སྐྱབས་ཆེན་བདེ་གྲོལ་གྱི«གླུ་སྐད་སྐྱ་བོ»བཀླགས་པ།
རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-02 12:45:08
ཀློག་གྲངས།:
སྐྱབས་ཆེན་བདེ་གྲོལ་གྱི«གླུ་སྐད་སྐྱ་བོ»བཀླགས་པ།
ཆོས་དབྱིངས་རྒྱ་མཚོ།
ནང་དོན་གནད་བསྡུས། སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ«གླུ་སྐད་སྐྱ་བོ»ཅེས་པར་ཁྱོན་བསྡོམས་སྒྲུང་ཐུང་ཉེར་བཞི་བསྡུས་འདུག་ཅིང་། སྒྲུང་ཐུང་ཕལ་ཆེ་བ«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»«མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་དུས་དེབ་དང་ཚགས་པར་ཁག་ཏུ་སྤེལ་མྱོང་འདུག རྩོམ་པ་པོས་དེབ་འདིའི་ནང་གི་སྒྲུང་ཐུང་ཕལ་མོ་ཆེ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སྤྱད་ནས་བྲིས་འདུག་པ་དང་། བརྩམས་ཆོས་མང་པོ་ཞིག་གི་བརྗོད་བྱ་ནི་རྒྱང་རིང་དང་སྙན་ངག ཕུགས་བསམ་དང་རྨི་ལམ། སྐྱ་ཟད་སྔོ་སྡུག་གི་འཚོ་བ་སོགས་ཀྱིས་གྲུབ་འདུག
བཀླགས་བྱང་ཉུང་བསྡུས།
ངའི་སྣང་ངོར་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་ལགས་ནི་ཁོང་གི་བརྩམས་ཆོས་ཇི་བཞིན་འགྲེལ་བརྗོད་བྱེད་ཐབས་བྲལ་བའི་རཉཙོམ་པ་པོ་ཁྱད་པར་བ་ཞིག་ཏུ་མཐོང་ལ། བསླུ་བྲིད་ཀྱི་རང་བཞིན་ཆེ་བའི་སྒྱུ་རྩལ་གྱི་ཕུང་པོ་ཞིག་ཏུའང་སྣང་བས། ངས་ནམ་ཡང་སྐྱབས་ཆེན་ནམ་བདེ་གྲོལ་ལམ་སྐྱ་བ་ནི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཏུ་བསྒོམས་ནས། དེ་ཉིད་ཡུལ་དུས་མི་འདྲ་བ་དང་སེམས་ཁམས་མི་འདྲ་བ། མཐོང་ཐོས་མི་འདྲ་བའི་དུས་ན་བཀླགས་ཚོར་ཡང་ཐ་དད་པ་ཞིག་ཡིན་པར་འདོད་ཡོད། ཡང་ན་བློ་དམན་ང་ལྟ་བུས་ནི་ནམ་ཡང་ཀློག་མི་ཤེས་པའི་གནམ་ཡིག་ཅིག་གམ་ཡང་ན་གཉན་པོའི་གསང་བ་ལྟ་བུ་ཞིག་ཡིན་ཡང་སྲིད། དེ་ལྟ་ནའང་། ང་ལ་སྐབས་མང་པོ་ཞིག་ཏུ་རྩོམ་པ་པོ་ཞེས་པ་ནི་དོན་དམ་པར་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ཚོར་བ་རེ་སྐྱེས་ཡོང་།
