ཆབ་འགག་རྡོ་རྗེ་ཚེ་རིང་གི་གླུ་ཚིག་བཞི་བཅུ་པ།
9.ཨ་མ་དྲན་པ།
ཡར་བལྟས་ཨ་སྔོན་དགུང་གི །
ལྷ་བྱ་ཁྲུང་ཁྲུང་དཀར་མོ །
ད་ནངས་གང་ནས་འཕུར་ཡོང་ །
ཕ་ཡུལ་ཕྱོགས་ནས་ཡོང་ན །
བདག་གི་དྲིན་ཆེན་ཨ་མའི །
སྐྱིད་སྡུག་ལས་ཀྱི་གནས་ཚུལ །
མ་གསང་བདག་ལ་གསུངས་རོགས །
བདག་གིས་ས་མཐའ་འདི་ནས །
དྲིན་ཆེན་ཨ་མ་དྲན་ནས །
མིག་ཆུའི་ཕྲེང་ཐག་ཆད་སོང་ །
ཨོ ། ཨ་མ་དྲན་པ་ལ །
ཨོ ། ཡིད་སེམས་སྐྱོ་བ་ལ །
ཡར་བལྟས་ཨ་སྔོན་དགུང་གི །
ལྷ་བྱ་ཁྲུང་ཁྲུང་དཀར་མོ །
དོ་ནུབ་གང་ལ་འཕུར་འགྲོ །
ཕ་ཡུལ་ཕྱོགས་ལ་འགྲོ་ན །
ཕྱོགས་མེད་རྒྱལ་ཁམས་འགྲིམ་པའི །
ན་ཆུང་བུ་མོའི་སེམས་གཏམ །
མ་གསང་ཨ་མར་གསུངས་རོགས །
བདག་གིས་ས་མཐའ་འདི་ནས །
དྲིན་ཆེན་ཨ་མ་དྲན་ནས །
མིག་ཆུའི་ཕྲེང་རྡོག་ཐོར་སོང་ །
ཨོ ། ཨ་མ་དྲན་པ་ལ །
ཨོ ། ཡིད་སེམས་སྐྱོ་བ་ལ །
10.ལྷ་རྒྱལ་ལོ །
རྒྱུད་གཅིག་རྒྱུད་གཉིས་རྒྱུད་གསུམ །
གཞུ་གཅིག་གཞུ་གཉིས་གཞུ་གསུམ །
ལག་ལ་བཟུང་བའི་ལྷ་གཞུ །
ཡར་མཆོག་སྲ་མོ་ཕ་ཡིན །
མར་མཆོག་སྙི་མོ་མ་ཡིན །
སྲ་སྙི་འཛོམས་པའི་གཞུ་མོ །
རྭ་རྒོད་བཀྲ་ཤིས་འཁྱིལ་བ །
ལྷ་གཞུ་ལོ་ཡ་ལྷ་རྒྱལ་ལོ །
མཐེབ་གཅིག་མཐེབ་གཉིས་མཐེབ་གསུམ །
མདའ་གཅིག་མདའ་གཉིས་མདའ་གསུམ །
ལག་ལ་བཟུང་བའི་ལྷ་མདའ །
མདའ་མགོ་ལྗིད་མོ་རྣོ་ཡིན །
མདའ་རྟིང་ཡང་མོ་སྒྲོ་ཡིན །
ཡང་ལྗིད་འཛོམས་པའི་མདའ་མོ །
སྐྱེན་པོ་གནམ་ལྕགས་ཐོག་ཡིན །
ལྷ་མདའ་ལོ་ཡ་ལྷ་རྒྱལ་ལོ །
11.རྨི་ལམ །
མཚན་མོའི་རྨི་ལམ་ནང་དུ །
ཆུང་འདྲིས་རྩེད་རོགས་ངེད་གཉིས །
སྤང་དཀར་མེ་ཏོག་ཐང་ནས །
གཡང་དཀར་ལུག་གི་རྗེས་ནས །
ཕྱིང་དཀར་ཚར་ཞྭའི་འོག་ནས །
གསང་བས་འོ་ཞིག་བྱས་པ །
མིག་གིས་ལྟ་ཕྱོགས་མིན་ན །
གཡང་མོ་ལུག་གི་ཁྱུ་ཚོགས །
ངེད་གཉིས་མཐའ་ལ་བསྐོར་ཡོད །
བུ་མོ་ཡིད་སེམས་མ་བདེ །
མགོ་བོ་སྒུར་ནས་བྲོས་སོང་ །
བུ་མོ་སྐལ་བཟང་མེ་ཏོག
སྐྱིད་པོ་གཉིད་ལས་སད་དེ །
ཞོགས་པའི་མཚམས་སྤྲིན་འོག་ནས །
གསོམ་དཀར་འོ་ཟེའུ་བཟུང་ནས །
ཐུལ་དཀར་འབྲི་མོ་བཞོ་དུས །
གཡང་དཀར་ལུག་ཁྱུ་རིག་ནས །
རྨི་ལམ་སེམས་ལ་འཁོར་བྱུང་ །
འོ་ཟེའུ་ལག་ནས་ཤོར་སོང་ །
འོ་མ་ས་ལ་བཞུར་སོང་ །
ན་ཆུང་བུ་མོའི་ཞལ་རས །
ངོ་ཚས་དམར་པོར་གྱུར་སོང་ །
12.དམ་བཅའ །
བུ་ཆུང་འཁོར་ལོ་རྩིབས་བརྒྱད །
བུ་མོ་པད་མ་འདབ་བརྒྱད །
གནམ་ས་གཉིས་ཀྱི་བར་ལ །
རང་བྱུང་རྟེན་འབྲེལ་ཆ་འགྲིག
སྦྲང་མའི་ཆར་བ་བབས་ནས །
པད་མ་མེ་ཏོག་བཀད་སོང་ །
སྦྲང་ཆར་མེ་ཏོག་གཉི་གས །
གཅིག་སེམས་གཅིག་གིས་ཤེས་ཡོད །
མི་འབྲལ་དམ་བཅའ་བཞག་ཡོད །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com