«བར་སྐོར་ནས་གཅན་མེ་སྟག་དྲན་པ»ཞེས་པའི་ཕྲན་དཔྱད།
རྩོམ་པ་པོ།:སྤེན་པ་དོན་གྲུབ།
ཡོང་ཁུངས།:གངས་རྒྱན་མེ་ཏོག
དུས་ཚོད།:2025-06-03 08:38:16
ཀློག་གྲངས།:
བར་སྐོར་ནས་གཅན་མེ་སྟག་དྲན་པ།
ཐོ་རེངས་ཀྱིས་བརྩམས།
མིག་གི་སྡེར་མོས
འཛིན་མི་འདོད་པ་དག་བཟུང་ནས་འོང
དེའི་ནང་ལ་ཁྱེད་རང་སླེབས་མ་སོང
ང་ནི་གནས་འདིར་ལྐོག་གྱུར་དུ་བསྡད་འདུག
ཕྲག་སྟེང་གི་ནམ་མཁའ
གཡའ་དག་མིན་ང་ལ་འབྲེལ་བ་མེད
ངས རང་གི་ཁ་གཏད་ཀྱི་སྒེའུ་ཁུང་ཁར་འཚང་བའི
ཕུག་རོན་ཁྱུ་ཞིག་འཚོ་ཞོར
ཁྱེད་རང་མཐོང་ཨེ་ཐུབ་ལ་བལྟས
ངག་མི་སྨྲ་བའི་སྣུམ་ཚོམ་རི་མོ་ཞིག
ང་ཡི་མིག་ལམ་ན་འགུལ་གྱིན་འདུག
ངས་ཁྱེད་ལ དེ་ནི་ཁ་དོག་རེད་ཟེར་རམ
བླ་མེད་ཀྱི་ཚེ་སྲོག་རེད་ཟེར
རྫ་བུམ་དང་འགྱིག་གི་མེ་ཏོག་རྫུས་མ་དག་གི་གསེབ་ནས
རྒྱང་ལམ་དཀར་པོ་ཞིག་དེ་ལྟར་ནག་པོར་འགྱུར་གྱིན་འདུག
ངས ཁ་རོག་གེར
འུ་གཉིས་ཀྱི་ཚབ་ཏུ
མཁའ་དབུགས་རྒྱུས་མེད་རེ་ཅི་ནུས་ཀྱིས་རྔུབ་ཀྱིན་ཡོད།
8/8/2023 Lasa
ཕྲན་དཔྱད།
སྤེན་པ་དོན་གྲུབ།
སྙན་ངག་པ་ཞིག་ལ་ཆ་མཚོན་ན། གཅིག བསམ་གཞིག་རང་ཚུགས་ཏེ། རང་རྒྱུད་ཀྱི“མེ་ལས་དབལ་ཅིང་། །ཆུ་ལས་རྦ་དྲག”པའི་དགའ་སྐྱོ་ཆགས་སྡང་གིས་གཏམས་པའི་སེམས་ཀྱི་འགྱུ་བ་ཕྲ་མོ་གཉུག་སེམས་དང་རོ་གཅིག་ཏུ་འདྲེས་ཏེ། ནམ་ཡང་རང་ངོས་ཀྱི་རྡོ་རྗེ་བྲག་ལྟར་བརྟན་པའི་མི་ཚེའི་རྟོགས་པ་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་དགོས། འདི་ནི་རང་རྒྱུད་འདུལ་སྦྱོང་གི་ཐབས་ལ་མཁས་པའི་མི་ཚེའི་དད་པ་མི་ཕྱེད་པ་ཞིག་གམ། ཡང་ན། དཀར་ནག་ཤན་འབྱེད་དང་། ཡིན་མིན་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་པདྨའི་སྤྱན་ཞིག་ཀྱང་ཡིན་ཆོག སྙན་ངག་པ་དེ་འདྲའི་རིགས་ཀྱིས་བདེ་སྡུག་གི་གནས་ལུགས་དང་། འཐོབ་ཤོར་གྱི་ཡང་སྙིང་རྟོགས་སྲིད་ཅིང་། ཡུལ་དུས་གང་ཞིག་ཏུའང་རང་ཉིད་ཀྱི་སེམས་པའི་འཇིག་རྟེན་དུ་ནམ་ཞར་དཔའ་མི་ཞུམ། གཉའ་མི་སྒུར་བར་བདེ་ཞིང་སྐྱིད་པར་འཚོ་སྲིད།
གཅིག་ཤོས། མི་གཞི་ཚུགས་ཐུབ་སྟེ། སེམས་རྒྱུད་ལྷད་མེད་ཅིང་། བྲན་གཤིས་ཀྱི་གཡའ་ཡིས་མ་གོས་པའི་བློ་དཀྱེལ་ཡངས་པོ་ཞིག་དགོས། འདི་ནི་སྙན་ངག་པའི་མི་ཚེའི་རྟོགས་པ་ཐུན་མོང་མ་ཡིན་པ་ཞིག་སྟེ། རང་ཉིད་ཀྱི་སེམས་པའི་འཇིག་རྟེན་ཕ་རོལ་པོར་སྟོན་མོར་གཤོམ་ནུས་པའི་སྒྱུ་རྩལ་གྱི་བློ་གཤོགས་ཆེན་པོ་ཞིག་ཡིན་ཆོག སྙན་ངག་པ་དེ་འདྲའི་རིགས་ནི་དགའ་སྡུག་གི་ཆགས་སྡང་གསལ་བའི་བརྩེ་དུང་གི་རྒྱལ་སྲས་ཤིག་ཡིན་པས། ཇི་སྲིད་སྐལ་བརྒྱའི་བར་དགྲ་དང་མཚོན་གྱིས་གནོད་པར་མི་བཏུབ་པའི་བསམ་བློ་རང་དབང་གི་མཁའ་དབུགས་ཀློང་ནམ་ཞར་འཚོ་སྲིད།
