ཆབ་འགག་རྡོ་རྗེ་ཚེ་རིང་གི་གླུ་ཚིག་བཞི་བཅུ་པ།
བུ་ཆུང་གསེར་མདོག་ཉི་མ །
བུ་མོ་དུང་མདོག་ཟླ་བ །
ཉི་ཟླའི་རྒྱུ་ལམ་བར་ནས །
རང་བྱུང་རྟེན་འབྲེལ་ཆ་འགྲིག
ཉི་མའི་འོད་ཟེར་འཕྲོས་ནས །
ཟླ་བའི་ཞིང་ཁམས་སྐྱིད་སོང་ །
ཉི་མ་ཟླ་བ་གཉི་གས །
གཅིག་སེམས་གཅིག་གིས་ཤེས་ཡོད །
མི་འབྲལ་དམ་བཅའ་བཞག་ཡོད །
13.ཕ་ཡུལ་ཆབ་འགག
སྙན་གྲགས་རླབས་ཀྱི་ཟེགས་མ་འཕྱོ་བའི་མཚོ །
མཚོ་མོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ན །
ང་ཡི་ཕ་ཡུལ་ཆབ་འགག་གསེར་གཞོངས་ཡོད །
ཡུལ་འདི་ཆོས་ཀྱི་བྱིན་རླབས་ཆེ་བའི་གནས །
གནས་འདི་ལས་དང་རྒྱུ་འབྲས་རྩིས་པའི་ཡུལ །
བསང་དུ་སྔོན་མོ་ལྷོག་ལྷོག་འཕྱུར་བའི་ཁྲོད །
ཨ་ཕའི་གདོང་ལས་དགེ་བའི་མཆོད་སྤྲིན་མཐོང་ །
རྨུ་ཐག་རིང་མོ་ལྷབ་ལྷབ་གཡོ་པའི་དུས །
ཨ་མའི་མིག་ལས་དད་པའི་མཆི་མ་ལྷུང་ །
ཡ་རབས་ཀྱི་ཞིང་ཁམས་ཚེ་རིང་གི་ཕ་ས །
བསོད་ནམས་ཀྱི་ཆབ་འགག་སྙིང་རྗེ་ཡི་ཕ་ཡུལ །
ལག་ནས་བྱུ་དཀར་ཕྲེང་བ་ཕྲེང་བ་འདྲེན་ས་ཡིན །
ཁ་ནས་ཡིག་དྲུག་མ་ཎི་མ་ཎི་འདོན་ས་ཡིན །
ངག་རྒྱུན་གཡས་འཁྱིལ་དུང་སྒྲ་སྒྲོག་པའི་རི །
རི་བོ་བློན་པོ་གསེར་ཆེན་ཕང་པ་ན །
ང་ཡི་ཕ་ཡུལ་ཆབ་འགག་གསེར་གཞོངས་ཡོད །
ཡུལ་འདི་བཀྲ་ཤིས་རྟགས་བརྒྱད་ཚང་བའི་གནས །
གནས་འདི་པད་མ་འདབ་བརྒྱད་འཛོམས་པའི་ཡུལ །
རྟ་ནོར་ལུག་གསུམ་རྦ་རླབས་འཕྱུར་བའི་ཁྲོད །
ཨ་ཕའི་གདོང་ལས་བདེ་སྐྱིད་འཚོ་བ་མཐོང་ །
གྲོ་ནས་སྲན་གསུམ་ལོ་ལེགས་སྨིན་པའི་དུས །
ཨ་མའི་འཛུམ་ལས་དགའ་སྤྲོའི་ལང་ཚོ་ངོམ །
མཛེས་སྡུག་གི་འཇིག་རྟེན་ཡིད་འཕྲོག་གི་ཕ་ས །
འབྱོར་ཕྱུག་གི་ཆབ་འགག་རྩེད་དགོད་ཀྱི་ཕ་ཡུལ །
ཆུང་ཆུང་འབའ་འབའ་ལུ་གུ་ལུ་གུ་འཚོ་ས་ཡིན །
