སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-06 12:08:00 ཀློག་གྲངས།:

གཉིས་པ།

      སྙན་ངག་ལ་འཛིན་པའི་ལྟ་བ་ཞེས་པའི་ཚན་པར་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ལྟ་བར་མ་ཉེས་ཁ་གཡོག་དང་རང་འཁྲུལ་གཞན་འགེལ་གྱིས་ཟློས་གར་མི་ཉུང་བ་ཞིག་འཁྲབ་སྟེ་སྙན་ཞིང་འཇེབས་པའི་ངག་ཅེས་པ་སྙན་ངག་གི་སྒྲ་བཤད་ཡིན་པ་ལས་གོ་དོན་གཏན་ ནས་མིན་ལ་སྒྲ་བཤད་ལ་ཁྱབ་པ་བརྩི་བ་གཏན་ནས་མི་སྲིད་ལ་ཉིད་ཀྱིས་ཀྱང་། “སྙན་ངག་གི་སྒྲ་བཤད་ཡིན་ཀྱང་སྲིད”ཅེས་ཐེ་ཚོམ་དང་གཏོལ་མེད་ཀྱི་ཚིག་བྱུང་འདུག ཆག་ལོའི་བདེ་སྨོན་སྙན་ངག་ཏུ་བརྩི་མཁན་དགེ་ཆོས་ཡིན་ལ་རྣ་བར་སྙན་པ་དང་ཡིད་ལ་འཇེབས་པའི་ཚད་གཞི་སུས་ཀྱང་བཤད་དཀའ་ཞེས་བཤད་ཅིང་དམངས་ཁྲོད་རྩོམ་རིག་སྙན་ངག་མིན་ཡང་དེ་ལ་སྙན་ངག་མེད་པ་ཡིན་ན། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་འོང་། །ཞེས་པ་སྙན་ངག་ཨེ་ཡིན། དམངས་ཁྲོད་རྩོམ་རིག་ན་དེ་འདྲ་བ་མང་བས་དེ་དག་སྙན་ངག་ལས་འཕུད་ཐབས་ཨེ་ཡོད། མགུར་འདི་དག་རྩོམ་པ་བོ་ཚངས་དབྱངས་རྒྱ་མཚོ་ཡིན་ན་སྙན་ངག་ཏུ་འགྲོ་ལ་མང་ཚོགས་ཀྱི་ཡིན་ན་མི་འགྲོ་བའི་རྒྱུ་མཚན་ཅི་ཡིན།
      སྙན་ངག་ལ་ཕྱི་རྣམ་པ་དང་འདྲ་འབྲེལ་གྱིས་ཆ་ནས་མ་གཏོགས་ངོ་བོའི་ཆ་ནས་སུས་ཀྱང་གནད་དུ་ཐིངས་པའི་མཚན་ཉིད་ཅིག་འཇོག་མི་ཐུབ་པ་བཞིན་སྲོལ་རྒྱུན་སྙན་ངག་ཀྱང་དེ་ལས་མ་འདས་ཏེ་སྙན་ངག་ནི་རང་དབང་གི་རྩོམ་རིག རང་དབང་གི་གནམ་ས།  རང་དབང་གི་བརྩེ་དུང་ཞིག་ཡིན་པས་སོ། ། དེ་བས་ཁྱོད་ཀྱིས་སྲོལ་རྒྱུན་སྙན་ངག་གི་ ཁྱད་ཆོས་གཉིས་བཤད་པའི་དང་བོ་ལྟར་ན་ཁྱོད་ཀྱིས་སྲོལ་རྒྱུན་སྙན་ངག་གི་མཚན་ཉིད་ལ་བལྟས་པའི་བསྡོམས་ཚིག་ལས《བདེ་སྨོན》ལྟ་བུ་སྙན་ངག་མ་ཡིན་པའི་རྒྱུ་མཚན་དཔེ་རྒྱན་སོཊ་ཀྱིས་སྤྲས་མེད་པས་ཡིན་ཟེར་མོད། ངས་ཁྱེད་ལ་འདི་འདྲི་སྟེ《མེ་ལོང་མ》རང་བཞིན་བརྗོད་པའི་རྒྱན་གྱི་དཔེ་བརྗོད་དག་སྙན་ངག་ཏུ་ཨེ་འཇོག