ཚྭ་རྡེའུ་ཡི་ལྷུག་རྩོམ་གསར་པ།
རྩོམ་པ་པོ།:ཚྭ་རྡེའུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-26 09:59:34
ཀློག་གྲངས།:
མ་ཅིག་དཔལ་ལྷའི་མདུན་གྱི་དངུལ་ཀོང་།
ཚྭ་རྡེའུ།
ནམ་སྨད་འདི་ལ། ངས་ལྷ་སའི་བར་སྐོར་གྱི་མགྲོན་ཁང་ཆུང་ཆུང་ཞིག་ཏུ། ཀྱ་ཀྱུའི་ལྡེམ་འགྲོས་ལ་དབང་འབྱོར་བའི་ཨ་མའི་སྐྱོམ་འཇགས་གཉིས་ལྡན་གྱི་སྔུར་སྒྲར་མཉན་བཞིན། ཉིན་བཅུ་ཕྲག་ལྷག་གི་དབུས་མཇལ་རིང་མོ་ལ་ཕྱིར་དྲན་བྱེད་བཞིན་ཡོད། ཟོ་ཁར་བྱོ་འདྲའི་ལྷ་སའི་མཚན་ངོགས་རིང་མོའི་ཆར་ཞོད་ཀྱིས། ང་སྡོད་སའི་ཁང་ཆུང་གི་སྒེའུ་ཁུང་ཁ་རུ་འཇགས་པ་མེད་པའི་ཤག་སྒྲ་སྒྲོག མཚན་མོ་འདིར། ཨ་མའི་སྔུར་སྒྲ་དང་ཆར་བའི་ཤག་སྒྲ་གཉིས་ཀས། འདི་ལྟར། ངའི་གཉིད་ཀྱི་ལུག་ཁྱུ་བདའ་ནས་རྒྱང་རིང་ལ་སྐྲོད་ཀྱིན་འདུག༢༠༢༥ལོའི་ཟླ༦པའི་ཚེས༢༧ཉིན། ངས་དགུང་གྲངས་ང་དྲུག་བཞེས་པའི་རང་གི་ཨ་མ་ལགས་དང་། གུས་པ་བུ་ལྟར་གཅེས་པའི་གྱོས་མོ་དགུང་གྲངས་རེ་གཉིས་ཅན། རང་གི་བུ་དང་བུ་མོ་ཟུང་། ཀླུ་ཚང་གཡོན་གཞིས་ཡུལ་གྱི་མནའ་མར་གྱུར་བའི་སྲིང་ཆུང་མ་བཅས་ཁྲིད་དེ། སྤྱི་ལེ་ཉིས་སྟོང་གིས་ཆོད་པའི་ཕ་ཡུལ་ཨ་མདོ་ནས་ལམ་ལ་ཆས་ཏེ། འདི་ལྟར་བསམ་དབང་དྲན་དབང་མེད་པར་སྐད་ཅིག་སྐད་ཅིག་གི་ཡུན་དུ་ཡུལ་དབུས་ལ་ཐོན་ཞིང་། ནམ་ལངས་རི་དང་སྨིན་དྲུག་ཡུལ་བྱས་ནས། ད་ནི། འཆར་ཅན་དུ་ཡོད་པའི་དབུས་མཇལ་བྱ་ཡུལ་ཡོངས་རྫོགས་ལ་ཐོད་པའང་གཏུགས་ཚར་ཟིན།
ཨ་མ་དང་གྱོས་མོ་རྣམ་གཉིས་ནི། འཇིག་རྟེན་ཆེན་པོ་འདིའི་ལུང་ཁུགས་ཆུང་ཆུང་ན་འཚོ་བའི་དཀྱུས་མའི་མི་སེར་རང་སྟེ། ད་ལྟའི་བར་དུ་ཡུལ་དབུས་ལ་ཐེངས་གཅིག་ཀྱང་ཐོན་མྱོང་མེད་ཁར། ཕ་ཡུལ་ནས་རྐང་བཙུགས་ཏེ་ལ་ལུང་མང་པོ་བསྐོར་རྒྱུའང་སྲིད་མཐའ་ཙམ་ཡིན། གཉོམ་ཆུང་དབང་ཆུང་གིས་འཚོ་བའི་ཁོ་པ་ཅག་ལ། མི་ཚེ་འདིར་གཞན་ལ་ངོམ་སོ་བྱས་ཆོག་པའི་ལག་རྗེས་ཕོན་ཆེན་ཞིག་ཧ་ལམ་མི་སྲིད་མོད། མི་ཚེ་ཧྲིལ་པོར་རྒྱུ་འབྲས་དང་དམ་ཚིག་ཁག་ཅིག་རང་གི་མིག་འབྲས་ལྟར་བསྲུངས་ཏེ་འོངས་པ་རེད། ཁ་ཉིན་ཟི་ལིང་ནས་ལམ་ལ་ཆས་དུས་སུ་ཁོང་གཉིས་ཀྱི་གདོང་ལ་ཨེ་སྲིད་ན་སྙམ་པའི་དགའ་སྤྲོ་དང་རེ་བས་ཁེངས་འདུག་པ་དེ་ཁོ་ནས་ཀྱང་། ངས་ཉིན་ཞག་མང་པོ་ལ་རླངས་འཁོར་བསྐོར་ཏེ། ཁོང་རྣམ་པས་མི་ཚེ་རིང་མོར་སྨོན་པ་བྱེད་ཀྱིན་པའི་མཆོད་གནས་ཁག་ལ་འགྲོ་རོགས་འདུག་རོགས་བྱས་ཤིང་། རྩེ་ཕོ་བྲང་དང་ལྕགས་པོ་རི། ནོར་བུ་གླིང་ག ཇོ་ཤཱཀ་རྣམ་གཉིས། སེ་འབྲས་དགེ་གསུམ། གཙང་བཀྲ་ཤིས་ལྷན་པོ། སྣར་ཐང་། ཁྲོ་ཕུ་བྱམས་ཆེན། ས་སྐྱ་དང་ངོར། འབྲི་གུང་མཐིལ། མཉེས་ཐང་སྒྲོལ་མ་གསུང་འབྱོན་སོགས་གནས་འགངས་ཆེན་གང་དུ་སླེབས་ཀྱང་། རང་ཚོད་ཀྱིས་གྲ་སྒྲིག་སྔོན་སོང་སྒོས་ངོ་སྤྲོད་དང་རྟེན་བཤད་འདྲ་པོ་བྱས་ཏེ་འོངས་པ་དེར། ཁོང་གཉིས་ཀྱིས་ཤིན་ཏུ་དགྱེས་ཚོར་ཆེན་པོ་གནང་གིན་འདུག་ཅིང་། ངོར་གྱི་ཁྲི་དམར་མ་དང་དགའ་ལྡན་གསེར་ཁྲི་གཉིས་ཀར་མཇལ་ཉིན་རང་བློས་ལྕོག་ཚོད་ཀྱིས་ལ་བཤད་ལུང་བཤད་མང་པོ་བྱས་པ་དེར། རྣམ་པ་གཉིས་ཀྱིས་ཡིད་མགུ་བའི་བསྟོད་རའང་མཛད་བྱུང་། ལྷག་པར། མ་ཅིག་དཔལ་ལྷར་མཇལ་ཉིན་ཞུས་པའི་འཕྲོས་བཤད་ཁག་ཅིག་གིས། ངའི་ཨ་མའི་སེམས་གཏིང་དུ་བྱིང་བའི་དྲན་པ་ཁ་ཤས་ཤིག་ཕྱིར་བཏོན་སོང་བ་འདྲ་སྟེ། མོས་ཡུན་རིང་ཞིག་ལ་ཡིད་གདུང་དྲག་པོས་མིག་ཆུ་གཏོང་གིན་འདུག་པ་དེས། ཁོ་བོ་ཅི་བྱེད་འདི་བྱེད་མི་ཤེས་པའི་བློང་བློང་པོ་ཞིག་ཏུ་བཏང་བྱུང་།