ཡང་ཆུང་སྐལ་བཟང་མེ་ཏོག་མེ་ཏོག་འཐུ་ས་ཡིན །
14.མེ་ཏོག་གི་ཕ་ཡུལ །
གཡུ་འབྲུག་སྐད་སྒྲ་སྙན་སོང་ །
འཇའ་ཚོན་སྣ་ལྔ་ཤར་སོང་ །
སྦྲང་མའི་ཆར་བ་བབས་སོང་ །
ས་གཞིའི་ཁ་མདོག་འགྱུར་སོང་ །
དཔྱིད་གསུམ་མེ་ཏོག་མཛེས་སོང་ །
ཁུ་བྱུག་སྤང་ནས་གྲག་སོང་ །
སྤང་ལྗོངས་ཚོས་ལ་བསྒྱུར་སོང་ །
ནོར་ལུག་རྦ་རླབས་འཕྱུར་སོང་ །
འོ་མས་རྒྱ་མཚོ་བསྐྱིལ་སོང་ །
དབྱར་གསུམ་མེ་ཏོག་མཛེས་སོང་ །
གསེར་མདོག་ཉི་མ་ཤར་སོང་ །
ས་གཞི་གསེར་ལ་འདྲེས་སོང་ །
གསེར་སྙེས་རླབས་ཕྲེང་འཕྱུུར་སོང་ །
འབྲུ་དྲུག་འབྲས་བུ་སྨིན་སོང་ །
སྟོན་གསུམ་མེ་ཏོག་མཛེས་སོང་ །
དུང་མདོག་ཁ་བ་བབས་སོང་ །
རི་བོ་ཁ་བས་གཡོགས་སོང་ །
མཚོ་མོ་གཉིད་ལ་ཤོར་སོང་ །
གཙང་བོ་དར་ལ་འཐིམ་སོང་ །
དགུན་གསུམ་མེ་ཏོག་མཛེས་སོང་ །
15. རྨི་ལམ་གྱི་ལྷ་མོ །
མདངས་ཐུན་གསུམ་རྨིས་པའི་རྨི་ལམ་དུ །
མཐོངས་བར་སྣང་ཁམས་ནས་འཇའ་ཞིག་ཤར །
འབྲུག་ཕོ་ཆུང་འཁྱུག་འགྲོས་གར་ལ་རྩེན །
བྱ་འདབ་ཆགས་གཤོག་འགྱུར་རྩལ་ལ་རོལ །
རིམ་བཞིན་དུ་མཛེས་སྡུག་འཇའ་རིས་ལས །
གདོང་ཞལ་རས་དཀར་ལ་ཤ་རྩ་དམར།
མིག་སྤྱན་དཀྱུས་རིང་ཞིང་སྨིན་མ་གཡོ །
དུང་སོ་ཕྲེང་མཛེས་ལ་འོ་འཛིན་རྒྱས །
ལུས་གཉེན་ལྕུག་གར་གྱི་སྟངས་སྟབས་ཁྲོད །
འཛུམ་སྒེག་ཉམས་སྟོན་བཞིན་ས་ལ་བབས །
ཨ་ལ་ལ་རྨི་ལམ་ཡ་མཚན་ཞིག
ཨ་ལ་ལ་ལྷ་མོ་མཛེས་མ་ཁྱོད །
ནམ་ལངས་རྒྱུ་མེད་ན་དགའ་བ་ལ །
གཉིད་སངས་རྒྱུ་མེད་ན་སྐྱིད་པ་ལ །
ཨ་ལ་ལ་རྨི་ལམ་ཡ་མཚན་ཞིག
ཨ་ལ་ལ་ལྷ་མོ་མཛེས་མ་ཁྱོད །
ནམ་ལངས་རྒྱུ་མེད་ན་དགའ་བ་ལ །
གཉིད་སངས་རྒྱུ་མེད་ན་སྐྱིད་པ་ལ །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com