སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-06 12:08:00 ཀློག་གྲངས།:

སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ།
    
    སྐུ་ཞབས་བདུད་ལྷ་རྒྱལ་གྱི་སྙན་ངག་གསར་རྙིང་གི་གཤིབ་བསྡུར་ལ་བགྲོ་གླེང་དུ་ཕུལ་བ།

ཀླད་ཀྱི་དོན།

      གཤིབ་བསྡུར་ནི་གཞུང་ལུགས་དཔྱད་བརྗོད་ཀྱི་ཐབས་ལེགས་པོ་ཞིག་ཡིན་ལ། སྐུ་ཞབས་གང་གིས་བྱེད་ཐབས་དེ་ལས་གྲུབ་འབྲས་ལེགས་པོ་ཞིག་བླངས་པས་རྗེས་སུ་ཡི་རང་མོད། ད་ལན་གྱི་གཤིབ་བསྡུར་འདི་ནི་ཕྱོགས་གཅིག་ངོས་མ་ཟིན་པའི་གཤིབ་བསྡུར་དུ་སོང་བས་བོད་ཀྱི་སྙན་ངག་དར་རྒྱས་ལ་གནོད་སྐྱོན་ཐེབས་སླ་ལ། གསར་སློབ་པ་མང་བོ་གོ་འཛོལ་ཡང་འབྱུང་ཉེན་ཡང་ཆེ། དེ་ཡང་ཡིན་ཏེ། གཤིབ་བསྡུར་གྱི་ཐབས་ལམ་སྤྱོད་དུས་ཉིད་ཀྱིས་བཤད་པ་ལྟར“ཐོག་མར་གསར་རྙིང་གཉིས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རགས་ཙམ་ངེས་པ”དེས་ཅི་ཡང་མི་འོང་བས། ཕྲ་ཞིང་ཞིབ་པའི་ཁྱད་ཆོས་ངེས་དགོས་ཤིང་། དེ་མིན་ཕྲ་ཞིང་ཞིབ་པའི་བསྡོམས་ཚིག་ཅིག་ནམ་ཡང་འཇོག་མི་ཐུབ།
      སྐུ་ཞབས་གང་ཉིད་ཀྱིས་གཤིབ་བསྡུར་ཁྲོད་ཀྱི་ལྟ་བའི་རྨང་གཞི་ནི་སྙན་ངག་གི་གཞུང་ལུགས་ལ་བརྟེན་ནས་སྙན་ངག་ལ་ཚོད་འཛིན་བྱེད་པ་དང་། སྲོལ་རྒྱུན་སྙན་ངག་གི་གཞུང་ལུགས་ཀྱིས་སྲོལ་རྒྱུན་སྙན་ངག་ལ་ཚོད་འཛིན་བྱེད་པ། སྲོལ་གྱི་སྙན་ངག་དང་དེའི་རྒྱུན་གྱི་སྙན་ངག་བར་གྱི་འབྲེལ་བ་སྣང་མེད་བྱེད་པ། སྙན་ངག་དང་ལག་ལེན་བར་གྱི་འབྲེལ་བ་སྣང་མེད་བྱེད་པ། མཐར་གཏུགས་ན་ཁོ་རང་གིས་སྙན་ངག་འབྲི་མི་ཤེས་པས་སྙན་ངག་གི་གནད་མ་ཤེས་པར་ཕྱི་རྣམ་པའི་ཁྲོད་ནས་སྙན་ངག་ལ་ཚོད་འཛིན་པ་དེ་རེད།
      ཡིན་ན་ཡང་། སྙན་ངག་འབྲི་མཁན་ཁོ་བོ་ལ་མཚོན་ན་སྙན་ངག་གསར་རྙིང་ཞེས་པའི་ཐ་སྙད་འདི་ལ་གནད་དོན་ཅི་ཡང་མེད་ལ་འགལ་བའང་ཅི་ཡང་མེད། དགོས་པ་ནི་སྲོལ་གྱི་རྒྱུན་ལས་ཚེ་སྲོག་གསར་བ་ཞིག་འཚོལ་རྒྱུ་དེ་ཡིན་ལ་སྙན་གཞུང་གསར་རྙིང་མང་བོ་ཞིག་གི་བསྡོམས་ཚིག་ལས་བརྒལ་ཏེ་ལག་ལེན་གསར་བ་ཞིག་ལ་བསྡོམས་ཚིག་གསར་བ་ཞིག་འབྱུང་བ་སྟེ་དཔེར་ན་རྩྭ་ཆུའི་དྭངས་མས་ཟུངས་ཁམས་རྒྱས་པ་དང་དེའི་དྭངས་མ་ལས་འོ་མ། དེའི་དྭངས་མ་ལས་མར་འབྱུང་བ་དེ་ཡིན་པས་རྩྭ་དང་ཆུ་གཉིས་ཀྱི་སུ་བཟང་རྩོད་པ་ལ་དགོས་པ་ཅུང་ཟད་ཀྱང་མེད། ལྟ་བ་དེ་ལས་བལྟས་ན་སྙན་ངག་གསར་བ་ལ་གསར་པའི་ཚོད་ཀྱི་སྐྱོན་ཆ་ཡོད་ལ་རྙིང་བ་ལ་རྙིང་བའི་ཚོད་ཀྱི་བཟང་ཆ་ཡོད་པས་ང་ཚོ་ལ་དགོས་པ་ནི་གཞན་གྱི་སྐྱོན་ཆ་འཚོལ་བ་མ་ཡིན་པར་དེའི་བཟང་ཆ་འཚོལ་བ་དེ་ཡིན་པ་ལས་རང་གིས་བྲིས་པའི་སྙན་ངག་གི་བཟང་ཆ་འཚོལ་བ་དེ་ཡིན་པར་སྐྱོན་ཆ་འཚོལ་བ་དེ་ཡིན། དེ་བས་ཁོ་བོའི་བསམ་པར་སྐུ་ཞབས་མཆོག་ཉིད་ཀྱིས་གཙོ་བྱས་པའི་ན་གཞོན་མང་བོ་ཞིག་གིས་སྙན་ངག་གི་ཆེད་དུ་སྙན་ངག་ལྒིང་གི་མེད་པར་གསར་པའི་ཆེད་དུ་སྙན་ངག་ལྒིང་གི་ཡོད་ནའང་། ང་ཚོ་ཐུན་མོང་གི་རེ་བ་ནི“བོད་ཀྱི་སྙན་ངག་བུ་ཆུང་དེ་འཛམ་གླིང་རྩོམ་རིག་ཁྲོད་དུ་མགོ་སྨད་ནས་སྡོད་མི་དགོས་པ”དེ་ཡིན་ལ་འདི་དམ་པ་ཉིད་ལ་བགྲོ་བྱེད་དོན་གྱི་དམིགས་ཡུལ་ཉག་ཅིག་ཡིན་པས་ཁབ་མིག་གཞན་པ་ཞིག་གིས་བལྟ་དགོས་དོན་ཅི་ཡང་མེད།

དང་པོ།

      དར་རྒུད་ནི་ཕྱི་ནང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་མོད། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རིམ་ལ་བལྟས་ན་སྤྱིའི་ཆ་ནས་ཡར་རྒྱས་སུ་འགྲོ་མོད་དེ་ལ་གཟུ་བོས་བལྟས་ན་སང་ཉིན་གྱི་འཕེལ་འགྲིབ་ནི་དེ་རིང་གི་ལྟ་བའམ་ལག་ལེན་ཡང་དག་ཡིན་མིན་དང་འབྲེལ་ཡོད་ཅིང་ཡང་དག་པ་ཞེས་པའམ་རིགས་པའི་གཞུང་ལུགས་ཀྱི་ཆ་ནས་རང་གི་གཞུང་ལུགས་སམ་ལག་ལེན་ལས་རང་སྐྱོན་ངོས་ཟིན་པ་དང་ལེཊ་ཆ་རྨང་གཞི་བྱས་ཏེ་དར་སྤེལ་གཏོང་བ་དེ་ཡིན་ལ་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཀྱང་དེ་ལས་མ་འདས།
      དེ་ཡང་ཡིན་ཏེ་ལག་ལེན་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་ན་ལག་ལེན་ལ་དར་སྤེལ་གཏོང་འོས་པ་དེ་ཤེས་ལ། གཞུང་ལུགས་ཙམ་ལ་སྐྱབས་སུ་བཟུང་ནས་ལག་ལེན་ལ་ཚད་གཞི་འཛིན་པའི་རིགས་ནི་མུན་འཐོམ་རིང་ལུགས་ཀྱི་རིག་གཞུང་ཡིན། དེ་ལ་ཕམ་ཁ་མ་གཏོགས་མེད། དེ་བས《མེ་ལོང་མ》སྟེ་ལོ་སྟོང་ཕྲག་སྔོན་གྱི་རིགས་པའི་གཞུང་ལུགས་རྙིང་བ་དེས་ད་ལྟའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་བསྡོམས་ཚིག་འཇོག་པ་ནི་དེ་བས་ཀྱང་ཚད་ལྡན་ཞིག་མིན་ཏེ་གཞུང་ལུཊ་སྟེང་ནས་འགྱུར་བ་གང་ཡང་མ་སོང་ཡང་ལག་ལེན་གྱི་སྟེང་ནས་བོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་རིམ་བཞིན་འཕེལ་ཏེ་སྙན་ངག་གསར་བའི་ཚད་གཞི་ལ་ཐོན་འདུག་སྟེ། 《སྦྲང་ཆར》དུ་བཀོད་པའི་ཚིགས་བཅད་མང་བོ་ཞིག་སྙན་ངག་གསར་བ་ཡིན་པ་ཉིད་ཀྱིས་ཀྱང་གསུངས་ལ་སྲོལ་རྒྱུན་སྙན་ངག་ལ་སྲོལ་རྒྱུན་སྙན་ངག་གསར་བ་ཡོད་པས་མཚོན་ཐབས་དང་ཚོར་འདུ་སོཊ་སྔོན་གྱི་ཚིཊ་བཅད་འགའ་རེའི་མཚོན་ཐབས་ལ་བསྟུན་ཅི་ཐུབ་ཀྱི་ཨུ་ཚུགས་འཛིན་མི་དགོས་པར་བློ་ཡངས་པོ་བྱས་ཆོག
      འདི་ལྟར་བཤད་ན་ཁྱོད་ཀྱིས་ང་ཚོས་ལྒིང་བའི་སྙན་ངག་གསར་བའི་ཚད་གཞི་མི་འདྲ་ཟེར་སྲིད་མོད། ཁྱོད་ཀྱིས་ལྒིང་བའི་གསར་བ་དང་ཁོ་བོས་ལྒིང་བའི་གསར་བ་གཉིས་གསར་བ་ཡིན་པ་འདྲ་ཡང་བདག་གིས་བལྟས་ན་ཁྱོད་ཚོའི་འདོད་པ་ནི་འཛམ་གླིང་རང་བཞིན་གྱི“དེང་རབས་ཕྱི་མའི”རིང་ལུགས་ཀྱི“སྒྱུ་མ་ཆེན་པོའི་རང་མདངས”ལ་བསྙེག་པ་འདྲ་ཞིང་དེ་ཡིས“ང་ཚོས་རང་ཉིད་འཚོ་སྡོད་ཀྱི་གཞི་རྙེད་དེ་འཛམ་གླིང་མི་རིགས་ཁྲོད་ཀྱི་རང་ཉིད་ཀྱི་གོ་ས་དང་མ་འོངས་པའི་དམིགས་འབེན་དང་། ད་ལྟའི་གནས་བབས། སྔོན་བྱུང་གི་འདས་རིམ་སོགས་ཅུང་གསལ་བོ་ངེས་སོང”བར་སྙམ་པ་འདྲ། གལ་ཏེ་དེ་ལྟ་ཡིན་ཕྱིན་དེ་ནི་མག་མོག་དང་གཏོལ་མེད། སོམ་ཉི་དང་ཡི་ཆད་བཅས་ཡིན་ཏེ་མི་རིགས་རང་གི་སྙན་ངག་ནི་ནམ་ཡང་ཆུ་སྣ་གར་ཁྲིད་བྱེད་པའི་ལྟ་བ་ཡིན་ལ། མི་རིགས་རང་གི་སྙན་ངག་པའི་གསར་བཏོད་དང་བློ་གྲོས། རྣམ་དཔྱོད། བརྩོན་པ་བཅས་ལ་སྣང་མེད་དུ་འཇོག་ཅིང་རང་བཀུར་ཤོར་བའི་གཞན་སྨོན་གྱི་ལྟ་བ་ཡིན་ཏེ། གཅིག་ཏུ་མི་རིགས་གཞན་པའི་དེང་རབས་རིང་ལུགས་གསར་བཏོད་བྱ་ཐུབ་ན་ང་ཚོས་གངས་རིའི་རིང་ལུཊ་ཤིག་གསར་བཏོད་བྱ་མི་ཐུབ་པའི་རྒྱུ་མཚན་ཅི། གཉིས་སུ་མི་རིགས་གཞན་པས་ཁཱ་ཧྥེའི་བཏུང་བ་གསར་བར་སྤྱོད་ན་ང་ཚོས་འོ་ཇ་མངར་མོ་བསྐྱུར་དགོས་པའི་རྒྱུ་མཚན་གང་། གསུམ་ན་མི་རིགས་གཞན་པ་མཁར་སྙེག་ཐོག་ཁང་ཆེན་མོར་རོལ་ན་ང་ཚོས་སྦྲ་ནག་གྲུ་བཞི་གནའ་རྫས་འགྲེམ་སྟོན་ཁང་དུ་སྐྱེལ་དགོས་པའི་རྒྱུ་མཚན་ཅི། མི་ལ་ལ་དུང་ལ་དགའ་ལ་ལ་ལ་ཙི་ལ་དགའ། ལ་ལ་དེང་རབས་ཀྱི་རོལ་ཆས་ལ་དགའ། ལ་ལ་ཏེ་སི་ཁོའི་རོལ་དབྱངས་ལ་དགའ། ཡིན་ནའང་། ང་ཚོའི་རེ་བ་དང་ང་ཚོར་མཁོ་བ་ནི་འཛམ་གླིང་ན་མེད་པའི་རོལ་དབྱངས་གསར་བ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་ལས་ཕྱི་གླིང་ནས་ཐད་ཀར་རོལ་མོ་དེ་དག་ནང་འདྲེན་བྱས་ཏེ་བོད་ཀྱི་རོལ་མོའི་ཚབ་བྱས་མི་རུང་བ་དེ་ཡིན། དེ་མིན་ནུབ་ལྭར་ཡོན་ ཏན་ཇི་འདྲ་ལྡན་རུང་བོད་ལྭའི་ཚབ་བྱེད་མི་ཐུབ་ལ་དེའི་ཁར་ཕྲུག་ཁྲ་འཐེན་རུང་བོད་ལྭ་མིན་པ་ལྟར་རོ། །འདི་ལྟ་བུའི་སྒྱིད་ལུག་བསམ་ཚུལ་འདིས་བོད་ཀྱི་རྩོམ་རིག་ལ་ནུས་པ་ག་འདྲ་ཞིག་ཐོན་ནམ།
      ཡང་མཆོག་ཉིད་ཀྱིས་དངོས་ཡོད་རིང་ལུགས་དང་། འཆར་ཡན་རིང་ལུགས། དེང་རབས་རིང་ལུགས་སོཊ་གནའ་རྫས་སུ་གྱུར་ཚུལ་ལྒིང་ཞིང་། དེང་རབས་ཕྱི་མའི་རིང་ལུགས་ཀྱང་གཞན་དུ་འགྱུར་ངེས་པ་སོགས་རྩོམ་རིག་འཕེལ་བའི་ལོ་རྒྱུས་ལ་བལྟས་ན་ཤེས་ཚུལ་སོགས་ལྒིང་། འོན་ཀྱང་། ངའི་བསམ་པ་ལྟར་ན་འདས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེས་མ་འོངས་པར་བསྡོམས་ཚིག་འགོད་མི་ཐུབ། ཐུབ་ན་དེ་ནི་ལོ་རྒྱུས་ཀྱི་མ་འོངས་པ་མ་འོངས་པ་མ་ཡིན་པར་དེང་རབས་གསར་བརྗེའི་གློག་བརྙན་དང་དྲག་རྩལ་བརྙན་འཕྲིན་གྱི་མ་འོངས་པ་སྟེ་མགོར་བལྟས་ན་འབྲས་བུ་ཤེས་ཐུབ་པ་དེ་འདྲ་ཞིག་ཡིན་ངེས། རྩོམ་རིག་གང་ཞིག་ཡིན་ནའང་འདྲ། དེའི་དགེ་མཚན་ནི་རྩོམ་ལུས་གང་ཞིག་སྤྱད་པ་དེ་ལ་རག་མི་ལས་པར་རྩོམ་སྟངས་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོར་སླེབས་རྒྱུ་དེ་ཡིན་ལ། སྒྱུ་རྩལ་གྱི་ཚད་གཞི་ཞེས་པའང་ཀློག་པ་བོའི་ཡིད་ཀྱི་གནམ་ས་བླ་འོག་བསྒྱུར་ཅིང་དགའ་སྐྱོའི་འགྱུར་བ་དང་གཞེན་སྐུལ། སྤོབས་པ། ཞི་བདེ་བཅས་བསྟེར་ཐུབ་པ་ཞིག་སྟེ་དེ་མིན་སྒྱུ་རྩལ་ག་འདྲ་སྤྱད་ནའང་འདྲ་སