་ཀྱི་ཐ་སྙད། གསོ་བ་རིག་པའི་བསྟན་བཅོས་ཀྱི་ཐ་སྙད། རྩིས་རིག་སྐོར་གྱི་བསྟན་བཅོས་ཀྱི་ཐ་སྙད་སོགས་འབྲེལ་ཡོད་བསྟན་བཅོས་ཀྱི་ཐ་སྙད་རྣམས་ཅི་ནུས་ཀྱིས་བསྡུ་རུབ་བྱས་ཡོད་མོད། གཅིག་ནས་འདི་ནི་སྤྱིར་བོད་ཡིག་གི་ལམ་ནས་བརྩམས་པའི་བསྟན་བཅོས་ཐ་སྙད་ཀྱི་ཚིག་མཛོད་ཆེད་གཉེར་གྱིས་བསྒྲིགས་པའི་ཐོག་མར་གྱུར་པ་དང་། གཉིས་ནས་རང་ཉིད་ཀྱི་ཤེས་ཡོན་གྱི་ཚད་དམའ་བས་གང་འདིའི་ཐ་སྙད་ཀྱི་གོ་རིམ་སྒྲིག་སྟངས་དང་། འགྲེལ་བཤད་བྱེད་སྟངས། ཐ་སྙད་དབྱེ་བསྡུ། འགྲེལ་གྱི་དབྱེ་རྟགས་འགོད་སྟངས། ཐ་སྙད་ཀྱི་ནང་དོན་རྒྱས་བསྡུས་དང་གལ་ཆེན་ཡིན་མིན་གྱི་རིམ་པ་དང་ཡིག་གྲངས་གཅོད་ཚུལ་སོགས་ཀྱི་ཐད་མ་རྟོགས་ལོག་རྟོག་གི་ལམ་དུ་སོང་བའི་ཞན་ཆ་དང་མི་འདང་ས་མང་པོ་ཡོད་པ་བཤད་མ་དགོས། དེ་བས་ན། ཐེངས་འདི་གའི་རྩོམ་སྒྲིག་གི་རྨང་གཞི་དང་ཉམས་མྱོང་ལ་བརྟེན་ནས་ཕྱིས་སུ་ཕྱོགས་རེ་བར་མ་གྱུར་པའི་བོད་ཡིག་བསྟན་བཅོས་ཀྱི་ཚིག་མཛོད་ཆ་ལག་ཡོངས་སུ་རྫོགས་པ་ཞིག་བསྒྲིག་ཐུབ་རྒྱུར་རེ་སྨོན་བྱེད་བཞིན་ཡོད་པས། འདི་དང་འདི་ལྟ་བུའི་ལས་དོན་གལ་ཆེན་དུ་མཐོང་བའི་མིག་ལྡན་མོས་མཐུན་ཅན་དག་གིས་ཐུགས་བཞེད་ལྷུག་པོར་འདོན་པའི་རེ་བ་ཞུའོ། །

ཞེས་བློ་གྲོས་ཀྱི་རྩལ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གཉིས་ཆ་ནས་དམན་པའི་དུས་བསྟུན་གྱི་དགེ་མིང་འཛིན་པ་ཆ་རིས་སྐལ་བཟང་ཐོགས་མེད་མི་ཕམ་ཚངས་སྲས་དགྱེས་པའི་བློ་གྲོས་སུ་འབོད་པས་སྤྱི་ལོ༢༠༢༡ལོའི་ཟླ༦པའི་ཚེས་བཟང་ལ་བྲིས་པ་དགེའོ། །
རྩོམ་པ་པོ་ངོ་སྤྲོད།
       ཆ་རིས་སྐལ་བཟང་ཐོགས་མེད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། སྤྱི་ལོ1963ལོར་མདོ་སྨད་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཡ་གྱལ་ཆ་རིས་སྡེ་བར་སྐྱེས། སྤྱི་ལོ1979ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་ནས་དམའ་འབྲིང་དང་མཐོ་འབྲིང་། སློབ་ཆེན་གྱི་བསླབ་གཉེར་སོགས་ཡོངས་སུ་གྲུབ་པར་མ་ཟད། སློབ་ཆེན་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་ལོ་ངོ་གཉིས་ཙམ་གྱི་རིང་ལ་སློབ་གཉེར་གནང་། སྔ་ཕྱིར་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་དང་། རྗེ་འཇམ་དབྱངས་རྒྱ་མཚོ། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་དགེ་རྒན་མང་པོ་བསྟེན་ནས་གཞུང་ཆེན་ཁག་ལ་འབད་འབུངས་གནང་བས་འབྲས་བུ་གཡུར་དུ་ཟ་བ་བླངས། དེ་ནས་ཐོག་མར་ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་དུ་ཕེབས་ཏེ་དཔེ་རྙིང་འཚོལ་སྒྲིག་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར། སྤྱི་ལོ2006ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ལས་གནས་སྤར། སློབ་གྲྭ་དེར་ཁོང་གིས་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་སྡུད་སྒྲིག་དང་ཞིབ་འཇུག་གི་ལས་ཀ་གཙོ་བོར་གཉེར་ཞིང་། ཞོར་དུ་སུམ་རྟགས་དང་བསྡུས་གྲྭ། ལོ་རྒྱུས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། གྲུབ་དོན་ས་གསུམ་སོགས་ཐུན་མིན་གཞུང་གི་སྐོར་བཅས་ཀྱི་དཔེ་ཁྲིད་གནང་སྟེ་སློབ་བུ་གང་མང་བསྐྱངས།
       སྔ་ཕྱིར་རིག་གཞུང་དཔྱད་རྩོམ་བརྒྱད་ཅུ་ལྷག«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་ཆེན་གྱི་རིག་དེབ»སོགས་སུ་སྤེལ་བར་མ་ཟད། སྔ་གཞུག་ཏུ«ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས»དང«ཁྲི་ཆེན་རབ་བརྟན་རྒྱ་མཚོའི་རྣམ་ཐར» «རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ» «བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ» «གཞུང་པོད་ལྔའི་སྤྱི་བཤད» «འཇིག་རྟེན་ཁམས་ཀྱི་རྣམ་གཞག་མདོར་བསྡུས་སུ་བཀོད་པ» «བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་གནད་ཀྱི་དྲིས་ལན» «བོད་ཀྱི་རིག་གནས་ལས་འཕྲོས་པའི་གཏམ་བློ་གསལ་མགུལ་རྒྱན» «ཏུན་ཧོང་ནས་རྙེད་པའི་ནང་བསྟན་ཆོས་གཞུང་བོད་འགྱུར་མ་ཞིབ་འཇུག» «བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད» «གསུང་རབ་བཀླགས་པའི་མཆན་འགྲེལ་ཐོ་ཡིག་ཏུ་བཀོད་པ་སྐལ་བཟང་སྙིང་གི་ཁྱད་ནོར» «གངས་ལྗོངས་གཙུག་ལག་ལས་འཕྲོས་པའི་ཉེར་མཁོའི་བརྡ་དོན་རྣམ་འབྱེད» «བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས» «ཤེས་རིག་སྨྲ་བའི་བསྡུས་དོན»སོགས་དཔེ་དེབ་ཉི་ཤུ་ལྷག་པར་སྐྲུན་བྱས།
       སྤྱི་ལོ2012ལོར«བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ»ཞེས་པར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞིའི་ཆོག་མཆན་ཐོབ་པ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་དགུ་ལྷག་ལེགས་པར་གྲུབ། ད་ལྟ་ཁོང་གིས་རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་ཕྲེང་དང་། དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་ཕྲེང་སྡུད་སྒྲིག་མཁན་གཙོ་གྲས་ཀྱི་འགན་བཞེས་མུས་སུ་མཆིས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།