ཟླ་བ་ཕྱེད་ཀ ཞི་བདེ་ཉི་མ།

རྩོམ་པ་པོ།:ཞི་བདེ་ཉི་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-05 09:15:58 ཀློག་གྲངས།:
ཟླ་བ་ཕྱེད་ཀ
                                   —གུ་གེ་རྒྱལ་རབས་ཀྱི་ཉམས་དམས་ལ།
ཞི་བདེ་ཉི་མ།

ཐད་ཀར་འཁོར་ཡོང་བའི་རལ་གྲིས
ཆུ་བོ་དེ་ཤར་བྱང་གཉིས་སུ་གཤག
ཆུ་བོའི་དཀྱིལ་ལས་མི་རྟ་བརྒྱ་དང་བརྒྱད་ཀྱིས
རྟ་ལྕག་གཞུ་ཐེངས་གཅིག་གིས་རྒྱལ་རབས་ཤིག་དབུ་བརྙེས

མཁར་གསིལ་གྱིས་རྡོ་ཐེམ་སྟེང་ཤུགས་ཀྱིས་རྡུང
ས་འབུ་ཁྲི་ཕྲག་ཁུང་བུ་ལས་ཐོན
བརྗེད་དཀའ་བའི་དངངས་འཚབ་དེས
མཁར་གྱང་གློ་བུར་དུ་དཀར་པོ་ལ་བསྒྱུར

རྒྱལ་མོས་ག་ལེར་གློ་ལུ་བྱེད་བཞིན
སྡིག་མཛུབ་ཀྱིས་ཉི་མ་ཕྱེད་ཀ་ཞིག་སྟོན
མཁར་གཏིང་ནས་མཁར་སྟེང་བར
ངུ་ངག་བྱེད་མཁན་གྱི་བོང་བུ་གྭ་པ
ཐེངས་གསུམ་ལ་དྲན་མེད་དུ་བརྒྱལ

ཕོ་བྲང་འཇགས་པའི་མཚན་མོ་དེར
ཤོག་བུ་ཕར་སློག་ཚུར་སློག་གི་ཤག་སྒྲ་དམའ་མོར
ཁྱིམ་བྱ་ཚོས་དོགས་ཟོན་བླ་ལྷག་གིས་བྱེད

མདའ་མོ་ཤུབ་ལས་ཕྲེང་བསྟར་དུ་མཐོང
ཡ་གིའི་རྒོད་པོ་དེས་ངུ་ཤུམ་བྱེད
ཁོ་རབ་རིབ་ངང་བྲག་དམར་གྱི་ཕར་བརྒྱབ་ཏུ་ཆས
ཤུལ་འཛིན་གྱི་ཤྭ་བ་འཐེང་པོ
སྤྲིན་པ་སྲབ་བུའི་བྲག་ཐེམ་སྟེང་འགྲེ་ལྡོག་རྒྱག

རྔོན་པ་དང་ཡབ་ཆེན་གྱིས་དཔུང་སྡེབ
“ལམ་ཆེན་དེའི་ཕ་རོལ་ན་སེང་གེ་ཞིག་འདུག
ཕྱིར་སླེབས་དུས་དེའི་སྟེང་ལ་ཉི་མ་ཕྱེད་ཀ་དེ་འགེལ་ཡོང”ཟེར

ཟླ་བ་ཕྱེད་ཀ་དེ་རྫིང་བུའི་ནང་རྒྱུ་བཞིན
བུ་མོ་གསུམ་གྱི་ངུ་ངག་ནང་འཁོར
འབྲོག་ཁྱུ་ཚོས་རྡོ་མཁར་གྱི་གས་སྲུབས་ལས
ཁང་ཁྱིམ་གཞན་ཞིག་སྲུང
རྟ་བ་ཚོས་ཡོབ་རྡུང་བྱེད་བཞིན་ཡང་བསྐོར་བསྐྱར་སྐོར་རྒྱག

ཐད་ཀར་འཕུར་ཡོང་བའི་གློ་གྲི
སྤྲང་པོ་སེར་པོས་ཕུ་ཐུང་ནང་སྦས
ཕར་འགྲོ་ཚུར་འོང་གི་ལུག་ཁྱུའི་སོག་པ
རྒྱལ་མོའི་མལ་འདབས་སུ་གྲག
མཚན་གུང་ལ་དཀྲོག་པའི་བྱེའུ་ཆུང་དེས
ཉི་མ་ཕྱེད་ཀ་དེ་འགབ་ཅི་ཐུབ་བྱེད

རང་ལ་མཚམས་པའི་མཚན་མོ་ཞིག
མལ་གདན་གང་ལས་ཀྱང་རེག་ཐབས་བྲལ
ཆུ་བོ་གཉིས་ཕྱིར་འདྲེས་མཚམས་སུ
དམར་བཤུ་བྱེད་མཁན་གྱི་རྔོན་ཁྱི་ཞིག་འདུག
ཁོ་ལ་བརྔན་པ་ཅི་ལྟར་སྤྲད་ཀྱང
མཚན་མོ་གཉིས་ཀྱི་འདྲེས་མཚམས་སུ
ཉི་མ་ཕྱེད་ཀ་དེ་སྔར་བཞིན་ཕྱེད
2024/2/19ཉིན་བྲིས། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།