༡༩༣༢ལོར། གུས་པའི་ཆོ་རིགས་སུ་འཁྲུངས་པའི་མཁར་སྔོན་ཤི་རི་ཐུ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་བ་དགེ་འདུན་བསྟན་པ་ཕུལ་བྱུང་ཚང་ངམ། ཡོངས་གྲགས་ལ་མཁར་སྔོན་པོ་ཚང་གིས་རྨ་ཆུའི་ནང་ལུང་གི་བཟང་བཟང་དྲག་དྲག་མང་པོ་འཁོར་ཞབས་སུ་བཀུག་ཅིང་། ཉེ་ཚན་དབུས་རོགས་ཁྲིགས་སེ། ཁལ་རྟ་སྒ་དམར་འཕྲོད་ལེར། དགུང་ལོ་མཐོ་ཡང་ཕ་ཡུལ་ནས་ཞབས་བཏེགས་ཏེ་ལྷ་ལྡན་ཞིང་དུ་ཕེབས་རྒྱུའི་ལམ་སྣེ་བཟུང་། ཡིན་ནའང་། དབུས་རོགས་ཀྱི་ཁྲོད་དུ་རྒན་རྒོན་མང་ཞིང་། སྐུའི་དབོན་པོའང་ལོ་དེར་མི་འདོད་སྙུང་གཞིས་གཙེས་པས། དགོང་ཁར་ཇ་ཐབ་རྒྱག་ས་ནས་ཕྱིར་བལྟས་ན། ཞོགས་པར་ལམ་ལ་འབུད་ས་ལྷང་ངེར་རིག་ཐུབ་པའི་ནར་འགྲོས་ཁོ་ནས། ཉིན་ལ་ཟླ་མཐུད། ཐང་ལ་སྒང་མཐུད། རི་ལ་གཤོང་མཐུད། ཉིན་ལ་མཚན་མཐུད་ཀྱིས་ལམ་ལ་ཆས་པ་ཡིན་སྐད། ངེད་ཀྱི་རྨོ་མོའི་ཨ་མ་སྟེ། མེས་མོ་ལགས་ཀྱང་ལོ་དེར་དབུས་ལམ་མནན་མ་ཐག་བཙས་པ་ཡིན་པས། སྐུ་ཕྱོགས་ཀྱིས“ཆོས་བསོད་ཅན་གྱི་བུ་མོ་ཞིག་རེད། མིང་ལ་ཆོས་སྐྱིད་བཏགས་པ་ཡིན”གསུངས། དེ་ལྟ་ནའང་། འབྲི་ཆུའི་ཆུ་དམར་རབ་བདུན་བཅད་པ་ལས་ཀྱང་དཀའ་ཁག་ཅིག་བྱུང་བ་ནི། ཟླ་ངོ་གསུམ་གྱི་ཕྱིས་སུ་སྐུའི་དབོན་པོ་ལགས་མི་འདོད་སྙུང་གཞིས་ཁྱེར་ཏེ་དབུས་ལམ་དུ་འདས། ཟླ་ངོ་འགའ་ལས་མེད་པའི་ངའི་མེས་མོ་ལགས་ཀྱང་གློ་བུར་ན་ཚས་བཟུང་སྟེ། དབུས་རོགས་དག་ཅི་ཡིན་འདི་ཡིན་མི་ཤེས་པའི་ཨར་ལ་གཏད་པས། མོའི་ཨ་མས་སྐུ་ཕྱོགས་ལ་གཏད་གཉེར་བྱས། དབུས་རོགས་ཚོས་ཁ་བཏོན་མུར། དེ་ལྟར་ལོ་ཟླ་བ་གལ་ཏ་འཕེན་འཕེན་དང་། ཞག་ཉི་མ་དོང་ཙེ་བརྩི་བརྩི་བྱས་ནས་གཉན་འཕྲང་མང་པོ་བརྒྱུད་མཐར། མེས་མོ་ལགས་མོའི་ཨ་མས་པང་སྟེ། གཞི་ནས་ཤི་མིན་གསོན་མིན་མི་ཤེས་པའི་ཚོད་ཀྱིས་དབུས་སུ་ཐོན་པ་ཡིན་སྐད།
