སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-06 12:08:00 ཀློག་གྲངས།:

གསུམ་པ།

      “བརྩམས་ཆོས་གང་ཡིན་རུང་རང་ཉིད་ཀྱི་རྩོམ་ལུས་དེ་རྩོམ་པ་པོས་ཐག་གིས་བཅད་པ་ལས་རྩོམ་གྱི་བརྗོད་བྱའི་དོན་གྱིས་གཏན་ལ་ཕབ་པ་ཡིན་ཅེ་ན་བདེན་པར་སྣང”གསུངས་མོད། བརྗོད་དོན་གཅིག་ལ་སྒྲུང་གཏམ་དང་སྙན་ངག་ཟློས་གར་ལྷུག་རྩོམ་སོགས་ལས་འདོན་ཆོག་ལ། རི་མོ་དང་རོལ་དབྱངས་ལས་ཀྱང་འདྲེན་ཆོག་བརྗོད་དོན་གྱིས་ཐག་བཅད་པ་ག་ལ་ཡིན། དེ་བཞིན་མི་རིགས་སོ་སོའི་རོལ་མོ་མི་འདྲ་བ་ལས་ཀྱང་འདྲེན་ཆོག་པས་རོལ་མོའི་ཁྱད་པར་ཀྱང་དབྱངས་རྟ་ལས་ཕྱེས་པ་ལས་བརྗོད་བྱ་ལས་ཇི་ལྟར་འབྱེད་དམ། ཡིན་ན་ཡང་། རྩོམ་ལུས་ནི་རྩོམ་པ་བོས་བརྩེ་སེམས་འདོན་པའི་ཐབས་ལམ་སྟེ་ཐབས་ལམ་དེ་བརྩེ་སེམས་ཏེ་འགྱུར་བ་དང་འབྲེལ་བ་ལས་རང་ཚུགས་ཐུབ་པ་ཞིག་དང་ཕྱི་ཡུལ་གྱིས་ཐག་བཅད་པ་ཞིག་གཏན་ནས་མིན། གལ་ཏེ་ཡིན་ན་རྩོམ་ལུས་ནི་གསར་བཏོད་དེ་རྩོམ་པ་བོའི་བློ་གྲོས་ཀྱི་རྩལ་ལས་བྱུང་བ་མ་ཡིན་པར་འགྱུར་ལ་རྩོམ་པ་བོ་དང་ཡང་འབྲེལ་བ་མེད་པར་འགྱུར་རོ། །
      དཔེར་ན། ཕ་ཡུལ་དྲན་པའི་སྙན་ངག་ཅིག་ཡིན་ན། ཕ་ཡུལ་དྲན་པ་དེས་རྐྱེན་བྱས་ནས་དགའ་སྐྱོ་ཆགས་སྡང་རང་ཆས་སུ་འབྱུང་ཞིང་། དེ་ལྟ་བུའི་རྩོམ་པ་བོའི་དགའ་སྐྱོའི་ཆགས་སྡང་དེ་ནི་རྩོམ་ལུས་གྲུབ་པའི་གཞི་ཡིན་ལ་དེ་ལྟར་ཡིན་པའང་སྙན་ངག་གྲུབ་སྟངས་ལ་ཐུག་པ་ལས། སྙན་ངག་ནི་ཕྱི་ཡུལ་ལས་བྱུང་བའི་སྐད་ཆ་རགས་མོ་ནམ་ཡང་བཤད་མི་རུང་སྟེ་སྙན་ངག་ནི་འདྲ་པར་མ་ཡིན་པའི་ཕྱིར་རོ། །
      དེ་བས་ཆགས་སྡང་གི་འགྱུར་བ་དྲག་པོས་སྙན་ངག་གྲུབ་པ་ཡིན་པས་སྙན་ངག་གི་ལུས་མེད་པའི་སྙན་ངག་ཅིག་མེད་ལ་སྙན་ངག་གི་ལུས་འདི་ཙམ་ཞེས་སྨྱོན་པ་ཞིག་མ་གཏོགས་སུས་ཀྱང་ཚོད་འཛིན་བྱེད་མི་ཐུབ་སྟེ། དེ་ལྟར་ཚོད་འཛིན་བྱས་ན་དེ་ནི་སྙན་ངག་པའི་ཆགས་སྡང་གི་འགྱུར་བ་དང་བློ་གྲོས་ཀྱི་ཉམས་འགྱུར་ལ་ཚོད་འཛིན་བྱེད་པར་འགྱུར་བས་སོ། །
      དེ་བས་སྙན་ངག་གི་ལུས་ལ་ཚོད་འཛིན་བྱེད་མི་ཐུབ་ལ། ཁ་གཏད་ས་ཡང་ཚོད་འཛིན་གཏན་ནས་བྱེད་མི་ཐུབ་པ་མ་ཟད་སྲོལ་རྒྱུན་སྙན་ངག་ལ་དེ་བས་ཀྱང་ཚོད་འཛིན་བྱེད་མི་ཐུབ་སྟེ། ཚོད་འཛིན་བྱ་ཐུབ་པ་ནི་གདོད་མའི་སྙན་ངག་ཡིན་ལ་གདོད་མའི་སྙན་ངག་དང་སྲོལ་རྒྱུན་སྙན་ངག་མི་འདྲ་སྟེ། ཕྱི་མ་ནི་མུ་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། དེ་བས་ཁྱོད་ཀྱིས“སྲོལ་རྒྱུན་སྙན་ངག་གི་ཁ་གཏོད་ས་སངས་རྒྱས་ཆོས་ལུགས་ཡིན། ཚིག་རྒྱན་དང་ཆོས་ལུགས་ཀྱི་བར་དུ་མི་ཕྱེད་རྡོ་རྗེའི་འབྲེལ་བ་གྲུབ་འདུག་སྟེ་སྲོལ་རྒྱུན་སྙན་ངག་གི་རང་གཟུགས་ཡིན”ཞེས་ཐག་བཅད་པ་ནི་ཆེས་མ་ངེས་པ་དང་། རྒྱུ་མཚན་འཛོལ་བ། གོ་བརྡ་ལོག་པ་ཞིག་སྟེ་ཁོང་གི་བསྡོམས་ཚིག་ནི་ཆོས་པའི་སྙན་ངག་འགའ་ལ་བལྟས་ནས་བཤད་པ་ཡིན་ལ་ཆོས་པའི་སྙན་ངག་ཡིན་ན་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཡིན་པའི་ངེས་པ་མེད་ལ། སྲོལ་རྒྱུན་སྙན་ངག་ཡིན་ན་ཆོས་པའི་སྙན་ངག་ཡིན་པའི་ངེས་པ་དེ་བས་ཀྱང་མེད། ལྷག་པར་ཆོས་པས་བྲིས་པའི་སྙན་ངག་གི་ཁ་གཏད་ས་ཡང་ཆོས་ལུགས་ཡིན་པའི་ངེས་པ་གཏན་ནས་མེད་དེ། གལ་ཏེ་ཡོད་ཟེར་ན་ཡང་ཨུ་ཚུགས་ཙམ་དང་འོལ་ཚོད་ཙམ་ཡིན། ཆོས་ལུགས་ལ་དད་པ་མེད་པས་ཀྱང་སྲོལ་རྒྱུན་སྙན་ངག་བྲིས་ཆོག་པ་ཁ་གསལ་མིག་མཐོང་ཡིན་པས“ལས་ཉོན་གྱི་སྒོ་ནས་ཐར་བ་གྲོལ་ཚུལ་སྟོན་པ་སྲོལ་རྒྱུན་སྙན་ངག་རང་གི་འོས་འགན་ནམ་ཁ་གཏོད་ས”ཞེས་བཤད་ན་མངོན་སུམ་ལ་བསྙོན་པ་མིན་ནམ། གལ་ཏེ་ཆོས་ལུགས་པས་སྲོལ་རྒྱུན་སྙན་ངག་ལ་དེ་ལྟའི་བླང་བྱ་འདོན་ངེས་པ་མ་ཟད། དེང་རབས་རིང་ལུགས་པའི་སྙན་ངག་ལ་ཡང་དེ་ལྟའི་རེ་བ་འདོན་ཆོག་ཆོག་ཡིན་དང་ཕྱི་མའི་ལམ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལྟ་བ་འདོན་ཆོག་ཆོག་ཡིན་མོད། དེ་ཙམ་གྱིས་དེའི་འོས་འགན་ནམ་ཁ་གཏོད་སར་བཤད་ན་ལྒིན་རྟགས་མིན་ནམ། སྲོལ་རྒྱུན་སྙན་ངག་གིས།“ཆོས་ལུགས་བརྗོད་བྱར་བྱས་པ་ལ་བརྗོད་བྱའི་ཁྱབ་ཁོངས་དོག་པའི་སྐྱོན”ཙམ་ཡང་གཏན་ནས་མིན། གལ་ཏེ་ཆོས་ལུགས་ཁོ་ན་བརྗོད་བྱ་བྱ་དགོས་ཟེར་ན་དེ་ནི་སྙན་ངག་ལ་བཀག་སྡོམ་བྱས་པ་ལས་གཞན་ཅི་ཡིན།
      ང་ཚོས་སྙན་ངག་སྒྱུ་རྩལ་དུ་བྱས་ཤིང་། ལྷག་པར་ཚིག་གི་སྒྱུ་རྩལ་དུ་བརྩིས་པ་ལས་སྙན་ངག་གི་བརྗོད་བྱ་གང་ཞིག་ཡིན་རུང་གཙོ་བོ་སྒྱུ་རྩལ་གྱི་སྟེང་ནས་སྙན་ངག་གི་རིན་ཐང་འདོན་པ་ལས་བརྗོད་བྱའི་ཆ་ནས་མིན་ཏེ་དེ་ནི་ཁྱོད་ཀྱིས་ཀྱང“སྙན་ངག་ལ་མཚོན་ན་དེས་བསམ་བློ་གང་ཞིག་མཚོན་པའི་ཆ་ནས་གདེང་འཇོག་བྱ་རྒྱ་མ་ཡིན་པ་དང་།  བསམ་བློའམ་མྱོང་ཚོར་དེ་སྒྱུ་རྩལ་གྱི་ཐབས་ལམ་ངོ་བོ་གཅིག་པའི་ཚུལ་གྱིས་གཏིང་ཟབ་ས་ནས་མཚོན་ཐུབ་ཡོད་མེད་ཀྱི་ཆ་ནས་གདེང་འཇོག་བྱ་བ་ཡིན”གསུངས་པ་ལྟར་ཡིན། ཀློག་པ་བོའི་ཡིད་ཀྱི་གཏིང་འོག་བརྗེས་པའམ་དཔྱིད་དང་དགུན་གྱི་ཉམས་སྣང་སྟེར་ཐུབ་པ་ཞིག་ལས་གཞི་མེད་ཀྱི་ཚིག་གི་ན་བུན་དང་། སྨུག་ལོང་འཇའ་ཚོན་གྱི་སྒྱུ་རྩལ་ཞིག་ཡིན་མི་རུང་། དེ་ལྟར་སྒྱུ་རྩལ་གྱི་ཆ་ནས་སྙན་ངག་བཟང་བོར་བརྩིས་རུང་ཡང་བརྗོད་བྱའི་ངོས་ནས་འཆལ་སྤྱོད་དང་འདྲེས་ནས་གཡོ་འཕྲུལ་དང་མགོ་རྨོངས། ངན་རེངས་ཀྱི་ཁྱད་ཆོས་ལྡན་ཚེ་དེ་ནི་བརྗོད་བྱའི་ཆ་ནས་སྙན་ངག་བཟང་བོར་བརྩི་མི་རུང་།
      སྙན་ངག་ཡིན་ན་དེ་ལ་ཁ་གཏད་ས་ཞིག་ངེས་པར་དགོས། གལ་ཏེ་མེད་ཚེ་རྨི་ལམ་ཞིག་ཀློག་པ་བོར་འགྲེམ་དགོས་པའི་རྒྱུ་མཚན་ག་ལ་ཡོད། ང་ཚོའི་སྙན་ངག་གི་ཁ་གཏད་ས་གང་ཞེ་ན། སྔོན་ཆད་སྙན་ངག་པ་ཞིག་གིས་དྲིས་པའི་ལན་དུ་བདག་གིས་འདི་ལྟར་བཤད་དེ་སྙན་ངག་ལ་ཚོད་འཛིན་བྱེད་པ་ནི་སྙན་ངག་འཕེལ་རྒྱས་ཀྱི་བཀག་སྡོམ་ཡིན་པས་མི་གཅིག་གིས་སྐད་ཆ་སྦོམ་པོ་བཤད་དེ་ཡོད་ཚད་ལ་ཚོད་འཛིན་བྱེད་མི་རུང་། ཀློག་པ་བོ་དང་འབྲེལ་བ་བཅས་ཕྱོགས་སོ་སོ་ནས་བལྟས་ནས་བཤད་ན་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ལ་བརྟེན་དགོས་ཏེ་འདིས་མི་རིགས་ཀྱི་མདུན་ལམ་དང་། ཁོར་ཡུག་སྐྱེ་དངོས། ཞི་བདེ་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་རེད། དེ་ཡང་ཡིན་ཏེ། མིག་སྔའི་འཇིག་རྟེན་འདི་ནི་ཆབ་སྲིད་པ་དང་། ཚན་རིག་པ། དཔལ་འབྱོར་བ་བཅས་ཀྱི་འགྲན་རྩོད་བྱེད་སའི་གཡུལ་ས་ཞིག་ཏུ་གྱུར་པས་སྣོད་བཅུད་ཐམས་ཅད་ཀྱི་སྐེ་ལ་འབྲལ་དུ་མེད་པའི་ལྕེབས་ཐག་ཅིག་བཟོས་ཡོད་ཀྱང་། ལྕེབས་ཐག་དེ་ནི་རྡུལ་ཕྲན་མཚོན་ཆ་མ་ཡིན་པར་མི་རང་གི་གཅེས་འཛིན་སྟེ་ང་ཚོས་བྱམས་དང་སྙིང་རྗེ། གཞན་ཕན་གྱི་བསམ་པ་འདིར་བརྟེན་ནས་འཇིག་རྟེན་གྱི་སྐྱུག་བྲོ་བའི་ཟློས་གར་འདི་དང་ཁ་གཏད་དུ་ལངས་ནས་བོད་ཀྱི་སྙན་ངག་འདི་འཛམ་གླིང་རང་བཞིན་དུ་འགྱུར་ཐུབ་པའི་ཡིད་ཆེས་ཡོད། འདི་ནི་ཁོ་བོའི་འདོད་ཚུལ་ཏེ་ཁྱེད་ཚོས་དཔྱད་གཞིར་གཟུང་ཆོག
      ཁོང་གིས“སྲོལ་རྒྱུན་སྙན་ངག་ལས་ཡུལ་གྱི་ཕྱི་ངོས་གཞོལ་ཆེ་བ་བཤད་བྱའི་ཆོས་ལ་ཁ་བྲལ་མ་ཐུབ་པར་དེ་ལ་འཁོར་ནས་བསྡད་ཡོད་པས་རྩོམ་པ་པོའི་རྟོག་པ་ཆེས་ཆེར་འགྱུ་མི་ཐུབ་ཅིང་། ཀློག་པ་པོར་རྟོག་པ་འགྱུ་སའི་ནམ་མཁའ་ཡངས་པོར་སྦྱིན་མི་ཐུབ”སོགས་གསུངས་ཡོད། འདི་ནི་ནང་གི་རྣམ་རྟོག་འགྱུ་བའི་ཁྱད་ཆོས་དེ་སྙན་ངག་ལ་ཡོད་དགོས་པའི་ཆ་རྐྱེན་དུ་བཤད་ན་འོས་པ་ལས་སྲོལ་རྒྱུན་སྙན་ངག་རེ་འགའ་བསྟན་ནས་ཡོད་ཚད་འདི་དང་འདྲ་ཞེས་ཐག་གཅོད་པ་ལྒིན་པའི་ཨུ་ཚུགས་ཡིན་ལ། ཡིན་ཡང་དགོས་ཏེ་ཕྱི་ཡུལ་ཁོ་ན་ལ་ཁ་གཏད་པའི་སྙན་ངག་པ་དེ་ནི་དེང་རབས་སྙན་ངག་པ་ཡིན་ནའང་འདྲ། སྲོལ་རྒྱུན་སྙན་ངག་པ་ཡིན་ན་འདྲ་སྟེ་སྙན་ངག་པ་ཚད་ལྡན་ཞིག་མིན་ཏེ་སྙན་ངག་ནི་སྒྱུ་འཕྲུལ་གྱི་རོལ་དབྱངས་ཤིག་ཡིན་པ་ལས་འདྲ་པར་ཞིག་མིན་ལ། སྙན་ངག་གི་ཟླ་བ་ནི་ཡིད་ཀྱི་ཆུ་ ནང་དུ་གཡོ་བཞིན་པའི་ཟླ་བ་དེ་ཡིན་པ་ལས་ཨ་སྔོན་དུ་རྒྱུ་བཞིན་པའི་ཟླ་བ་དེ་མིན། ཡིན་ ནའང་། ཡིད་ཀྱི་ཟླ་བ་དེ་ནི་མཁའ་དབྱིངས་ཀྱི་ཟླ་བ་དེའི་རྨི་ལམ་ཞིག་གམ་སྒྱུ་འཕྲུལ་ཅིག་ཡིན་ལ་སྙན་ངག་པས་མཁའ་དབྱིངས་ཀྱི་ཟླ་བ་འཁྱེར་འོང་ནས་ཡིད་ཀྱི་མཚོ་རུ་བསྲེས་ན་ད་གཟོད་གཉེར་རིས་ལྟེམ་ལྟེམ་གྱི་ཁྲོད་ནས་ཟླ་བ་དང་ཀློག་པ་བོ། སྙན་ངག་པ་བཅས་ལ་སྐྱོ་བ་སུམ་འབྲེལ་དུ་སྟེར་བ་ལས་སྙན་ངག་གི་ཟླ་བ་ནམ་མཁའི་ཟླ་བ་ཁོ་ན་ཡིན་ཚེ་ང་ཚོས་སྙན་ངག་འབྲི་མི་དགོས་པར་ནམ་མཁའི་ཟླ་བ་བལྟས་པས་ཆོག་གོ །
      ཁོ་བོས་སྲོལ་རྒྱུན་སྙན་ངག་འབྲི་བའི་ཁྲོད་དུའང་འདི་ལྟ་བུའི་གནད་དེ་སྙིང་དུ་འཛིན་པ་ལས་འབོར་གིན་མེད་ལ། སྲོལ་རྒྱུན་སྙན་ངག་ཐམས་ཅད་སྔོན་ཆད་ཀྱི་དེ་ལས་བདའ་མི་ཐུབ་ན་སྲོལ་རྒྱུན་སྙན་ངག་འབྲི་དགོས་པ་ཅི་ཞིག་ཡོད་ལ་འཕེལ་རྒྱས་ཟེར་བ་ཡང་གཏན་ནས་མེད། ལྷག་པར་ཁོ་བོས་ངའོ་དང་བཅས་བཤད་རྒྱུ་ཞིག་ནི་སྲོལ་རྒྱུན་སྙན་ངག་གི་གཟུང་འཛིན་ཟུང་དུ་སྦྲེལ་བའི་ཐབས་ལམ་སྣ་གཅིག་དང་། ངོས་གཅིག་ནས་སྡོད་རྒྱུ་མ་ཡིན་པར་སྣ་མང་ཅན་དང་དགེ་མཚན་ཅན་དུ་འགྲོ་ངེས་ཡིན་ལ་དེ་ནི་ང་ཚོས་ཚོད་དཔག་ཙམ་ཡང་བྱ་མི་ཐུབ་སྟེ་གཙོ་བོ་སྲོལ་རྒྱུན་སྙན་ངག་པ་དག་གི་བློ་གྲོས་དང་མྱོང་བའི་རྩལ་ལ་ཐུག་ཡོད།
      ང་ཚོས་ངོས་འཛིན་ལའང་སྲོལ་རྒྱུན་སྙན་ངག་མང་བོ་ཞིག་ལ་དེ་ལྟ་བུའི་སྐྱོན་ཡོད་པ་དངོས་འབྲེལ་ཡིན་ཡང་། དེ་ནི་སྲོལ་རྒྱུན་སྙན་ངག་གི་སྐྱོན་མིན་པར་མ་ཟད་སྲོལ་རྒྱུན་སྙན་ངག་དགེ་མཚན་ལ་སྐུལ་བའི་རྐྱེན་ཞིག་ཏུ་འགྱུར་སྲིད། ཁྱེད་ཀྱིས་དེ་དག་འཁྱེར་འོང་སྟེ་སྲོལ་རྒྱུན་སྙན་ངག་ལ་བཀག་སྡོམ་བྱེད་པ་ནི་བློ་ལྡན་གྱི་སྤྱོད་ཚུལ་གཏན་ནས་མིན་ཏེ་བོད་ཀྱི་དེང་ལུགས་སྙན་ངག་པའི་སྙན་ངག་གྲགས་ཅན་འགའ་འཁྱེར་འོང་ནས་དེང་རབས་རིང་ལུཊ་ནི་འདི་འདྲ་ཞིག་ཡིན་ཞེས་བསྡོམས་ཚིག་གཏན་ནས་འཇོག་མི་ཐུབ་པའི་ཕྱིར་རོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།