ཁོང་གི་བརྩམས་སྒྲུང་རིང་གྲས«གངས་འདབས་ཀྱི་དུར་ཁྲོད་དང་ཤམྦྷ་ལའི་བྱ་རྒོད»དང་སྒྲུང་འབྲིང«ཟ་འཕྲུག»གཉིས་ཡར་སྔོན་ནས་བཀླགས་མྱོང་མོད། ཁོང་གི་བརྩམས་དེབ་སྔ་ཤོས«གླུ་སྐད་སྐྱ་བོ»ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་འདི་ནི་ད་ཐེངས་མ་གཏོགས་ལག་ཏུ་མ་སོན་ལ་ཀློག་སྐལ་ཡང་མ་བྱུང་། ཡིན་ནའང་། རྩོམ་པ་པོ་ན་རོ་ལགས་ཀྱི«བརྩམས་སྒྲུང་དང་རིག་གནས»ཞེས་པའི་མིའི་རིགས་རིག་པའི་ངོས་ནས་བོད་རྩོམ་འགའ་ལ་དཔྱད་བརྗོད་བྱས་པའི་དེབ་མཆོག་དེ་ཉིད་ཀློག་སྐབས། ཆེད་དུ་སྒྲུང་ཐུང«གླུ་སྐད་སྐྱ་བོ»མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནས་བཙལ་ཏེ་བཀླགས་པ་ཡིན། ཐེངས་འདིར་གྲོགས་པོ་མཛོད་འཕྲིན་ལགས་ཀྱིས་ཐུགས་དགོངས་ཆེར་བཞེས་ཀྱིས་མཐུན་རྐྱེན་བསྐྲུན་ནས་གུས་པར་དེབ་གཅིག་ལེགས་སྐྱེས་སུ་གནང་བྱུང་བས། སྤྱང་ལྟོགས་ཀྱིས་ལུག་མཐོང་བ་ལྟར་ལག་ཏུ་འབྱོར་མ་ཐག་ལམ་སང་རྔམ་ཟ་རྔམ་འཐུང་གིས་ཀློག་དགོས་བྱུང་། གསོང་པོར་བཤད་ན། སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་འདིར་བཀོད་པའི་སྒྲུང་ཐུང་ཕལ་མོ་ཆེའང་ཁོང་གི་སྒྲུང་དེབ་གཞན་པ་གཉིས་བཞིན་གོ་བ་ལེན་དཀའ་བ་ཞིག་ཏུ་མཐོང་། གོ་བ་ལེན་དཀའ་ཟེར་ནའང་ཁོང་གི་བརྩམས་སྒྲུང་དེ་དག་གི་འབྲི་སྟངས་ནི་རང་ཅག་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་གཞན་པ་ཕལ་མོ་ཆེའི་འབྲི་སྟངས་ལྟར་གཏམ་རྒྱུད་རྡོག་རྡོག་མ་གཅིག་གོ་སླ་བའི་ངང་ནས་བརྩམས་པ་དེ་འདྲ་མ་ཡིན་པར། ཀློག་པ་པོ་བཅུས་བཀླགས་ན་ཚོར་བ་མི་འདྲ་བ་བཅུ་འབྱུང་བ་དང་ཀློག་པ་པོ་བརྒྱས་བཀླགས་ན་ཚོར་བ་མི་འདྲ་བ་བརྒྱ་འབྱུང་བ་ཞིག་ཏུ་མཐོང་བས། དེ་ནི་དངོས་འབྲེལ་ཀློག་པ་པོ་སྟོང་ལ་ཧ་མཱི་ལེ་ཐི་སྟོང་ཡོད་ཅེས་པའི་བཤད་སྟངས་དེ་དང་། མི་སུམ་ཅུར་བསམ་པ་སུམ་ཅུ། །བསམ་ལུགས་མི་གཅིག་ཁ་ཁ། །མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ། །སྐྱེ་ལུགས་མི་གཅིག་སོ་སོ་ཞེས་པའི་གནའ་མི་བོད་ཀྱི་གཏམ་དཔེ་དང་ཅིས་མི་མཚུངས། ངས་བསམས་ན་རྩོམ་རིག་གི་བརྩམས་ཆོས་ཙ་ཡ་ཞིག་ཡིན་ན་འདི་འདྲ་ཞིག་ཡིན་དགོས་ཏེ། ཀློག་པ་པོ་སྟོང་ལ་ཧ་མཱི་ལེ་ཐི་གཅིག་ལས་མེད་པའི་བརྩམས་ཆོས་ཤིག་ཡིན་ན་དེས་ནི་ལས་ཁུངས་སོ་སོར་བརྡ་རྒྱག་བྱེད་ཀྱི་ཡིག་ཆ་ཙམ་གྱི་གོ་ལས་མ་ཆོད་པ་རེད་ཨང་།
དེ་བས། ངས་ནམ་ཡང་བོད་ཀྱི་རྩོམ་པ་པོའི་སྡེ་རུ་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་སོགས་ནི་དངོས་འབྲེལ་བོད་ཀྱི་རྩོམ་རིག་གི་མདུན་བསྐྱོད་པའམ་གདོང་མཆོང་པ་ལྟ་བུ་དང་། ཁྱད་པར་དུ་རྩོམ་རིག་གསར་པའི་རུ་འདྲེན་པ་ལྟ་བུར་མཐོང་སོང་སྟེ། རྩོམ་པ་པོ་རེ་རྐང་གླིང་གི་སྒྲུང་ཐུང་བསྡུས་དེབ«བར་སྣང་གི་མགོ་འཁོར་ཕོ་བྲང»ཡང་དེ་བཞིན་ཀློག་པ་པོའི་རིག་གནས་ཆུ་ཚད་དང་རྟོགས་པ་མཐོ་དམན་ལྟར་བཀླགས་ཚོར་སྣ་ཚོགས་ཡོང་བའི་བརྩམས་ཆོས་འབའ་ཞིག་གིས་གྲུབ་ཡོད་པ་རེད་ཨང་། དངོས་འབྲེལ་སྒྱུ་རྩལ་རྩོམ་རིག་ཅེས་པ་ནི་རིག་གཞུང་དང་བསྟན་བཅོས་ལ་འགྲེལ་བ་བརྒྱབ་པ་བཞིན་ཏུ་བརྗོད་བྱའི་སྙིང་པོ་གཏན་ལ་ཕབ་དགོས་པ་ཞིག་མིན་ཨང་།
ཟིན་རྒྱུ་མེད་པའི་གཏམ་རྒྱུད་ཅིག་ཀློག་པ་ནི་སྐབས་མང་པོར་མནར་གཅོད་ཅིག་ཡིན་ངེས་མོད། ཡང་སྐབས་མང་པོར་དེ་ནི་རྟོག་པ་འཆར་ཡན་གྱི་སྐུད་སྣེ་ལྟ་བུའང་ཡིན་སྲིད་པས། ཁྱོད་ཀྱིས་སྐུད་སྣེ་དེ་ལ་འཆར་ཡན་གྱི་མེ་བསྒྲོན་ཐུབ་ན་ཁྱོད་ཀྱི་ནང་སེམས་སུ་བསྙལ་བའི་རྨི་ལམ་དང་རྒྱང་རིང་། རྟོག་བཏགས་ཀྱི་འཇིག་རྟེན་སྣ་ཚོགས་དེ་ལས་མཆེད་པའི་མེ་སྟག་གི་ཚུལ་གྱིས་ཁྲ་ཁྲ་རིག་རིག་གིས་མཆེད་ཡོང་བ་དང་། དེས་འཇིག་རྟེན་ཞིག་དང་འཚོ་བ་ཞིག ཡང་ན་མི་སེམས་ཤིག་ལ་འོད་སྣང་དང་གསོན་ཤུགས་སྩོལ་བར་བྱེད། ཡང་མང་པོ་ཞིག་གི་སྣང་ངོར་གླུ་དབྱངས་ནི་དགའ་སྤྲོ་མཚོན་བྱེད་ཅིག་སྟེ་དགའ་བའི་དུས་ཁོ་ནར་ལེན་རྒྱུ་ཞིག་ཡིན་པར་འདོད་སྲིད་མོད། རྩོམ་པ་པོ་སྐྱབས་ཆེན་ལགས་ཀྱིས་ནི་རེ་ཆད་དང་སྐྱོ་གདུང་། སེམས་སྡུག སྐྱ་ཆད་སྔོ་སྡུག་གི་སྣང་བརྙན་མང་པོ་ཞིག་གླུ་དབྱངས་དང་འབྲེལ་ནས་བྲིས་འདུག་པ་དེའང་རྩོམ་རིག་གི་བློ་སྦྱོང་ཁྱད་པར་བ་ཞིག་དང་འཁོར་བའི་རྟོག་སད་ཐུན་མོང་མ་ཡིན་པ་ཞིག་ཏུ་མཐོང་སོང་ངོ་། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།