དེ་སྙན་ངག་མ་ཡིན་པར་ཁས་ལེན་པའི་སྲོལ་རྒྱུན་སྙན་ངག་པ་ཞིག་མེད་པས་ཅིའི་ཕྱིར་ལྒིང་འགེལ་བ་ཡིན་ནམ། དུང་དཀར་སོཊ་ཀྱི་མེ་ལོང་མའི་སྔོན་དུ་སྙན་ངག་ཡོད་པའི་དཔེར་བཀོད་པ་རྒྱན་ཆེས་གསལ་བས་བཞག་པ་ལས་ཁྱེད་ཀྱིས་གསུངས་པ་ལྟར“སྙན་ངག་ནི་དཔེ་རྒྱན་དང་གཟུགས་རྒྱན་ལྟ་བུའི་སྦྱོར་བ་ཡོད་པར་གོ་དགོས་པ”ག་ལ་ཡིན། 《ཏཱ་ནི་སྟོད》ཀྱང་དཔེ་རྒྱན་རྒྱ་ཆེར་སྤྲས་པས་ན། སྙན་ངག་ཏུ་ཉིད་ཀྱིས་གསུངས་པའི་མཚན་ཉིད་ཡོངས་སུ་ཚང་བས། སྙན་ངག་ཏུ་རྩི་མཁན་ཡོད་མེད་གང་ལྟར་ཡང་སྙན་ངག་ཏུ་ཁྱོད་ཀྱིས་ཁས་བླངས་པ་ཡིན་ནམ།
      རྣམ་ཐར་དང་རྟོགས་བརྗོད་ཀྱི་ཁྱད་པར་གོ་དཀའ་སླས་འཇོག་པ་ནི་མ་ངེས་པའི་རྨོངས་གཏམ་ཞིག་ཡིན་ན་ཡང་། དེས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་ཚད་འཛིན་བྱེད་མི་ཐུབ་སྟེ། ཁྱེད་ཀྱིས་སྔོན་གྱི་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉིས་གཅིག་ཏུ་བསྲེས་ཡོད་ན་ཡང་དེ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་ཡོད་ལ། སྲོལ་རྒྱུན་དེ་སྔོན་གྱི་དེ་ལས་འདའ་བ་ མེད་ན་སྲོལ་རྒྱུན་ལ་འཕེལ་རྒྱས་དང་ཉམས་རྒུད་དག་ཀྱང་གཏན་ནས་འབྱུང་མི་སྲིད།
      གཉིས་པ་ལྟར་ན《སྤྱོད་འཇུག》དང《སྒྲོལ་མའི་ཉེར་བསྟོད》ལྟ་བུའི་ཚིག་གི་སྒྲིག་གཞི་ཆེས་དམ་པ་ཡིན་པས་དེ་ཡང་སྲོལ་རྒྱུན་སྙན་ངག་ཡིན་ན་སྤྲང་བོའི་དབྱུག་པ་རང་གི་ མགོ་གཅོག་ཏུ་སོང་འདུག      ངའི་བསམ་ཚུལ་ལ་སྔོན་གྱི་ལག་ལེན་ཀུན་བཏུས་ཏེ་གཞུང་ལུཊ་ཤིག་གྲུབ་ན་དེ་ནི་མི་རིགས་ཀྱི་གཞུང་ལུཊ་ཡིན་པ་ལས་གཞན་ནས་ནང་འདྲེན་བྱས་པ་ཙམ་གྱིས་མི་རིགས་གཞུང་ལུཊ་སུ་འགྲུབ་དགོས་ན་རྩོམ་རིག་གི་གུང་ཁྲན་རིང་ལུགས་ཤིག་བསུ་དགོས་ལ་དེས་ན་ང་ཚོས་མི་རིགས་ལ་བརྩེ་དུང་བཅངས་པ་ལའང་དོན་སྙིང་ཅི་ཡང་མེད། དེ་ནི་དེང་འདིར་ང་ཚོས་བསམ་བྱ་ཉག་གཅིག་ཡིན་ལ་ངེད་ཚོས་དེ་ལྟ་བུའི་གཞུང་ལུགས་ཤིག་ལ་རེ་བ་བྱ་དུས་ཁྱེད་ཚོས“ཧབ་ཐོབ་རིང་ལུགས”འཁྱེར་ཡོང་ནས་ངོམ་སོ་བྱེད་ནའང་དེ་ནི་ཀུན་སློང་བཟང་ནའང་མི་རིགས་རིང་ལུགས་ཀྱི་སྙན་ངག་གི་ཕམ་ཁ་ཞིག་རེད། ལྷག་པར་སྲོལ་རྒྱུན་སྙན་ངག་ལ་ངོས་འཛིན་གསལ་བོ་ཞིག་མེད་པ་དང་ཞིབ་འཇུག་ཐིངས་པོ་ཞིག་མ་བྱས་པར་ན་གཞོན་འགའ་ཞིག“སྲོལ་རྒྱུན་སྙན་ངག་ལ་སྐྱག་དྲི་བྲོ”ཟེར་བ་ནི་རང་ལ་སྐྱག་དྲི་བྲོ་བའི་རྟགས་རེད། ཁྱེད་ཚོས་སྙན་ངག་གཞུང་ལུགས་ཤིག་ནང་འདྲེན་བྱས་པ་ནི་རྩོམ་སྟངས་ཤིག་ནང་འདྲེན་བྱས་པ་ཡིན་ལ་དེ་ནི་གནམ་གྲུའི་གཟུགས་བརྙན་ནང་འདྲེན་བྱས་པ་དང་མཚུངས་པར་འཕུར་གཏན་ནས་མི་ཐུབ། ཁྱོད་ཀྱིས་སྲོལ་རྒྱུན་སྙན་ངག་ལ་བཞག་པའི་བསྡོམས་ཚིག་དེ་ད་དུང་ཆ་ཚང་ཞིག་མིན་པའི་ཁར་འགལ་འདུ་དང་གཏོལ་མེད་ཀྱང་འདུག་པས་དེ་ཙམ་གྱིས་དགག་བཞག་དེ་ད་དུང་སྔ་དྲགས་སོང་སྙམ། སྙན་ངག་ནི་རང་དབང་བའི་ཚིག་གི་སྒྱུ་རྩལ་ཅིག་ཡིན་པས“ཚིག་བྱེ་བྲག་པའི་སྟེང་ནས་མཛེས་ཉམས་འདོན་པ་གལ་ཆེ་ལ”འདི་ནི་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་ཤིག་རེད། ཡིན་ནའང་དེ་ ཙམ་ཁོ་ནར་སྐྱབས་བཅོལ་བ་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་གཏན་ནས་མ་ཡིན་ལ་དེ་ནི་མེ་ལོང་མ་ལས་ཀྱང་གསལ་བོར་བསྟན་ཡོད་པས་བདེན་དོན་ལ་མི་བརྟེན་པར་ཞེ་འདོད་ ཙམ་གྱིས་ཐག་གཅོད་མེད་པར་ཞུ། ཚིག་གི་སྙན་ཆའི་ཁྱད་ཆོས་དང་རོལ་དབྱངས་ཀྱི་ཁྱད་ཆོས། འགྱུར་བ་འོ་མ་བཞིན་འཕྱོ་བའི་ཁྱད་ཆོས་དེ་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་འཛོམས་ཤིག་གཞན་ལ་དཀའ་སྟེ་འདི་ནི་བོད་ཀྱི་སྙན་ངག་པ་སྔ་རབས་ཚོས་རིག་པའི་ཉིང་ཁུ་ནོར་བུའི་ཚུལ་དུ་གྲུབ། ཚིག་གི་སྙིང་བོ་མར་ལོ་བཞིན་དུ་ལྟེམ་པའི་རྟགས་མཚན་ཞིག་ཡིན་པས་མ་དགའ་བའི་གཏམ་བཤད་ས་ཞིག་མིན།
      ཁྱོད་ཚོས“ང་ཚོས་སྲོལ་རྒྱུན་སྙན་ངག་གི་ཡུལ་ཅན་སེམས་པ་འཁྱག་རོམ་གྱི་སྒོ་ནས་ཡིད་ཀྱི་རྣམ་པ་གཟུགས་འཆར་བ་ལྟ་བུར་འབྲི་བའམ་ཡང་ན་རང་ཚུར་རོལ་དང་གཞན་ཕ་རོལ་གྱི་ཡུལ་ཡུལ་ཅན་མ་འདྲེས་པའི་ལུང་མ་བསྟན་གྱི་འབྲི་ཚུལ”ཞེས་ཀྱང་ཐག་བཅད་འདུག་ནའང་། བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་བརྩེ་དུང་ཤུགས་དྲག་པོ་དང་ཚོར་འདུ་ཟབ་མོའི་སྟེང་ནས་མངོན་པ་མང་བོ་ཞིག་ཡོད་ལ། རྡོ་འཁྱག་ལྟ་བུ་མངོན་པའང་ཡོད་ཅིང་སྙན་ངག་གསར་བ་ལའང་དེ་བཞིན་ཡོད་པ་ང་ཚོས་རྒྱ་ནག་གི་སྙན་ངག་ལ་བལྟས་ནའང་ཤེས་ལ། ལྷག་པར་དེང་རབས་ཕྱི་མའི་སྙན་ངག་མང་བོ་ཞིག་ནའང་ཚོར་འདུ་བཅོས་མ་དང་འཕྲུལ་སྣང་རྫུན་མ། ཕྱི་ཚུལ་གོག་པོ། ཚིག་སྦྱོར་གྱོང་བོའང་མང་བས་དེ་ལྟར་བརྒྱ་ཁ་གཅིག་གཅོད་ཀྱིས་བསྡོམས་ཚིག་བཞག་ན་ག་ལ་འགྲིག འཆར་སྣང་ཚོར་འདུ་མངོན་སྟངས་ཡིན་ནའང་འདྲ། དངོས་ཡོད་ཀྱི་དེ་ཡིན་ནའང་འདྲ། ཚང་མར་རང་རང་གི་ཁྱད་ ཆོས་རེ་ཡོད་མོད་མཐའ་གཅིག་ཏུ་ཁྱད་ཆོས་དེ་དམིགས་སུ་འཛིན་དགོས་པའི་བཀའ་ཁྲིམས་བཙན་པོ་ཅི་ཡང་མེད། གལ་ཏེ་ཡོད་ཟེར་ན་སྙན་ངག་དེ་རིགས་ལ་འཕེལ་རྒྱས་གཏན་ནས་མེད་ལ། སྙན་ངག་བྲིས་བྲིས་ཐམས་ཅད་སྙན་ངག་པ་ཡིན་ནའང་ཆོག་སྟེ། གཞུང་ལུཊ་ལ་བརྟེན་ནས་འབྲི་བ་ལས་སྙན་ངག་ལ་བརྟེན་ནས་གཞུང་ལུགས་བྱུང་བ་མིན་པས་སོ། །དེ་བཞིན་སྲོལ་རྒྱུན་སྙན་ངག་གི་ཚོར་འདུ་ལའང་སུ་ཞིག་གིས་ཚད་འཛིན་བྱས་མི་ཆོག་ལ་བྱ་རྒྱུའང་མེད། དེ་བས་ཁྱེད་ཀྱིས“ང་ཚོས་སྲོལ་རྒྱུན་སྙན་ངག་གི་ཡུལ་ཅན་སེམས་པ་འཁྱག་རོམ”སོགས་ཚོད་འཛིན་བྱ་མི་ཐུབ་སར་ཚོད་འཛིན་བྱས་པ་དང་། ཁྱེད་ཀྱིས་བཞག་པའི་བསྡོམས་ཚིག་ལ་ང་ཚོའི་སྲོལ་རྒྱུན་སྙན་ངག་མང་བོ་ཞིག་གིས་མི་འདོད་པའི་འཁང་ར་བྱེད་ཀིན་འདུག་པ་འདིར་སླར་ཡང་རྟོག་ཞིབ་རེ་གནང་རོགས། འཚོ་བ་དང་འབྲེལ་བ་ནི་རྩོམ་རིག་གི་རྨང་གཞི་ཡིན། ཡིན་ནའང་འཚོ་བ་ཟེར་བ་ཅི་ཡིན། མིའི་འཚོ་སྟངས་ཁོ་ནར་གོ་ན་འགྲིག་གམ། ཡང་ན་འཇིག་རྟེན་གྱི་དགྲ་འདུལ་གཉེན་སྐྱོང་ལ་གོའམ། འདི་ནི་སྲོལ་རྒྱུན་སྙན་ངག་ལ་འཚོ་བའི་རྨང་གཞི་ལྡན་མིན་གྱི་ཚད་གཞི་གཞག་ས་ཡིན་ཏེ། མེ་ཏོག་དགའ་ཞིང་དགོད་ལ་སྐྱོ་ཞིང་འཛུམ་པའི་སྙན་ངག་འཚོ་བ་དང་ཨེ་འབྲེལ། དུད་འགྲོའི་དགའ་སྐྱོ་དང་དུང་སེམས་བརྗོད་པའི་སྙན་ངག་འཚོ་བ་དང་ཨེ་འབྲེལ། ཡིད་ཀྱི་འགྱུ་བ་དང་རྣམ་རྟོག་གི་འཕྲོ་འདུ་སོཊ་ཀྱི་སྙན་ངག་འཚོ་བ་དང་ཨེ་འབྲེལ། སྙན་ངག་པའི་དུང་སྣང་དང་རེ་སྨོན། འཕྲུལ་སྣང་བརྗོད་པའི་སྙན་ངག་འཚོ་བ་དང་ཨེ་འབྲེལ། འབྲེལ་ན་སྲོལ་རྒྱུན་སྙན་ངག་འཚོ་བ་དང་འབྲེལ་མིན་ཧ་གོ་ཡོང་ལ་འཚོ་བ་ཞེས་པ་ཡང་སྙིང་གང་ཞིག་ལ་གོ་བ་ཡང་ཧ་གོ་ཡོང་། དེ་མིན་ན་བོད་ཀྱི་སྲོལ་རྒྱུན་སྙན་ངག་མ་ཟད་རྒྱའི་སྙན་ངག་མང་བོ་ཞིག་དང་ཕྱི་གླིང་བའི་དེང་རབས་ཕྱི་མའི་སྙན་ངག་མང་བོ་ཞིག་ཀྱང“སྨན་ཐུན་ལེགས་པོ་ཞིག་ཏུ”གྱུར་ཡོད་ངེས། ངའི་བསམ་ཚུལ་ལ་སྙན་ངག་གི་འཚོ་བ་ཞེས་པའི་སྐད་ཆ་འདི་ལ་སྐྱོན་ཆེ་སྟེ་བདེན་པའི་རྨང་གཞི་ཟེར་དགོས། བདེན་པའི་རྨང་གཞི་མེད་པའི་སྙན་ངག་ནི་སྙན་ངག་མིན་ཏེ་སྟོང་བ་ཡིན་ནོ། །བོད་ཀྱི་སྲོལ་རྒྱུན་སྙན་ངག་མང་བོ་ཞིག་ལ་རང་གི་བསམ་བློའི་བརྩེ་དུང་དང་དབྱེར་མེད་དུ་འདྲེས་ཡོད་ཅིང་དེ་ནི་ཁྱོད་ཀྱིས“འདི་དག་ལ་སྲོལ་རྒྱུན་སྙན་ངག་གི་རྨང་པ་གོང་འཕེལ་གྱི་དགེ་མཚན་མི་དམན་པ་ཡོད་པ་ནི”དངོས་གནས་བདེན་མོད་སྲོལ་རྒྱུན་སྙན་ངག་གོང་འཕེལ་དུ་གཏོང་བ་དེ་དག་ལས་ལེགས་ཆ་བླངས་ན་ཆོག་མོད་རང་ཚུགས་འབོར་མི་ཉན་ལ་གལ་ཏེ་རང་ཚུགས་བོར་ན་སྲོལ་རྒྱུན་སྙན་ངག་ག་ལ་ཡིན་ཏེ་གཏན་ནས་མིན་ནོ། །དེ་ལས་སྔོན་དུ་སྐྱོད་བཞིན་པའི་མི་རིགས་གཞན་གྱི་རྩོམ་རིག་ལས་རང་གི“གཉེན་ཉེ”མཐོང་ཟེར་མོད།  སྲོལ་རྒྱུན་སྙན་ངག་ལའང་མཚོན་ཐབས་དང་མཛེས་དཔྱོད། འཆར་ཡན་ཕྱོགས་གང་ཐད་ནས་གྲུབ་མཐའ་སྣ་མང་འབྱུང་ཆོག་ལ། དེང་རབས་སྲོལ་རྒྱུན་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གསར་བའང་འབྱུང་ཆོག་སྟེ། འབྱུང་ངེས་ཀྱང་ཡིན།《མེ་ལོང་མ》ཁོ་ན་ཚད་གཞིར་འཛིན་པའམ་ཡང་ན་སྔོན་བྱོན་མཁས་པའི་སྙན་ངག་ཁོ་ནར་ཚད་གཞིར་གཟུང་དགོས་ཟེར་ན་དེ་ནི་སྲོལ་རྒྱུན་སྙན་ངག་ངོས་མ་ཟིན་པའི་རྟགས་ཡིན།
      གོང་དུ་བཤད་པ་ལྟར་ཁྱོད་ཀྱི་སྙན་ངག་བཟང་མིན་དེ་ནི་རྩོམ་སྟངས་གང་ཞིག་སྤྱད་པ་ལ་ཐུག་མེད་པར་རྩོམ་རྩལ་ཁྱད་དུ་འཕགས་མིན་ལ་ཐུག་ཡོད། འཆར་ཡན་དང་དངོས་ཡོད། དེང་རབས། དེང་རབས་ཕྱི་མ་བཅས་ལ་གང་བཟང་འདེམ་པ་ནི་ཕྱིའི་ཚུལ་དང་གྲགས་པའི་རྗེས་སུ་རྒྱུགས་པ་ཙམ་ཡིན། འདིར་བདག་གི་ཆེད་དུ་བཤད་རྒྱུ་ཞིག་ནི་མཚོན་ཐབས་གསར་རྙིང་ཞེས་པ་མེད་པར་མཚོན་ཐབས་བེད་སྤྱོད་ཀྱི་ཐབས་རྩལ་ལ་གསར་རྙིང་ཡོད་པ་དེ་རེད། མ་འོངས་པར་ད་དུང་དངོས་ཡོད་འཆར་ཡན་རིང་ལུགས་དང་། དངོས་ཡོད་དེང་རབས་རིང་ལུགས་སོགས་མི་འབྱུང་བའི་རྒྱུ་མཚན་དེ་བས་ཀྱང་མེད་པས་མཐའ་གཅིག་ཏུ་དེང་རབས་ཕྱི་མ་སོགས་ལ་འཐམ་དགོས་པའི་རྒྱུ་མཚན་གཏན་ནས་མེད་ལ། ལྷག་པར་སྲོལ་རྒྱུན་སྙན་ངག་འདོར་བའི་རྨོངས་ཞེན་གྱི་ཨུ་ཚུགས་དེར་ལྟ་སྟངས་ནན་མོ་འཛིན་དགོས།
      སྙན་ངག་ནི་མེ་ཏོག་བཞིན་སྣ་གཅིག་ཁོ་ནར་ག་ལ་ངེས། གཅིག་བཟུང་སྟེ་ཅིག་ཤོས་སྙན་ངག་མིན་ཞེས་ལྒིང་བ་ནི་མེ་ཏོག་སྣ་གཅིག་བསྟན་ཏེ་གཞན་དག་མེ་ཏོག་མིན་ཞེས་ཨུ་ཚུགས་བྱེད་པ་དང་འདྲ། བདག་ནི་དེང་རབས་ཕྱི་མའི་སྙན་ངག་མིན་ཞེས་རྨི་ལམ་དུ་ཡང་མི་སྨྲ་མོད། ང་ཚོས་རང་བཀུར་དང་གསར་གཏོད། བླང་དོར་ཅི་ཡང་མེད་པར་ཕྱི་གླིང་བའི་རིག་པའི་ནོར་དེ་འཁྱེར་ནས་རང་གི་བློ་གྲོས་མོག་པོར་བཟོ་བར་གཏན་ནས་མི་འཐད་པ་དེ་ཡིན་ལ། གནའ་རབས་པ་ཐམས་ཅད་རྒྱ་གར་བའི་རྗེས་སུ་རྒྱུགས། ད་རབས་པ་ཐམས་ཅད་ཕྱི་གླིང་བའི་རྗེས་སུ་རྒྱུགས་པས་ངེས་པ་དོན་གྱི་གངས་རིའི་གཞུང་ལུགས་དེ་དང་རང་བཀུར་གྱིས་ཁེངས་ཤིང་གསར་བཏོད་ལ་ཕྱོགས་པའི་བོད་ཀྱི་སྙན་ངག་པ་དག་ནམ་ཞིག་ཏུ་འབྱུང་ངམ།
      ཡང་ཁོང་གིས“སྙན་ངག་གསར་བའི་མཛེས་ཚོར་རམ་སྙན་རོ་དེ་ཚིག་བྱེ་བྲག་པའི་སྟེང་ནས་བྱུང་བ་མ་ཡིན་པར་སྤྱིའམ་ཡོངས་ཁྱབ་ནས་ཐོན་པ་ཡིན”ཞིང་སྲོལ་རྒྱུན་སྙན་ངག་གི་ཉམས་དེ་བྱེ་བྲག་པའི་སྟེང་ནས་ཐོན་ཟེར་མོད། བྱེ་བྲག་རེ་རེའི་ནུས་པ་དེ་མེད་ན་སྤྱིའི་ནུས་པ་དེ་ནམ་ཡང་འབྱུང་མི་ཐུབ་ཏེ་བྱེ་བྲག་དང་བྲལ་བའི་སྤྱི་ཞིག་གཞི་མ་གྲུབ་བས་སོ། །སྲོལ་རྒྱུན་གྱི་ཉམས་དེ་སྤྱི་དང་བྱེ་བྲག་གཉིས་ཀ་ལས་ཐོན་ལ་ངོས་དང་ཟུར་ནས་ཐོན་པ་ཡོད་པས་དགའ་སྐྱོའི་འགྱུར་བ། དྲག་ཤུལ་དང་བྱམས་པའི་ཉམས་སོགས་ཀློག་པ་བོའི་ཉམས་སྣང་དུ་འདྲེས་ཤིང་ཡིད་ཀྱི་མཆིན་པ་ཁ་ལོ་བསྒྱུར་བ། སྙིང་གི་སྤོབས་པ་མེ་རུ་མཆེད་པ། སྐྱོ་བའི་མིག་ཆུ་ཡིད་ལ་བསྐྱིལ་བར་བྱེད་པས་ན་ཡང་ཡང་བལྟས་རུང་སྙིང་ལ་བདུད་རྩི་འཕེལ་བ། མིག་ལ་དཔྱིད་དཔལ་འཛུམ་པའི་མཛེས་པ་ཞིག་འཕེལ་བར་བྱེད་ལ་དེ་ནི་སྙན་ངག་གི་ཉམས་ཟེར། ཁྱེད་ཚོས诗味སྙན་ངག་གི་བྲོ་བར་བསྒྱུར་བ་ཡང《མེ་ལོང་མར》འདྲིས་ཆ་ཞན་པས་ནོངས་ཏེ། སྔར་ནས་སྙན་ངག་གི་ཉམས་ཞེས་གཏན་ལ་ཕབ་འདུག་ན་གཞུང་ལུགས་གསར་བར་ཁག་བཞག་ནས་ཐ་སྙད་གསར་བཟོའི་ལས་དེ་ཤིན་ཏུ་མི་ལེགས། སྙན་ངག་གི་ཉམས་དེ་གཙོ་བོ་ཚིག་གི་སྟེང་ནས་ཐོན་དགོས་ཏེ་ཚིག་གི་སྒྱུ་རྩལ་མེད་ན་སྙན་ངག་འགྱུར་བ་དྲག་པོ་འདྲ་ལྡན་ཡང་སྙན་ངག་གི་ཉམས་དེ་འབྱུང་མི་ཐུབ། ཉམས་དེ་མེ་ལོང་མར་རབ་རིབ་ལས་མེད་ལ་དེང་རབས་གཞུང་ལུགས་ལས་ཀྱང་གཏོལ་མེད་དང་འཆལ་འཆོལ་ལས་ལྒིང་མེད། ང་ཚོས་ཞིབ་ཏུ་བསམ་ན་ཉམས་དེར་བརྗོད་བྱའི་སྟེང་ནས་ཉམས་ཤིག་དང་ཚིག་གི་སྟེང་གི་ཉམས་ཤིག་ཡོད་ལ་དེ་གཉིས་འབྲེལ་བ་ལས་སྙན་ངག་གི་ཉམས་འབྱུང་སྟེ་ཆགས་སྡང་དང་དགའ་སྐྱོའི་འགྱུར་བ་དེ་ཀློག་པ་བོར་སྦྱིན་པར་བྱེད་པ་ལས་སྙན་ངག་གི་ཁྱད་ཆོས་གཙོ་བོ་དུངས་སེམས་གལ་ཆེ་བ་ཡིན། བརྗོད་བྱའི་ཉམས་དེ་རྩོམ་པ་བོས་འགྱུར་བ་དྲངས་ཏེ་དགའ་སྐྱོ་ཆགས་སྡང་འདྲེས་པའི་ཉམས་དེ་ཚིག་ཕུན་སུམ་ཚོགས་པས་མཚོན་པར་བྱེད་པ་ལས་པར་རྒྱག་པ་མིན་ལ་དེ་དག་གི་སྙན་ངག་གི་འོ་མ་འདྲེས་པས་ཀློག་པ་བོར་རོལ་བའི་དགའ་བ་དང་། བརྩེ་བའི་འགྱུར་བ་སོཊ་འདྲེན་པར་བྱེད་པ་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་ཡིན་ལ། དེའི་ཁྱད་ཆོས་དེ་དག་མ་འཛོམས་ན་སྲོལ་རྒྱུན་སྙན་ངག་བཟང་བོ་ཞིག་གཏན་ནས་འབྱུང་མི་ཐུབ། འདི་ནི་དེང་རབས་ཕྱི་མར་མཚོན་ནའང་དེ་བཞིན་ཡིན་ལ་ཉིད་ཀྱིས“འདི་དག་ཕལ་ཆེ་བ་ད་དུང་རྩོམ་སྟངས་ཙམ་དུ་ཟད་ལ་རྩོམ་སྟངས་ཙམ་པས་སྙན་ངག་ལེགས་པ་ཞིག་འགྲུབ་པར་ད་དུང་ཐག་མི་ཆོད”ཅེས་སོགས་གསུངས་པ་ཤིན་ཏུ་ལེགས་ལ། ད་དུང་ཁ་སྣོན་བྱ་རྒྱུ་ནི་རྩོམ་སྟངས་ཙམ་གྱིས་སྙན་ངག་ཅིག་འཁྱོངས་པའང་ཤིན་ཏུ་དཀའ།
      སྙན་ངག་ནི་བསམ་བློ་མཚོན་བྱེད་ཅིག་ག་ལ་ཡིན་ཏེ། དེ་ནི་ངོས་དང་ཟུར་ནས་སྟོན་དགོས་པ་ལས་གཞུང་ལུགས་ལྟར་ཐད་ཀར་སྟོན་པ་ཞིག་མིན། སྙན་ངག་གི་ཡུལ་གྱི་ཟླ་བ་ཡང་ནམ་མཁར་ཡོད་པའི་ཟླ་བ་དེ་མིན་པར་ཡིད་ཀྱི་མཚོ་རུ་ལྟེམ་པའི་ཟླ་བ་དེ་ཡིན། དེ་ཡིན་པས་ཀློག་པ་བོར་ངོས་མི་འདྲ་བ་དང་། སྣང་ཚུལ་མི་འདྲ་བ། ཚོར་སྣང་མི་འདྲ་བ་འབྱུང་ངེས་ཡིན་ལ་སྣང་བར་གཟུགས་སུ་གྲུབ་ལ། རོལ་བས་གཡོ་བ་ཞིག་ཀྱང་ཡིན། དེ་ནི་སྲོལ་རྒྱུན་སྙན་ངག་ལ་ངེས་པར་ཚང་དགོས་ལ། དེ་ལྟར་ཚང་བའི་སྲོལ་རྒྱུན་སྙན་ངག་གང་མང་ཞིག་ཡོད་ཅིང་། ད་དུང་སྒྱུ་འཕྲུལ་གྱི་ཞིང་དུ་སྐྱེལ་ཞིང་ཚོར་འདུ་མེ་ཏོག་ཏུ་རོལ་བའི་སྲོལ་རྒྱུན་སྙན་ངག་ཀྱང་འབྱུང་ངེས་པ་ཡིན། དེ་བས་སྙན་ངག་གསར་བ་ཞེས་པ་དེ་མཐའ་གཅིག་ཏུ་ཚིག་གཅིག་རེ་བཀླགས་ན་ཡོངས་ཁྱབ་ཏུ་མི་གོ་བའི་ལི་ཅིན་ཧྥའི་སྙན་ངག་ལྟ་བུར་ངོས་འཛིན་པ་ནི་སྤྱི་མིང་བྱེ་བྲག་ལ་སྦྱར་བ་རེད། དེ་བཞིན་སྲོལ་རྒྱུན་སྙན་ངག་གི་རྒྱན་ནི་དཔེར་ན་བུ་མོའི་རྒྱན་ནི་དེའི་རྣ་ཆ་དང་། གྱོན་པ་ལྟ་བུ་ལ་ངོས་འཛིན་པ་ནི་མེ་ལོང་མའི་གཞུང་འགྲེལ་འགའ་ལ་བརྟེན་ནས་བྱུང་བའི་སྤྱི་མིང་བྱེ་བྲག་ཏུ་སྦྱར་བའི་གོ་ལོག་གི་ལྟ་ཚུལ་ཞིག་སྟེ། དེ་ལས“རང་བཞིན་གྱི་སྟེང་ན་ཡག་མེད་དུས་རྒྱན་གྱིས་ཇི་ལྟར་སྤྲས་ཀྱང་མཇུག་ཏུ་མི་མིན་འདྲེ་མིན་ལྟ་བུར་གྱུར་ཡོད་པ་བཅས་སྙན་ཚིག་དང་སྙན་ངག་བར་ཡིན་ཁྱབ་མཉམ་མི་འགྲུབ་པ་སྙན་ངག་གསར་བའི་ལྟ་བ་དང་དེ་ལྟར་གྲུབ་པར་འདོད་པ་སྲོལ་རྒྱུན་སྙན་ངག་གི་ལྟ་བ་ཡིན”གསུངས་པ་ནི་ཆེས་དགོད་བྲོ་བ་ཞིག་ཡིན། ལྟ་བ་འདི་ནི་སློབ་ཆུང་གི་སྲོལ་རྒྱུན་སྙན་ངག་པ་འགའ་རེའི་ལྟ་བ་ལས་སྲོལ་རྒྱུན་སྙན་ངག་པ་ཚད་ལྡན་ཞིག་གི་ལྟ་བ་ཡིན་མི་སྲིད་ལ། ཡིན་ཀྱང་མི་འོས་ཏེ་ཚིག་རྒྱན་ནི་སྙན་ངག་ལ་ནུས་པ་འདོན་སྤྱད་ཅིག་ལས་ཆ་མི་མཉམ་པའི་ཚིག་རྒྱན་སྙན་ངག་ཅིག་གི་བཀག་རྒྱ་ཞིག་ཡིན་པ་སུས་ཀྱང་ཤེས་པའི་ཕྱིར་ཏེ། སྲོལ་རྒྱུན་སྙན་ངག་གི་རྒྱན་གྱི་ནུས་པ་འདོན་སྟངས་ཀྱི་གནད་ཀྱང་ཚིག་རྒྱན་གྱིས་སྤྲས་པའི་སྟེང་ན་མེད་པར་སྤྲས་ཚུལ་གྱི་སྟེང་ན་ཡོད་དེ་འདི་ནི་ཁྱོད་ཚོའི་ལྷ་ཡུལ་ལ་ཡང་མཚུངས་པའི་ཕྱིར་རོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།