སྙན་ངག་པ་གཅན་མེ་སྟག་གི་སྐོར་ནས་གླེང་ཚེ། རང་མོས་སྙན་ངག་བཀླག་རྒྱུར་དགའ་བའི་ཀློག་པ་པོ་རྒན་དར་གཞོན་གསུམ་ཀུན་ལ་ཆ་རྒྱུས་མེད་པ་ཞིག་མ་ཡིན། ཁོང་ནི་བསམ་གཞིག་རང་དབང་དང་། མི་གཞི་ཚུགས་ཐུབ་ཅན་གྱི་སྙན་ངག་པ་ཞིག་ལོས་ཡིན། སྤྱི་ལོ༢༠༢༢ལོའི་ཟླ༩པའི་ཚེས༢༠ཡི་དགོང་དྲོར་དམ་པ་འདི་ཉིད་འཇིག་རྟེན་མི་ཡུལ་ལ་མཐའ་མའི་གྱེས་ཕྱག་ཕུལ་ཏེ། ནམ་ཡང་རང་ཉིད་ལ་དབང་བའི་སེམས་པའི་འཇིག་རྟེན་དུ་འཚོ་འགོ་བརྩམས་བྱུང་། སྒྱུ་རྩལ་པའི་ལས་དབང་གི་བརྗོད་གཞི་ལས་འཕྲོས་ཏེ་བཤད་ན། མི་ཡུལ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཐར་པ་ཐོབ་ཡོད། དེའང“ཐར་པ”སྟེ། སྐབས་བབ་ལྟར་ན། ནད་དང་འཚོ་ཚིས། ཐོབ་དང་གོ་ས། ཐ་ན་ཕྲག་དོག་དང་ཞེ་སྡང་གི་མི་ཁས་གཙེས་པའི་མི་ཡུལ་གྱི་མནོག་ཆུང་འཚོ་བའི་སྡུག་བསྔལ་གྱི་མཐའ་ལས་བསྒྲལ་བའི་སེམས་ཀྱི་བདེ་བ་བླ་ན་མ་མཆིས་པ་དེ་ཐོབ་ཡོད། ཁོང་ལ་ཆ་མཚོན་ན། འདི་ནི་ཐར་པ་ཞིག་ལོས་ཡིན། ཡང་ན་ཁོང་དང་ཁོང་འདྲ་བའི་འདས་པའི་ལོ་རྒྱུས་ཐོག་བྱོན་པའི་སྙན་ངག་པ་དུ་མས་རེ་ཞིང་བསྙེགས་པའི་སེམས་པའི་བདེ་བ་ཆེན་པོ་ཞིག་ཀྱང་ལོས་ཡིན།
ལོ་རྒྱུས་སྨྲ་བའི་གཏན་སྲོལ་ལྟར་ལོ་རྒྱུས་ཀྱི་ངོ་རིས་གཉུག་མ་ནི་ནམ་ཡང་ལྷག་བསམ་རྣམ་པར་དག་ཅིང་། བློ་གྲོས་ཀྱི་འཇུག་པ་ཡངས་པའི་སྐྱེས་བུ་བྱས་པ་ཅན་གྱིས་བདེན་པའི་མཐའ་འཚོལ་བྱེད་ཀྱི་བག་ཆགས་སམ་དྲན་འཆར་རྣལ་མ་ཞིག་ཡིན་ཟེར་བ་བདེན་ན། སྙན་ངག་པ་གཅན་མེ་སྟག་གི་མི་ཚེའི་བཞུད་ལམ་ནས་ཚོན་རྩིས་ཁ་དོག་བསྒྱུར་བའི་བཅོས་མའམ། ཟོལ་མའམ། རྫུན་པའི་རང་བཞིན་གྱིས་སྦགས་པའི་དྲན་འཆར་གྱི་སྐྱ་བྲིས་ཤིག་རྩ་བ་ནས་རྙེད་མི་བཏུབ། འོ་ན་ཅི་ཞིག་རྙེད་བཏུབ་ཅེ་ན། ཇོ་བཟང་གི་མཚན་སྙན་བཟང་པོས་བརྒྱན་པའི་བདག་ཅག་གི་རྣར་མི་འགྲོ་ཞིང་། མིག་གིས་བལྟར་མི་བཟོད་པའི་སྐྱོ་གར་རིགས་ཤིག་གི་མཛེས་སྡུག་དེ་ག་རང་རྙེད་ཐུབ། བདག་ཅག་རྟག་ཏུ་གཏམ་སྙན་པོ་ཉན་འདོད་ཆེ་བའི་འདོད་རྔམ་དང་བལྟོས་ན། རྣར་མི་འགྲོ་ཞིང་། གཟུགས་མཛེས་པོ་མཐོང་འདོད་ཆེ་བའི་ཧམ་སེམས་དང་བལྟོས་ན། བལྟར་མི་བཟོད་པ་ཞིག་གོ །དེའི་ཕྱིར་གཅན་མེ་སྟག་ཀྱང་ནམ་ཡང་སྤྱི་ཚོགས་ཞེས་པའི་ཚོགས་སྤྱི་ཞིག་གི་ཡ་རབས་ཀྱི་གོམས་སྲོལ་བཟང་པོ་དང་། འཇིག་རྟེན་པའི་འཚོ་གནས་ཞེས་པའི་འཚོ་ཚིས་ཀྱི་གཏན་ཚིགས་ནས་རབ་ཏུ་འགོངས་ཏེ། དུང་པ་ཁེར་ལེན་པ་ཞིག་གི་ཁེར་རྐྱང་གི་སྡུག་བསྔལ་ཀློང་ཚེ་སྲོག་གི་གཞུང་རྟ་བསྲིངས་ཤིང་། མཐར་མི་སྡུག་པའི་མཛེས་སྡུག་དེའི་དཀྱིལ་འཁོར་དུ་འབྲུ་གུ་སྨིན་ནས་ཐང་ལ་ལྷུང་ཡོད། ཇི་སྐད་དུ་འདི་ལ“རང་དབང”ཉིད“ཚེ་སྲོག”ལས་རྣམ་པར་རྒྱལ་བའི་རྟོགས་བརྗོད་དམ། ཡང་ན་སྙན་ངག་པ་ཞིག་གིས་ཚེ་གང་བཙལ་ནས་རྙེད་པའི་རང་ཉིད་ཀྱི་བག་ཆགས་སམ་དྲན་འཆར་གྱི་བརྗེད་ཐོ་གཉུག་སེམས་སུ་བཀོད་པའི་མི་ཚེའི་རྣམ་ཐར་ཞེས་ཀྱང་བྱའོ། །
ད་ལྟའི་དྲན་ཚོད་ལྟར་ན། ནད་དུག་གི་ཁ་རླངས་ཚ་པོ་དང་། ནད་ཡམས་ཀྱི་བཀག་བསྐྱིལ་དྲག་པོས་ལུས་སེམས་ལ་བརྡབ་གསིག་ཚད་མེད་ཕོག་པའི་དགོང་དྲོ་དེར། སྐད་འཕྲིན་གྱི་གྲོགས་ཚོམས་ནས་དམ་པ་ཁོང་ཉིད་གྲོངས་པའི་གཏམ་ངན་ཐོག་མར་མཐོང་ཞིང་ཐོས་པའི་སྐད་ཅིག་མར་བདག་ལ་དྲན་པ་བརྒྱལ་བ་ལྟ་བུའི་གདུང་བ་དཔག་མེད་སྐྱེས་བྱུང་། དེ་ནས་སྣང་ལ་མ་ངེས་པའི་སྒོ་ནས་ཁོང་གི་སྙན་པོད«ལྷོ་བཞུད་ཀྱི་ཆུ་འཛིན»དང་། «ཚེར་སིལ་སྐྱ་བོ»གཉིས་ཀྱི་ཁ་ཤོག་དང་། དཔེ་མཚོན་རང་བཞིན་ཅན་གྱི་སྙན་ངག་ཁག་གཅིག་དྲན་པའི་ཡོལ་བའི་ངོས་སུ་མངོན་སུམ་རྗེན་པར་འཆར་ཅིང་། ཇ་ཡུན་གང་ལ་དྲན་གདུང་སྙན་ངག«དུས་ཚོད་ཀྱིས་བརྗེད་མི་བཏུབ་པ་དེ་དག»ཅེས་པ་ཞིག་ཀྱང་བརྩམས་གྲུབ་པས། རང་སེམས་སྤྲོ་སིང་ངེ་བ་དང་། བདེ་ལྷང་ངེ་བ་དང་སྦྲགས། སྐྱེས་ཆེན་གྱི་བློ་དཀྱེལ་ཡངས་པའི་སྙན་ངག་པ་གང་དེའི་ཐུན་མོང་མ་ཡིན་པའི་མི་ཚེའི་བཞུད་ལམ་ལ་སྨོན་པ་ཚད་མེད་དང་། མི་ཚེའི་རྟོགས་པར་དད་པ་ལྷད་མེད་སྐྱེས། དེ་ལྟར་སེམས་བཞིན་སྐྱེ་འཆིའི་ཆོས་ཉིད་རྟོགས་ཤིང་། རང་ཉིད་ཀྱི་ད་ལྟའི་ལག་པ་སྟོང་པར་ཨ་མ་མི་ཁྲེལ་མི་སྲིད་སྙམ་པའི་ངོ་གནོང་དྲག་པོ་ཞིག་ཀྱང་ཟོལ་མེད་དུ་སྐྱེས་བྱུང་།
ཟླ་ངོ་གསུམ་ཙམ་གྱི་ཉིན་མོ་དེ་དག་རིང་ཉིན་མཚན་རྟག་ཏུ་སྡོད་ཤག་གི་རྡོ་ཁང་གྲུ་བཞིའི་ནང་ལོགས་ནས་སྒེའུ་ཁུང་ཕྱི་རོལ་གྱི་མཛེས་སྡུག་ལ་ཡིད་སྨོན་ཚད་མེད་འཆོར་མྱོང་། འདི་ལ“རང་དབང”ཞེས་བོས་ཤིང་། རིན་ཐང་བྲལ་ཅིང་དཀོན་པའི་མཆོག་ཏུ་གྱུར་བ་ཡིན་ཚུལ་བདག་གིས་སྔ་ས་ནས་རྟོགས་ཡོད། ང་རང་ཚུལ་དེ་ལྟ་བུའི་སྒོ་ནས་གཅན་མེ་སྟག་གི་མི་ཚེའི་བརྒྱུད་རིམ་ཧྲིལ་པོ་དང་། ཁོང་གི་འཆི་བར་དགའ་ཞིང་གུས་པའི་བློ་སྟོབས་ལ་དེ་བས་སྨོན་ཅིང་དད་པར་གྱུར།
མཚམས་རེར་ལུས་སེམས་ལ་མནར་གཅོད་ཕོག་སྟངས་ནི་སེམས་པ་རྣལ་དུ་ཕོབ་ཐབས་ཀྱི་གོ་སྐབས་ལེགས་པོ་ཞིག་ཡིན་སྙམ། ཉིན་མཚན་དེ་དག་རིང་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་པས་མི་རྣམས་ཀྱིས“རང་དབང”དང་། “ཚེ་སྲོག”ཅེས་པའི་གདགས་གཞིར་གོ་བ་ཟབ་པོ་ཞིག་ལོན་སྐད། བདག་ལ་ཆ་མཚོན་ན། ཚེ་སྲོག་ནི་བརྟན་གཡོའི་ཆོས་ཀུན་གྱི་མ་གཞིའི་རྟེན་ནམ་གཟུངས་གཞུག་ལྟ་བུ་ཡིན་མོད། རྣམ་རྟོག་གི་འཇུག་པ་ཡངས་པའི་སྐྱེས་བུ་རང་མཚན་པ་ཞིག་ལ་ཚེ་སྲོག་མཁོ་ཞིང་། རང་དབང་སྟེ། ལུས་སེམས་ཀྱི་རང་དབང་ནི་དེ་བས་མཁོ་ཞིང་། འདི་ནི་སྔོན་འགྲོའམ། ཡང་ན་ཚེ་སྲོག་ལས་ཀྱང་རྩ་ཆེ་བའི་འཚོ་སྡོད་ཀྱི་ཡང་སྙིང་ཞིག་ཡིན་པར་འདོད། བདག་གིས་ཚེ་སྲོག་དང་། རང་དབང་ལྟོས་གྲུབ་ཡིན་མིན་དོགས་སློང་བྱས་དང་བྱེད་བཞིན་པའི་ཉིན་མཚན་དེ་དག་ཏུ་སྙན་ངག་པ་གཅན་མེ་སྟག་གིས་རང་དབང་ཕྱིར་ཚེ་སྲོག་ལའང་ཀུ་རེ་སྣང་མེད་གནང་བའི་མི་ཕྱེད་མི་གཞི་ཚུགས་ཐུབ་རྡོ་རྗེ་བྲག་ལྟར་བརྟན་པ་དེར་ངེས་ཤེས་གསར་པ་ཞིག་འདྲོངས་བྱུང་། འདི་ནི་གྱི་ན་བ་བདག་དེང་རབས་སྙན་ངག་གམ། རང་མོས་སྙན་ངག་ལ་དད་ཅིང་དུངས་པའི་ཀློག་པ་པོ་འཁྲུལ་མེད་ཅིག་ཡིན་པའི་ཁ་ཞེ་གཉིས་མེད་ཀྱི་དང་བ་མི་བསླུ་བའི་ཞེན་ཕྱོགས་ཤིག་ཀྱང་ཡིན་སྲིད། སྐབས་དེར་བདག་འདྲའི་ཀློག་པ་པོས་མ་སྐུལ་དང་བླངས་སྒོས་རྩོམ་རིག་གི་བརྗོད་གཞི་དང་འབྲེལ་བའི་སྐད་འཕྲིན་གྱི་སྤྱི་སྟེགས་ཕལ་མོ་ཆེར་སྔ་ཕྱིར་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྗེས་དྲན་གྱི་དྲན་གདུང་སྙན་ངག་མང་པོའི་མཆོད་པ་ཕུལ་སོང་། འདི་ནི་ཡིན་ཆོག་པ་ཞིག་རེད།
སྙན་ངག་པ་ཞིག་འཇིག་རྟེན་ཕྱི་མའི་ཡུལ་དུ་གཤེགས་པ་སྐྱེ་འཆིའི་ཆོས་ཉིད་ལས་འགོངས་མི་བཏུབ་མོད། གང་དེའི་སེམས་པའི་འཇིག་རྟེན་གྱི་སྟོན་མོའི་མཇུག་འགྲིལ་ཅིང་། ལར་ཟབ་ཅིང་རྒྱ་ཆེ་བའི་བསམ་བློ་ཉིད་རྡུལ་དུ་གྲུབ་པའི་ཕུང་པོ་དང་ལྷན་ཅིག་འཇིག་པ་ནི་ཆེས་འཕང་སེམས་ཀྱི་ཡུལ་ལས་མ་འདས་སོ། །སྤྱིར་ཚིག་གི་སྒྱུ་རྩལ་དང་། བསམ་བློ་སྨྲ་བའི་སྡེ་གང་ཞིག་ལ་ཆ་བཞག་ནའང་གསབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་ལོས་ཡིན།
སྙན་ངག་པ་ཐོ་རེངས་ཀྱི«བར་སྐོར་ནས་གཅན་མེ་སྟག་དྲན་པ»ཞེས་པ་འདིའང་སྐྱེས་ཆེན་གྱི་བློ་དཀྱེལ་ཡངས་པའི་སྙན་ངག་པ་གང་འདིར་ཕུལ་བའི་དྲན་གདུང་སྙན་ངག་ཅིག་རེད། སྙན་ངག་འདིར་ཡུལ་དུས་དམིགས་བསལ་ཅན་ཞིག་ཏུ་བསྟོད་བྱའི་ཡུལ་དང་། བསྟོད་བྱེད་གཉིས་ཀར་ཐུན་མོང་དུ་དབང་བའི་མི་ཚེའི་སྐྱོ་ཡུས་ཀྱི་བག་ཆགས་སྟུག་པོའམ། ཡང་ན་འཇིག་རྟེན་སྲིད་པའི་སྣང་བའི་ཆགས་སྡང་དྲག་པོ་རོ་གཅིག་ཏུ་འདྲེས་པ་གང་ཞིག སྙན་ངག་པ་གཅན་མེ་སྟག་གི་བསམ་གཞིག་རང་ཚུགས་དང་། མི་གཞི་ཚུགས་ཐུབ་ཀྱི་ཆར་བསྔགས་པའི་མེ་ཏོག་ཕུལ་ཏེ། རང་ཉིད་ཀྱང་སྐྱེས་ཆེན་གང་འདིའི་མི་ཚེའི་བཞུད་ལམ་ལ་སྨོན་ཅིང་དད་ལ། དེའི་ཤུགས་བསྟན་ལས་རང་ཉིད་ཀྱི་མི་ཚེའི་གནས་བབ་ལ་སོ་ལྟ་དང་། ཞིབ་འདང་ཡང་ཡང་བྱས་ཤིང་། མཐར་བསྟོད་བྱ་བསྟོད་བྱེད་རོ་གཅིག་ཏུ་འདྲེས་པའི་སྙན་ངག་གི་ཉམས་སྣང་ཕུན་སུམ་ཚོགས་པོ་ཞིག་མངོན་གྱིན་འདུག
སྙན་ངག་འདིར་དུས་ཚོད་དང་། ས་ཆ། མི་སྣ་བཅས་དོན་བརྗོད་ཀྱི་རྩ་བའི་མ་ལག་གསུམ་པོ(叙事的基本三要素)དོན་བརྗོད་ཀྱི་ཁུངས་སྣེར་སྤྱད་མེད། ལྡོག་སྟེ་ཡིད་འགྱུར་དྲག་པོའི་མཚོན་དོན་སྟོན་ཕྱིར་གཤིབ་བསྡུར་གྱི་རྣམ་པའི་སྒོ་ནས་ཐབས་མཁས་ཀྱིས་སྤྱད་འདུག དེའང་མི་སྣ་སྟེ། བསྟོད་བྱའི་ཡུལ་དུ་གྱུར་བའི་སྙན་ངག་པ་གཅན་མེ་སྟག་དང་། བསྟོད་བྱེད་མཁན་པོ་སྙན་ངག་པ་ཐོ་རེངས་གཉིས་འཕགས་ན་བྱ་ལམ་དང་། ལྷུང་ན་འདམ་དོང་དུ་ཡིན་སྙམ་པའི་ཚོར་བ་མཉམ་བརྗེའི་འགྲོས་རིམ་གྱིས་ཚོར་བའི་ཁོང་ཐིག་གཅིག་ཏུ་བརྒྱུས་ཡོད་པ་དེའོ། །ཐུན་མོང་གི་བཙལ་བྱ་བསྙེག་བྱ་གཅིག་རང་སྟེ། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པའི་མིའི་ལྷན་སྐྱེས་ཀྱི་རང་གཤིས་སམ། མི་གཞི་ལྷད་མེད་འདི་ཉིད་ནམ་ཞར་དོར་རྒྱུ་བློས་མི་བཟོད་པའི་མི་ཆོས་ཀྱི་གཉུག་མའི་གདམ་ག་དེའོ། །སྤྱིར་མི་གཞི་ཚུགས་ཐུབ་ཀྱི་རང་དབང་དེ་ཡིན་པར་སྙམ། དེའང་བསམ་གཞིག་རང་ཚུགས་ཀྱི་ཉེར་ལེན་རྒྱུ་ལས་མ་འདས་སོ། །
འཛམ་གླིང་ཤར་ནུབ་ཀྱི་རྩོམ་འབྱུང་ལོ་རྒྱུས་ཐོག་སྙན་ངག་པ་བྱོན་པ་ཉུང་ཞིང་། བསམ་པ་རྒྱ་ཆེ་ཞིང་ཆགས་སྡང་བཏང་སྙོམས་ཅན་གྱི་སྙན་ངག་པ་ཆེན་པོ་བྱོན་པ་དེ་བས་སྲིད་མཐའ་ཙམ་ཡིན་སྐད། དེའང་སྙན་ངག་པ་ཞེས་པ་ནི་རང་གཤིས་ལྷད་མེད་པ་བྱིས་པ་བསམ་མེད་ལྟ་བུའམ། བསམ་པ་རྒྱ་ཆེ་བ་རང་གཞན་རིས་སུ་མ་བཅད་པ་དགུང་ཉི་མ་ལྟ་བུ་ཞིག་ཡིན་དགོས་པས་འདྲ་སྙམ་མོ། །«བར་སྐོར་ནས་གཅན་མེ་སྟག་དྲན་པ»ཞེས་པར་ཡང་བརྗོད་གཞི་འདི་ལས་འཕྲོས་ཏེ། “ངག་མི་སྨྲ་བའི་སྣུམ་ཚོན་རི་མོ་ཞིག/ང་ཡི་མིག་ལམ་ན་འགུལ་གྱིན་འདུག/ངས ཁྱེད་ལ་དེ་ནི་ཁ་དོག་རེད་ཟེར་རམ/བླ་མེད་ཀྱི་ཚེ་སྲོག་རེད་ཟེར”ཞེས་མི་སྨྲ་བའི་རྟུལ་ཞུགས་འཆང་བའི་སྙན་ངག་པ་འདི་ཉིད་སྣུམ་ཚོན་རི་མོའི་སྐྱ་བྲིས་སུ་བཞེངས་ཤིང་། འདི་ནི་ཁ་དོག་གམ། ཚེ་སྲོག་ཅི་ཞིག་ཡིན་མིན་སྐོར་ལ་བརྟག་པ་མཐར་བཟུང་གི་འདྲི་ཚིག་འཕངས་ཏེ། ཁ་དོག་གི་མཚོན་དོན་ཏེ། སྙན་ངག་པ་ཞིག་གིས་རང་གཤིས་མདའ་ལྟར་འདྲོངས་ཤིང་། སྒལ་ཚིགས་གསེར་ཊམ་ལྟར་བརྩིགས་ཏེ། རང་ལམ་རང་གིས་གཏོད་པའི་མི་ཚེའི་བཞུད་ལམ་ལ་རྗེས་དྲན་དང་། ཚེ་སྲོག་གི་མཚོན་དོན་ཏེ། འཇིག་རྟེན་པའི་མེད་མུག་གི་འཚོ་བའི་སྡུག་བསྔལ་གྱི་མཐའ་ལས་བསྒྲལ་བའི་ཐར་པ་ཐོབ་པ་ནི་ཚེ་སྲོག་གི་བླ་ན་མ་མཆིས་པའི་རིན་ཐང་ཡིན་པར་ཡིད་སྨོན་འཆོར་བ་དེ་མཚོན་ཡོད།
སྙན་ངག་པ་ཞིག་རང་ཉིད་ལ་དབང་བའི་སེམས་པའི་འཇིག་རྟེན་ན་ཇི་སྲིད་རང་དབང་གིས་འཚོ་ན་ཚེ་སྲོག་གི་རིན་ཐང་དེ་སྲིད་ཀྱིས་བླ་ནར་འཕགས་སྲིད། ལྡོག་ན་ཚད་ཡོད་ཀྱི་མི་ཚེ་གཞན་དབང་གི་ལྕགས་སྒྲོག་ཏུ་ཚུད་སྲིད། འདི་ནི་སྙན་ངག་པ་ཞིག་གི་རྩ་བའི་དམ་བཅའ་སྟེ། དྲན་གདུང་སྙན་ངག་འདིའི་མཚོན་དོན་གྱི་སྙིང་པོའང་ཡིན་སྙམ།
སྤྱིར་ཡུལ་ལམ་ས་ཆའི་གདམ་གའམ། འཆར་འགོད་ཀྱི་བཀོད་འབྲི་ཤིན་ཏུ་ལེགས་སྙམ། སྙན་ངག་འདིར་མཚོན་ན། བློས་བསླངས་ལེགས་འགྲུབ་བྱུང་བའི་རྟགས་མཚན་ཉག་གཅིག་གོ །དེའང་སྙན་ངག་གི་ཁ་བྱང་ལས་ཟུར་བལྟས་ལེབ་མཐོང་གིས་རྟོགས་ནུས་པ་སྟེ། ཡུལ་བར་སྐོར་ནས་སྙན་ངག་པ་གཅན་མེ་སྟག་དྲན་པའི་བར་སྐབས་ཀྱི་དྲན་གདུང་དེ་ག་རང་རེད། འདི་ནི་དབང་ལྔའི་སྤྱོད་ཡུལ་དུ་གྱུར་བའི་མངོན་སུམ་ཡུལ་གྱི་སྣང་བ་རགས་པ་ཤ་སྟག་རེད། སྟབས་བདེ་ཞེ་དྲག་རེད། སྟབས་བདེ་དྲགས་ཏེ་བསམ་གཞིག་གི་རིགས་བསྒྲེ་བྱ་རྒྱུའི་ངལ་བ་མི་དགོས། མདོར་ན་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་བའི་སྐད་ཆའི་སྒྱུ་རྩལ་གྱི་སྣང་བརྙན་དུ་འབྲི་བཞེངས་བྱས་འདུག བདག་ཅག་སྒྱུ་རྩལ་ལ་དད་ཅིང་དུངས་ལ། རྟག་ཏུ“ཁ་སྒྱུ་རྩལ་དང་། རྣ་སྒྱུ་རྩལ”ཞེས་མ་ཎི་ལྟར་བགྲངས་བའི་མཐར་ཐུག་ཏུ་གྱུར་བའི“སྐད་ཆའི་སྒྱུ་རྩལ”ཞེས་པའི་ཡང་སྙིང་ཡང་འདི་ག་རང་རེད། མྱང་དུས་མངོན་སུམ་དབང་པོས་མྱོང་དགོས་པ་ལས། ལྐོག་གྱུར་གྱི་བློས་དཔོག་རྒྱུའི་ཚེགས་མི་དགོས་པ་འདི་ཤིན་ཏུ་གལ་ཆེའོ། །གནད་ཀ་འདི་ནི་སྙན་ངག་པ་གང་ཞིག་གི་ཚིག་གི་སྒྱུ་རྩལ་གྱི་བློ་སྦྱོང་མཐོ་དམན་ལ་རག་ལུས་སོ། །
འོ་ན། དེ་ལྟ་བུའི་ཡུལ་ལམ་ས་ཆ་དེའང་ཅི་འདྲ་ཞིག་ཡིན་ཞེ་ན། སྙན་ངག་ཏུ“མིག་གི་སྡེར་མོས/འཛིན་མི་འདོད་པ་དག་བཟུང་ནས་འོང…… ཕྲག་སྟེང་གི་ནམ་མཁའ/གཡའ་དག་མིན་པ་ང་ལ་འབྲེལ་བ་མེད…… རྫ་བུམ་དང་འགྱིག་གི་མེ་ཏོག་རྫུས་མ་དག་གི་གསེབ་ནས…… མཁའ་དབུགས་རྒྱུས་མེད་རེ་ཅི་ནུས་ཀྱིས་རྔུབ་ཀྱིན་ཡོད”ཅེས་ཡིད་ཀྱི་འགྱུར་བ་དྲག་པོ་མཚོན་ཆེད་ཀྱི་ཡིད་གཟུགས་ཀྱི་ཆ་ཤས་སྟེ། “མིག་གིས་སྡེར་མོས་འཛིན་མི་འདོད་པ”དང་། “ནམ་མཁའ་གཡའ་དག་མིན་པ” “འགྱིག་གི་མེ་ཏོག་རྫུན་མ” “མཁའ་དབུགས་རྒྱུས་མེད”བཅས་ཀྱི་མཚོན་དོན་དུ་གྱུར་བའི་བར་སྐོར་ནི་ཀློག་པ་པོའི་བློ་ཡུལ་ལས་འགོངས་ཡོད། མ་གཞིར་བར་སྐོར་ནི་མང་མང་གི་གོམས་གཤིས་སུ་གྱུར་བའི་རེ་བའི་མཚོན་བྱ་སྟེ། དཔེར་ན། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་དྲི་མས་མ་གོས་པའི་དག་ཞིང་ལྟ་བུ་ཞིག་ཡིན་པ་སྨོས་ཅི་དགོས། འོན་ཀྱང་སྙན་ངག་འདིར་བྷོ་ཊི་ལིའི«མི་དགེ་མེ་ཏོག»ལྟར་མི་སྡུག་པའི་ཉམས་སྣང་མངོན་པ་སྟེ། སྙན་ངག་པས་བལྟར་མི་བཟོད་པའི་ཡུལ་ཞིག་སྟེ། ཕྲག་སྟེང་གི་ནམ་མཁའ་གཡའ་དག་མིན་པའི་འོག་ཏུ་མཆིས་པའི་འགྱིག་གི་མེ་ཏོག་གསེབ་ཏུ་མཁའ་དབུགས་རྒྱུས་མེད་རྔུབ་དགོས་པའི་ཡུལ་ཕུང་གསུམ་མ་ཞིག་རེད། འདི་ནི་རྟོག་བཏགས་ཀྱི་ཡུལ་ཞིག་ལས་དངོས་སུ་དེ་འདྲ་ཡིན་ཞེས་སྨྲ་མི་སྤོབས་པ་སྒྱུ་རྩལ་གྱི་མྱོང་རོལ་ལུགས་དང་ཡོངས་སུ་མཐུན་པས་ཅི་སྐྱོན་ལགས།
ཡང་ན་ཡུལ་དེ་ལྟ་བུ་ནི་སྙན་ངག་པ་གཅན་མེ་སྟག་ལ་རྗེས་དྲན་གྱི་དྲན་གདུང་ཆེས་ཟབ་པོ་མཚོན་སྟངས་ཀྱི་ཚིག་གི་སྒྱུ་རྩལ་གྱི་སྟོན་མོ་ཞིག་ཀྱང་ཡིན་སྙམ། འཇིག་རྟེན་ཁ་དཔེར“མི་དེ་ལ་དགའ་ན། །ཡུལ་དེ་ལ་དུངས”ཞེས་པ་ལྟར་སྐྱེས་བུའི་རྣམ་རྟོག་གི་བུ་ག་ཕྲ་མོད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཤོང་ནུས་པས་སྒྱུ་རྩལ་པ་ཞིག་ལ་རྟོག་བཏགས་ཀྱི་བློ་གཤོགས་དེ་འདྲ་ལོས་ཡོད་དགོས། སྐབས་བབ་སྙན་ངག་པ་ཐོ་རེངས་ནི་སྙན་ངག་པ་འདས་པོ་གཅན་མེ་སྟག་གྲོངས་ཤུལ་དུ་བྱིའུ་ཐང་འཁྱར་ལྟར་ཁེར་རྐྱང་གི་སྐྱོ་ཡུས་ཚད་མེད་ཀྱིས་མནར་བས། གདུང་བས་མནར་བའི་གནས་སྐབས་ཀྱི་སྐྱེས་བུ་ཞིག་གི་མིག་གིས་མཐོང་ཚད་མི་མཛེས་པའམ། རྣ་བས་ཐོས་ཚད་མི་སྙན་པར་གྱུར་བ་འཇིག་རྟེན་པའི་སྤྱི་སྲོལ་ལྟར་མི་སྡུག་པའི་ཉམས་སྣང་དེ་ལྟ་བུ་མངོན་པར་མཚོན་ཅིང་། དེའི་ཤུགས་བསྟན་ལས་དྲན་གདུང་འདི་ནི་ཟོལ་མེད་དམ། བཅོས་མེད། ལྷད་མེད་ཅིག་ཡིན་པ་མཚོན་ཡོད། སྙན་ངག་པ་ཞིག་གིས“སྙན་ངག་ཅིའི་ཕྱིར་འབྲི་བའི་དགོས་པ”ཡང་འདི་ནས་ཆ་རྫོགས་ཡོད་སྙམ།
འོན་ཀྱང་ད་དུང་ལེགས་པར་ཆ་རྫོགས་པ་ཞིག་མ་ཡིན། བདག་ཅག་གིས་ཀློག་པ་པོའི་མཐོང་སྣེས་མྱོང་རོལ་མུ་མཐུད་བྱས་ན། ཀློག་འགྲེལ་གྱི་ཟབ་ཚད་ཇེ་ཟབ་ཏུ་འགྲོ་སྲིད། འདི་ནི་སྙན་ངག་རང་སྟེང་གི་ཐུན་མོང་མ་ཡིན་པའི་རིན་ཐང་ཞིག་ཀྱང་ཡིན་ཆོག ང་རང་གི་བསམ་ཚུལ་ལྟར་ན། སྙན་ངག་འདི་ལེགས་འགྲུབ་བྱུང་བའི་རྩ་བ་ནི་ཡུལ་དུས་ལྟོས་གྲུབ་སྟེ། རྩོམ་གཞུང་ལྟར་བཤད་ན། དུས་ཚོད་དང་། ས་ཆ། མི་སྣ་བཅས་དོན་བརྗོད་ཀྱི་རྩ་བའི་མ་ལག་གསུམ་པོ་ལྟོས་བཅས་སམ། རྟེན་འབྲེལ། གོ་བདེ་པོས་བཤད་ན། “ཆར་པ་ཆུ་གྲོགས་དང་། །ཉི་མ་མེ་གྲོགས”ཀྱི་ཚུལ་ལྟར་གྲོགས་དན་གྱི་རྣམ་པར་གྱུར་བ་དེའོ། །མཚོན་ཐབས་འདི་ནི་སྙན་ངག་པ་ཉིད་ཚིག་གི་སྒྱུ་རྩལ་ཏེ། སྐད་ཆའི་སྒྲིག་བཀོད་ལ་ཤིན་ཏུ་བྱང་བའི་རྟགས་མཚན་རེད། དེར་བརྟེན་སྙན་ངག་ཐུང་ངུ་འདིའི་ནང་དོན་གྱི་ཤོང་ཚད་ལ་རྒྱ་བསྐྱེད་བྱུང་བ་གང་ཞིག ཡིད་བརྙན་རིང་ལུགས་ཕྱི་མའི་གྲུབ་མཐའི་སྲོལ་འབྱེད་པ་ཨེ་རྫེ་ར་ཕོང་ཏེའི«ས་འོག་ལྕགས་ལམ་གྱི་ས་ཚིགས་སུ»ཞེས་པའི་འབྲི་ཐབས་དང་ཡོངས་སུ་མཐུན་ཏེ། “ནང་དོན་རྣམ་པའི་གཞན་དབང་དུ་མ་ཚུད་པ”ཡི་སྙན་ངག་སྐད་ཆའི་ཚིག་སྡུད་ཀྱི་དགེ་མཚན་ཟབ་པོ་ལྡན་པས། རྗེས་སུ་ཡི་རང་ཞུའོ། །
ཡུལ་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པོ་འདིས་སྙན་ངག་པ་གཅན་མེ་སྟག་དྲན་པའི་གདུང་བ་ཤུགས་དྲག་སྒོས་མི་སྡུག་པའི་ཡུལ་གྱི་གཞིར་ཚོར་བ་མཉམ་བརྗེའི་ཚུལ་གྱིས“དེའི་ནང་ལ་ཁྱེད་རང་སླེབས་མ་སོང/ང་ནི་གནས་འདིར་ལྐོག་གྱུར་དུ་བསྡད་འདུག …… ཕྲག་སྟེང་གི་ནམ་མཁའ/གཡའ་དག་མིན་པ་ང་ལ་འབྲེལ་བ་མེད/ངས རང་གི་ཁ་གཏད་ཀྱི་སྒེའུ་ཁུང་ཁར་འཚང་བའི/ཕུག་རོན་ཁྱུ་ཞིག་འཚོ་ཞོར/ཁྱེད་རང་མཐོང་ཨེ་ཐུབ་ལ་བལྟས…… ངས ཁ་རོག་གེར/འུ་གཉིས་ཀྱི་ཚབ་ཏུ/མཁའ་དབུགས་རྒྱུས་མེད་རེ་ཅི་ནུས་ཀྱིས་རྔུབ་ཀྱིན་ཡོད”ཅེས་དྲན་གདུང་མཆི་མས་བྲན་པའི་རྟོག་བཏགས་ཀྱི་ཡུལ་བར་སྐོར་ཉིད་མི་སྡུག་པའི་ཉམས་སྣང་གིས་ཕྱུག་ཅིང་། ཡུལ་དུས་དེ་འདྲར་སྙན་ངག་པ་འདས་པོ་གཅན་མེ་སྟག་དྲན་པའི་སྐད་ཅིག་མར་ཡིད་གཟུགས་ཀྱི་ཆ་ཤས་ཏེ། “ཁྱེད་རང་སླེབས་མ་སོང”དང་། “ཕུག་རོན་ཁྱུའི་དབུས་ནས་ཁྱེད་རང་མཐོང་ཨེ་ཐུབ་ལ་བལྟས”ཞེས་འཇིག་རྟེན་ཆོས་བརྒྱད་ཀྱི་རྙེད་པ་དོར་ཏེ། བསམ་གཞིག་རང་ཚུགས་དང་། མི་གཞི་ཚུགས་ཐུབ་ཅན་གྱི་སྙན་ངག་པ་གཅན་མེ་སྟག་པདྨ་འདམ་ལས་འཁྲུངས་ཀྱང་མཐོ་སར་འཕགས་པའི་མི་གཞི་ལྷད་མེད་དང་། དཀྱེལ་ཡངས་ཀྱི་བློ་སྟོབས་མངའ་བར་དྲན་གདུང་དྲག་པོའི་ཟོལ་གྱིས་བསྔགས་པའི་མེ་ཏོག་ཕུལ་ཡོད། དུས་མཚུངས“ང་ནི་གནས་འདིར་ལྐོག་གྱུར་གྱིས་བསྡད་འདུག”“གཡའ་དག་མིན་པ་ང་ལ་འབྲེལ་བ་མེད”ཅེས་སྙན་ངག་པ་ཐོ་རེངས་ནས་ཀྱང་དྲན་གདུང་དྲག་པོའི་ཟོལ་གྱིས་རང་ཉིད་ལ་སོ་ལྟ་དང་། གཟབ་ཉན་གྱི་རྣམ་པས་དམ་པ་གང་དེའི་མི་ཚེའི་བཞུད་ལམ་གྱི་རྗེས་སུ་སྙེག་འདོད་པའི་དད་མོས་ཤུགས་སུ་འཆང་ཡོད།
མཐར“ངས ཁ་རོག་གེར/འུ་གཉིས་ཀྱི་ཚབ་ཏུ/མཁའ་དབུགས་རྒྱུས་མེད་རེ་ཅི་ནུས་ཀྱིས་རྔུབ་ཀྱིན་ཡོད”ཅེས་ཡུལ་དུས་ཀྱི་བགེགས་བར་དང་། གཞན་དབང་ཅི་རིགས་ཀྱི་གཡུལ་སར“རྒྱུས་མེད་ཀྱི་མཁའ་དབུགས་རྔུབ”ཀྱིན། “འུ་གཉིས་ཀྱི་ཚབ”སྟེ། སྙན་ངག་པ་ཞིག་གི་རྩ་བའི་དམ་བཅར་གྱུར་བའི་བསམ་གཞིག་རང་ཚུགས་དང་། མི་གཞི་ཚུགས་ཐུབ་ཀྱི་སྤོབས་པའི་དབུ་འཕང་དགུང་དུ་གཏོད་དེ། ཚེ་སྲོག་དང་། རང་དབང་གི་བརྗོད་གཞིར་གྱུར་བའི་སྙན་ངག་པ་ཞིག་གི་མི་ཚེའི་རྟོགས་པ་མངོན་གྱུར་བྱ་རྒྱུ་རང་གིས་སྲོག་ལྟར་སྲུང་འདོད་པའི་མོས་པ་འཆང་ཡོད། མཚམས་འདིར་སྙན་ངག་འདིའི་བརྗོད་བྱ་རྒྱ་ཆེ་གཏིང་ཟབ་དང་། མཚོན་དོན་སྣ་མང་དུ་གྱེས་པའི་ཕྱི་ནང་བརྡ་འཕྲིན་ཕུན་སུམ་ཚོགས་པོར་གྱུར་ཏེ། ལེགས་ཆ་མ་ལུས་པ་ཡོངས་སུ་ཆ་རྫོགས་པ་ཡིན་ནོ། །
དྲན་གདུང་སྙན་ངག་འདིར་སྙན་ངག་པ་འདས་པོ་གཅན་མེ་སྟག་གི་མི་གཞིའི་ཁྱད་ཆོས་གནད་འཕིག་འབུར་མཚོན་བརྒྱུད་ཁོང་གི་ཐུན་མོང་མ་ཡིན་པའི་མི་ཚེའི་བཞུད་ལམ་དང་། མི་ཚེའི་རྟོགས་པ་དྲན་གདུང་གི་གཞིར་བཏེགས་ཏེ། སྙན་ངག་པ་ཞིག་གི་མི་ཚེའི་མྱོང་རྒྱུད་དང་སྦྲགས་པའི་མི་གཞིར་བསྔགས་པ་ཟོལ་མེད་བརྗོད་ཡོད།
མདོར་ན། དྲན་གདུང་སྙན་ངག་ཡིན་པ་གང་ཞིག བརྗོད་གཞི་བདམས་པ་ལེགས་ཤིང་། མཚོན་ཐབས་དམིགས་བསལ་ཅན་གྱི་དགེ་མཚན་འཛོམས་པས། སྙན་ངག་པ་འདས་པོ་གཅན་མེ་སྟག་ལ་དྲན་གདུང་དང་། སྙན་ངག་པ་ཐོ་རེངས་ནས་རང་ཉིད་ལ་སོ་ལྟ་བྱས་དང་བྱེད་བཞིན་པའི་མཚོན་ཐབས་གཤིབ་བསྡུར་གྱི་ལམ་ནས“སྙན་ངག་པ”ཞིག་གི་མི་གཞི་དང་། གང་དེའི་མི་ཚེའི་བཞུད་ལམ་དང་། མི་ཚེའི་རྟོགས་པར་ཕྱོགས་སྡོམ་བྱས་པའི་བརྗོད་བྱ་རྒྱ་ཆེ་གཏིང་ཟབ་ལྡན་འདུག་སྙམ།
ཞར་ཡང་། ཡིད་གཟུགས་ཆ་ཤས་ཀྱི་ཚིག་ནུས་ཆེ་བས། ཚིག་རྐང་བཅོ་བརྒྱད་ཀྱི་ཚིག་གི་སྒྲིག་གཞིར་དོན་གྱི་བརྗོད་བྱའི་ཤོང་ཚད་ཆེ་ཞིང་། ཡིད་གཟུགས་གོང་འོག་གི་སྒྲིག་གཞི་ཚགས་དམ་པ་དང་། ནང་གནས་ཀྱི་གཏན་ཚིགས་ཤིག་གིས་སྙན་ངག་པའི་ཡིད་འགྱུར་མངོན་པར་གསལ་ཞིང་། མཚོན་དོན་ཕུན་སུམ་ཚོགས་པའི་ཡིད་བརྙན་རིང་ལུགས་ཕྱི་མའི་ཡིད་བརྙན་སྙན་ངག་གི་ཁྱད་ཆོས་ལྡན་པའང་ཁྱད་ཆོས་ཆེན་པོ་ཞིག་རེད་སྙམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།