ཆབ་འགག་རྡོ་རྗེ་ཚེ་རིང་གི་གླུ་ཚིག་བཞི་བཅུ་པ།
1.ཕ་མའི་འཚོ་བ།
ཞོགས་པའི་མཚམས་སྤྲིན་འོག་ནས །
ཨ་མས་མ་ཎི་འདོན་ཞོར །
ལྷ་ཤིང་མེ་ཁ་གསོ་སྐབས །
སེམས་ལ་དྲོད་ཀྱིས་ཁེངས་ཡོད །
འཇམ་པོ་སྦྲང་དཀར་རྩམ་པ །
སྣུམ་པོ་འབྲི་མར་སེར་པོ །
ཞིམ་པོ་འོ་ཇ་དཀར་པོ །
སྦྲ་ཁྱིམ་གྲུ་བཞིའི་ནང་ནས །
གཅིག་ལུས་གཅིག་ལ་འཐིམ་སོང་ །
རྩྭ་མགོའི་ཟིལ་བའི་ཁྲོད་ནས །
ཨ་ཕས་ཕྲེང་བ་འདྲེན་ཞོར །
ལྷ་བསང་སྔོན་མོ་གཏོང་སྐབས །
སེམས་ལ་དད་པས་ཁེངས་ཡོད །
གཡང་དཀར་ལུག་གི་འབའ་སྒྲ །
ཐུལ་དཀར་འབྲི་མོའི་ངུར་སྒྲ །
རྐྱང་དཀར་རྒོད་མའི་འཚེར་སྒྲ །
ལྷས་ར་གོར་མོའི་ནང་ནས །
གཅིག་སྐད་གཅིག་ལ་འདྲེས་སོང་ །
2.སྙིང་གི་མཛའ་མོ །
སྙིང་གི་ཆུང་འདྲིས་མཛའ་མོ །
བུ་མོ་ཚེ་རིང་ལྷ་མོ །
ཁྱོད་ཀྱི་མཛེས་སྡུག་ཞལ་རས །
བཅོ་ལྔའི་ཟླ་ལས་མཛེས་སོང་ །
ཁྲ་ཆེན་མིག་གི་ལང་ཚོ །
དབྱངས་ཅན་ལྷ་ལས་སྒེག་སོང་ །
ཁྱོད་ལ་འགྱུར་བ་མེད་ན །
ངའི་སེམས་ཁྱོད་ལ་འཁོར་ཡོད །
ཨེ་བདེན་མི་བདེན་འདོད་ན །
ཡ་ཆུང་ཁོག་ཁ་ཕྱེ་ནས །
སེམས་པ་ཁྱོད་ལ་བསྟན་ཆོག
སྙིང་གི་ཆུང་འདྲིས་མཛའ་མོ །
བུ་མོ་ཚེ་རིང་ལྷ་མོ །
མཛའ་མོ་ཁྱོད་ཀྱི་ཚིག་སྒོ །
རྗེ་བཙུན་མགུར་ལས་སྙན་སོང་ །
བུ་མོ་ཁྱོད་ཀྱི་ངང་རྒྱུད །
གཡང་དཀར་བལ་ལས་འཇམ་སོང་ །
ཁྱོད་ལ་འགྱུར་བ་མེད་ན །
ངའི་སེམས་ཁྱོད་ལ་འཁོར་ཡོད །
ཨེ་བདེན་མི་བདེན་འདོད་ན །
ཡ་ཆུང་ཁོག་ཁ་ཕྱེ་ནས །
སེམས་པ་ཁྱོད་ལ་བསྟན་ཆོག
3. ཨ་མདོ་ན་ཆུང་བུ་མོ །
ཨ་མྱེས་རྨ་ཆེན་གངས་རི་དཀར་པོའི་ཕང་བ་ན།
མཛེས་སྡུག་ལྡན་པའི་ཨ་མདོ་ན་ཆུང་བུ་མོ་ལགས།
ཉི་ཟླ་སྐར་གསུམ་བུ་མོ་ཁྱོད་ཀྱི་རྒྱན་ཆ་ཡིན།
རྨ་འབྲི་རྫ་གསུམ་བུ་མོ་ཁྱོད་ཀྱི་ལང་ཚོ་ཡིན།
ལོ་ཡ་རེ་ལོ།
ཡིད་དུ་འོངས་པའི་ཨ་མདོ་ན་ཆུང་བུ་མོ་ལགས།
བུ་མོ་ཁྱོད་ཀྱི་སེམས་རྒྱ་ནམ་མཁའི་མཁའ་ལས་ཡངས།
བུ་མོ་ཁྱོད་ཀྱི་ཁོག་རྒྱ་རྒྱ་མཚོའི་གཏིང་ལས་ཟབ།
ལོ་ཡ་རེ་ལོ།
རྨི་ལམ་གྱི་ཨ་མདོ་ཡ་ན་ཆུང་གི་བུ་མོ་ལགས།
བུ་མོ་ཁྱོད་ལ་བརྩེ་ཞིང་བུ་མོ་ཁྱོད་ལ་དུངས།
ལྷ་མཚོ་སྔོན་མོ་ཁྲི་ཤོར་རྒྱལ་མོའི་ཕང་བ་ན།
མཛེས་སྡུག་ལྡན་པའི་ཨ་མདོ་ན་ཆུང་བུ་མོ་ལགས།
རྟ་ནོར་ལུག་གསུམ་བུ་མོ་ཁྱོད་ཀྱི་རྒྱན་ཆ་ཡིན།
གྲོ་ནས་སྲན་གསུམ་བུ་མོ་ཁྱོད་ཀྱི་ལང་ཚོ་ཡིན།
ལོ་ཡ་རེ་ལོ།
སྙིང་དུ་སྡུག་པའི་ཨ་མདོ་ན་ཆུང་བུ་མོ་ལགས།
བུ་མོ་ཁྱོད་ཀྱི་ངང་རྒྱུད་གཡང་དཀར་བལ་ལས་འཇམ།
བུ་མོ་ཁྱོད་ཀྱི་གཞུང་རྒྱུད་གསོམ་དཀར་མདའ་ལས་དྲང་།
ལོ་ཡ་རེ་ལོ།
རྨི་ལམ་གྱི་ཨ་མདོ་ཡ་ན་ཆུང་གི་བུ་མོ་ལགས།
བུ་མོ་ཁྱོད་ལ་བརྩེ་ཞིང་ཁྱོད་ལ་དུངས།
4.རྒྱ་ཚ་ཞལ་དཀར །
གནམ་ལ་གཟའ་སྐར་འཕྲོད་སོང་ །
བཀྲ་ཤིས་འཇའ་ཚོན་མཛེས་སོང་ །
ཐོ་རངས་སྐར་ཆེན་ཤར་སོང་ །
ཉི་ཟླ་གཉི་ག་དགའ་སོང་ །
ཕ་རུས་ཁྲི་གདུགས་ཉི་མ །
མ་རྒྱུད་དཀར་གསལ་ཟླ་བ །
ཉི་ཟླ་ཕ་མའི་རྒྱན་དུ །
ཤར་བའི་ཐོ་རངས་སྐར་ཆེན །
སྐར་ཆེན་ཚེ་རིང་ལོ་བརྒྱ །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com