ཡང་ལྷ་ལྡན་ཞིང་དུ་འབྱོར་རྗེས། མཁར་སྔོན་པོ་ཚང་གཙོས་དབུས་རོགས་དག་གིས་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་ཀྱི་སྐུ་མདུན་ལ་གསེར་དངུལ་དང་དར་གོས་སོགས་ཀྱི་འབུལ་བ་རྒྱ་ཆེར་ཕུལ། ལམ་ཁར་འདས་པའི་དབོན་པོ་གཙོས་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་ཡིད་གདུང་དྲག་པོས་སྐྱབས་འཇུག་ཞུས། དབུས་གཙང་གཉིས་ཀའི་ཕྱོགས་སུ་འབུལ་རྟེན་དང་བཅས་པའི་ཆོས་འབྲེལ་ཟབ་མོ་བཞག ལྷག་དོན། སེ་ར་དང་འབྲས་སྤུངས་གཉིས་ཀར་གོས་ཕྲུག་འབོར་ཆེན་གྱི་འགྱེད་བརྒྱབ་པས། སྐུའི་ཕྱག་མཛོད་སོགས་དབུས་རོགས་མང་པོ་ཞིག་ཕྱིར་ཡུལ་ལ་འབྱོར་དུས་ཀྱང་། ཕྲག་སྒང་ལ་ནོམ་པ་འབོར་ཆེན་ཁུར་བའི་དམར་ཤུལ་བབས་འདུག་ཅིང་། གྲྭ་ས་ཁག་ཏུ་ཚོགས་བསྐོལ་དུས་སུའང་། མཁར་ཟངས་ཁ་ནས་ལྷུང་བའི་ཀ་ར་དང་སིལ་དམར་གྱི་ཐོག་ལ་མཇལ་བ་མང་པོ་སྦྲང་བུ་བཞིན་དུ་འདུས་ཞེས་མེས་པོ་ཚོས་སྨྲ། མཁར་སྔོན་འགྱེད་ཆེན་ཚང་ཞེས་ཡུལ་དབུས་སུ་རླུང་ལྟར་གྲགས་པའང་འདིའི་སྐབས་སུ་འཁེལ་བ་ཡིན་མོད། རྩོམ་འདིའི་རྒྱབ་ལྗོངས་གསལ་རྒྱུའི་ཉིང་དགོས་ལ་འདི་ཙམ་གྱིས་མ་འཐུས་པ་མེད་པས། གཤམ་ལ་དེའི་སྐོར་ཆེས་ཆེར་བསྐྱུང་སྟེ་སླར་ཡང་མེས་མོ་གླེང་བར་བྱ།
ང་རང་ལོ་ན་བཅུ་ཟིན་ཏེ་སྐད་ཆར་བག་ཙམ་མཉན་ཤེས་པ་ནས་བཟུང་། མེས་མོ་ལགས་ཀྱིས་ཕྲན་ལ་དེའི་སྐོར་གྱི་སྐད་ཆ་མང་པོ་ལབ་མྱོང་ཡང་། ད་ཆ་མོའང་ང་དང་གཏན་བྲལ་བྱས་ཤིང་ལོ་ཟླ་རེས་ཀྱིས་འཁོར་ནས་ཡུན་རིང་འགོར་ཟིན་པས། མང་དག་བརྗེད་ངེས་ཀྱིས་བརྐུས་ཤིང་འགའ་ཞིག་ཞིབ་ཆ་ཡིས་སྟོང་ཚར་མོད། མེས་མོས་རྟག་ཏུ་ང་ཚོ་ལ“ཕྱི་ཕྱིར་ལྷ་སར་འགྲོ་ན“པེ་ལྷ་མོ”ཡི་སྐུ་མདུན་དུ་མཆོད་མེ་རེ་འཇོག་རྒྱུ་མ་བརྗེད། ང་འཆི་བདག་གི་ལག་ནས་ལེན་མཁན་ཇོ་བོ་དེ་ཚང་ཡིན”བཅས་ཡང་ཡང་བསྐུལ། སྐད་ཆ་དྲིས་པར། མོ་རང་གི་ཨ་མས་པང་ནས་དབུས་ལ་ཐོན་དུས་ཀྱང་སྔར་ལྟར་འཆི་ཉེན་འབའ་ཞིག་ལ་ཐུག་སྟེ་ཡོད་པས། མོའི་ཨ་མས“པེ་ལྷ་མོ”ཞེས་པའི་སྐུ་མདུན་དུ་དངུལ་གྱི་མཆོད་ཀོང་ཕུལ་ཞིང་། གཏད་གཉེར་དྲག་པོ་བྱས་རྐྱེན་གྱིས་གཞི་ནས་ན་ཚ་དེ་ཉིད་ཚེར་མ་བསལ་བ་བཞིན་དུ་དྲག་བསྐྱེད་བྱུང་སོང་ཟེར།
ཆར་བ་ཤག་ཤག་འབབ་པའི་ནམ་སྨད་འདིར། འདས་ནས་ཡུན་རིང་འགོར་བའི་མེས་མོ་གླེང་བཞིན་གླེང་བཞིན་དུ། ངའི་མིག་ལམ་ལ་སླར་ཡང་མོའི་བཟོ་ལྟ་དང་ཞལ་ཁྱིམ་འཁོར་བྱུང་། རང་ཤེད་དང་ཉམས་ཉེས་འཁོར་བྱུང་། འདི་ནི་གཉིད་མི་ཁུགས་པའི་མཚན་ངོགས་རིང་མོ་ཞིག་སྟེ། མི་ཐོགས་ཕྲེང་བརྒྱུད་ཀྱི་དྲན་པ་མང་པོ་ཞིག་ཀྱང་། ངའི་དྲན་པའི་ཉིན་སྲིབ་གཉིས་ཀར་ཟིལ་བ་བཞིན་འཐོར་གྱིན་འདུག ངས་ཁ་རོག་གེར་དུ་བ་རྐང་ཐུར་གཅིག་བླངས་ནས་ཕྱི་སྒོར་བུད། མེ་སྟག་ལམ་ལམ་དུ་ཞག་ལང་ལོང་སྒོས། བས་མཐའི་སེམས་པ་གཉོམ་པོར་མེ་ཁ་གསོས།
མེས་མོ་དྲིན་ཅན་མ་ལ་བུ་དང་བུ་མོ་དྲུག་ཡོད་པ་ལས། ལོ་ཡི་གྲལ་མགོ་འཛིན་མཁན་ནི་ངེད་ཀྱི་ཨ་མའི་ཨ་མ་སྟེ། ངའི་ཨ་མ་ཡུལ་དུ་བཞག་ནས་གནས་ཡུལ་འགྲིམས་པའི་རྨོ་མོ་ལགས་ཡིན། རྨོ་མོ་ལགས་དུས་རབས་གོང་མར་གནས་ལ་ཕྱིན་པ་ནས་བཟུང་། ངའི་ཨ་མའང་མེས་མོ་དྲིན་ཅན་མ་དང་། མེས་མོའི་བྱིས་པ་གཞན་དག་གི་སར་ནར་སོན་ཏེ་གཉོམ་ལག་རྒྱས་ཐབས་བྱས། ཨ་མས་ད་ཚོད་ཀྱང་ང་ལ“མོ་ནི་རང་གི་ཨ་མ་དང་མ་ཤི་གསོན་བྲལ་གྱི་ངང་ནས་མི་ཚེ་ཟིན། ཕྱིར་འདང་ཞིག་བརྒྱབ་ན། ཨ་མའི་མིང་པོ་དང་ནུ་མོ་དག་གིས་ང་རང་བུ་ཕྲུག་ལྟར་བསྐྱངས་ཏེ་ཡོང་བ་ཡིན”ཞེས་ཡང་ཡང་གསུངས། ཡིན་ནའང་། གུས་ཕྲན་སློབ་གྲྭར་ཡོད་སྐབས་ཤིག་ལ། གནས་ཡུལ་འགྲིམས་པའི་རྨོ་མོའི་ནུ་མོ་སྟེ། ངའི་ཨ་མར་གཅེས་ཤིང་བྱམས་པའི་ནང་མི་གཞན་ཞིག་ཡོད་པའང་མི་འདོད་ནད་ཀྱིས་བཟུང་། སྨན་པ་མང་པོར་བསྟེན་ཡང་རྔོ་མ་ཐོགས་པས། བསམ་པ་རྫོགས་ཕྱིར་བུ་རྒྱུད་དག་གིས་ཁྲིད་ནས་དབུས་སུ་ཐོན། སླར་ཡང་ངའི་མེས་མོ་སྟེ། མོའི་ཨ་མའི་སྲོག་བར་ལ་འབུད་མཁན་གྱི“པེ་ལྷ་མོ”ཞེས་པ་དེར་མཇལ། དྲག་བསྐྱེད་ཨེ་འབྱུང་གི་རེ་བས་དངུལ་རྐོང་བླུས་ཤིང་མཆོད་མེ་ཕུལ། ཕྱིར་ལྡོག་དུས་སུ། མོས་ཀྱང་བུ་རྒྱུད་ཕྱི་མ་ཚོར“མ་འོངས་པ་ན་ཁྱོད་ཚོས་ཀྱང་འདི་རུ་མཆོད་ཀོང་རེ་འཇོག་རོགས”ཞེས་ནན་གྱིས་བསྐུལ་སྐད། དེ་ལྟ་ནའང་། རྐྱེན་ངན་ཆུ་ཀླུང་བརྡོལ་བརྡོལ་དང་། བར་ཆད་རྦབ་རྡོ་ཉིལ་ཉིལ་གྱིས་ཐོན་པ་དེ་ལ་ལྡོག་ཐབས་ཅི། ལོ་ངོ་གཅིག་ཙམ་འཁོར་རྗེས་མོས་ཀྱང་ཚེ་མ་ཟིན་པས། ངའི་ཨ་མའི་མགོ་ལ་གཅེས་ཕྲུག་མ་དང་བྲལ་འདྲའི་གོད་ཆགས་བྱུང་། གང་ལྟར་སྐབས་དེ་ནས་བཟུང་། ངས་ཁོ་ཚོས་ཡང་ཡང་གླེང་འོངས་པའི“པེ་ལྷ་མོ”ཞེས་པ་ནི་དོན་གྱིས་ཅི་ཞིག་ཡིན་པ་མི་ཤེས་མོད། དགོན་ཆེན་ཞིག་གམ་མི་ཆེན་ཞིག་ཏུ་བསྒོམས་ཏེ། རང་གི་རུས་པའི་མཐུག་ས་ཞིག་ལ་གསལ་ལེར་བརྐོས།
དེ་ལྟར། རྟོད་ཐག་མེད་པའི་ལོ་ཟླའི་རྐྱང་རྒོད་ཀྱིས་འཁོར་བའི་ཉིན་སྲིབ་གཉིས་ནས་རྔོག་རྩེད་བྱས་བྱས་མཐར། ང་ཡི་ན་སོ་སྨིན་ཞིང་སློབ་གྲྭར་འགྲིམས། ཐོས་མཐོང་ཕྱེས། ས་ཆ་སྟོད་སྨད་བར་གསུམ་གྱི་སློབ་བུ་མང་པོར་ཡུན་གྱིས་བཤིབས། ལྷག་པར་ཡུལ་དབུས་ཀྱི་གྲོགས་པོ་དག་སར་དབུས་སྐད་ལ་དང་དོད་བྱེད་སྒང་ཞིག་ལ། ཡུལ་དབུས་ཀྱི་དམངས་གཞས་ཁག་ཅིག་སྟེ། ཚེས་པ་བཅོ་ལྔའི་ནངས་མོར། དཔལ་ལྷ་གསོལ་དུ་ཕྱིན་པས། ལས་འཕྲོ་ཅན་གྱི་བྱམས་པར། སྒོ་མཆོར་འོག་ནས་མཇལ་བྱུང་། །ཞེས་པ་དང་། གམ་པ་ལ་མོའི་རྩེ་ནས། །ལྷ་ས་མཇལ་གྱི་ཡོད་ན། །མ་ཅིག་དཔལ་ལྷའི་ཞལ་མཇལ། །ལ་མོའི་རྩེ་ནས་ཞུས་ཆོག །ཞེས་པ་སོགས་ཐོག་མར་ཐོས། སྐད་ཆ་འཕྲོས་ཏེ་འོངས་པས། ངའི་མེས་མོ་དང་མོའི་བུ་མོའི་སེམས་ཀྱི“པེ་ལྷ་མོ”སྟེ། ནང་ཚགས་ཀུན་གྱིས་ཡང་ཡང་བཤད་ཀྱིན་པའི་ལྷ་སའི“པེ་ལྷ་མོ”ཞེས་པ་དེ་ནི། ནང་བའི་གྲུབ་མཐའ་རིས་མེད་ཀྱིས་ཁས་ལེན་བྱེད་པའི་བསྟན་སྲུང་ཞིག་སྟེ།དུས་རབས་བཅུ་གསུམ་པའི་མཇུག་ལ་ཚལ་པ་ཁྲི་དཔོན་སངས་རྒྱས་དོན་གྲུབ་ཀྱིས་བཞེངས་པར་གྲགས་ཤིང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་གསེར་འོད་ལམ་ལམ་ངང་བཞུགས་པའི་མ་ཅིག་དཔལ་གྱི་ལྷ་མོ་ཡིན་པ་གཞི་ནས་རྟོགས།
ལོ་ངོ་མང་པོ་ཞིག་འགོར་རྗེས་ཀྱི་ད་ཚོད་འདི་ལ། ངས་ཀྱང་ཨ་མ་ལགས་ཁྲིད་དེ་དགའ་སྐྱོའི་གཏམ་རྒྱུད་དང་བཅས་མདོ་ནས་དབུས་ལ་ཐོན། ཁྱིམ་རྒྱུད་འདིའི་མི་རབས་དུ་མའི་བསགས་སྦྱང་གི་ཁ་ཡིག་ཐེབས་སའི་མ་ཅིག་དཔལ་ལྷའི་མདུན་དུ། ཨ་མ་ལགས་ལ་གོང་གི་གཏམ་རྒྱུད་དེ་དག་དྲན་གསོ་རོགས་བྱེད་ཞོར་དུ། མགོ་རུས་དྲུས་འདྲའི་རྟེན་བཤད་ཅིག་ཡོང་རྒྱུར་བློ་རྩེ་བསྒྲིམས། མ་ཅིག་དཔལ་ལྷར་རྗེས་འཛིན་གྱི་བྱིན་རླབས་སིམ་སིམ། ང་ཡི་ཨ་མར་སྐྱོ་གདུང་གི་སྤྱན་ཆབ་ཉིལ་ཉིལ། ཡུན་རིང་སེམས་ལ་བརྣགས་པའི་སྐྱོ་བ་དང་དྲན་གདུང་མཐའ་དག་གི་རགས་ཁ་ཡོངས་སུ་ཤོར་རྗེས། གཟུགས་བྱད་རྒ་བས་བསྣད་པའི་འབྲོག་མོ་རང་ཤེད་ཅན་འདིའང་། ད་ནི་རང་ཚུགས་མི་ཐུབ་པའི་བྱིས་པ་བསམ་མེད་ཅིག་དང་འདྲ་སྟེ། ཉི་ཟླའི་རུམ་ཁར་ཆགས་པའི་རྒྱང་རིང་གི་མི་ཡུལ་འདི་རུ། འདས་པའི་ནང་མི་དྲན་ཞོར་ཕྱག་གི་མཆོད་མེ་འདར། བཞག་པའི་ཞལ་ཆེམས་བསམས་ཞོར་ངག་གི་སྨྲ་བ་ལྐུགས། ངས་ནི་ཁ་རོག་གེར་ལྷ་མོའི་ཞལ་ཁྱིམ་དང་ཨ་མའི་རྒྱབ་གཟུགས་གཉིས་ཀ་མི་འོས་བཞིན་དུ་པར་ལ་བཏབ། སྲིང་མོ་དང་བུ་མོ་གཉིས་ཀ་ནི་ཅི་འདི་མེད་པའི་ངེས་མེད་ཀྱི་སྟངས་ཀ་དག་ལ་རེ་ཞིག་ཧད་དེ་ལུས། ཡུད་ཙམ་གྱི་རྗེས་སུ། ཨ་མས་སྨྲེང་བ་ཤུར་ཤུར་སྲིང་མོ་དང་ཚ་མོ་གཉིས་ལའང་འདས་དོན་གླེང་། ངས་ཀྱང་རྟིང་གནོན་གྱི་ཚུལ་དུ་སྐད་ཆ་མང་པོ་སླར་ཡང་ཐེངས་གཅིག་བཟླས། སྲིང་མོ་སྐྱོ་ཉམས་ཟ་ཟིས་ཡོངས་སུ་སྦྲིད། བུ་མོས་མིག་འབྲས་རིག་རིག་ང་ལ་ལྟ། གཟི་འོད་འཕྲོ་བའི་མ་ཅིག་དཔལ་ལྷ་ཡིས། ཨ་མདོའི་མི་རབས་སུམ་འདུས་ཀྱི་མཇལ་བ་ང་ཚོར་ཕུར་ཚུགས་ཀྱིས་གཟིགས། གཅེས་པའི་ནང་མི་མ་བཞུགས་གཞན་དུ་ཆས་ནའང་། དྲན་པའི་སྟག་རིས་འདི་ཚོ་རྟག་ཏུ་བརྟན་ན་ཨང་།
ང་ནི་བརྩེ་གདུང་དང་ན་ཟུག་མེད་པའི་འཁྱམ་པོ་ཞིག་ཡིན་ནམ། འདས་ཟིན་པའི་ཉེ་ཚན་རྒན་གཞོན་ཚོའི་སྲོག་གི་རྟ་རྔ་ཆད་ལ་ཉེ་དུས་ཀྱང་། གཞན་ཡུལ་ན་རི་སྤྱང་འདུར་འདུར་གྱིས་ཁོ་ཚོའི་སྔས་འགྲམ་ལ་ཐེངས་གཅིག་ཀྱང་ཐོན་མྱོང་མེད། ཁ་ཉིན་བྱ་རྒོད་འཚུབ་པའི་འབྲི་གུང་མཐིལ་གྱི་དུར་ཁྲོད་ནས་མར་འབབ་དུས་སུའང་། ངས་སྐར་མ་སུམ་བཅུའི་ཡུན་གྱི་གསེག་ལམ་རིང་མོ་རྐང་པས་གནོན་ཞོར་དུ། དོན་འདིའི་སྐོར་ལ་བསམ་བློ་མང་པོ་བཏང་སྟེ་འོངས་པ་ཡིན།
ནམ་གྱི་ཕྱི་ཆ་རྫོགས་ལ་ཁད་འདིར། ལྷ་སའི་བར་སྐོར་དུ་ལྷུང་བའི་ངའི་ནང་སེམས་ཀྱི་བྲེལ་འཚུབ་རིགས་ཤིག རྔམ་སྟུག་པའི་མཚན་ངོགས་འདིའི་མུན་པ་དང་ཆར་བ་གཉིས་ཀས་རེས་མོས་ངང་འཐག་གིན་འདུག་ལ། ཨ་མས་བཤད་པའི“ཕྱི་ཕྱིར་ལྷ་སར་ཐོན་ན། མ་ཅིག་དཔལ་ལྷའི་མདུན་དུ་མཆོད་ཀོང་རེ་བསྒྲོན་རོགས”ཞེས་པའི་སྐད་ཆ་དེ་དག་ཀྱང་། མི་རབས་གོང་མ་ཚོའི་ཁ་ཆེམས་ཀྱི་དྲན་པ་དང་འགྲོགས་ནས། ངའི་སེམས་ཀྱི་གཅོང་རོང་མཐིལ་ན་བྲག་ཅ་བཞིན་མཆེད་ཀྱིན་འདུག ང་རང་གོམ་ཆུང་སིམ་སིམ་མལ་དུ་ལོག ལྷ་སའི་ཆར་ཞོད་སྔར་བཞིན་ཉིལ་ཉིལ་འབྱོ། སྔུར་སྒྲའི་རོལ་མོ་ད་དུང་གཡོ་ཞིང་འཇགས། བུ་མོ་སྲིང་མོའི་རུམ་ཁར་གཉིད་ཀྱིས་དོབ།
ཨ་ཙི། ངའི་ཨ་མའི་གནག་སྣུམ་གྱི་སྐྲ་རྩེར་བབས་འདུག་པའི་སྐྱ་ཆལ་ལེ་བ་དེ་དག་ཅི་ཞིག་རེད། གཞོགས་ཀྱི་རབ་གསལ་ལས་འཕྲོས་པའི་ཟླ་འོད་ཀྱི་འོ་ཟི་རེད་དམ། ངའི་གཉིད་ཀྱི་ལུག་ཁྱུ་ཞོགས་ནས་སླར་ཡང་རྒྱང་རིང་དུ་ཤོར་བྱུང་།
སྤྱི་ལོ༢༠༢༥ལོའི་ཟླ༧པའི་ཚེས༩ཉིན་གྱི་མཚན་ངོགས་ལྷ་ས་ནས་བྲིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།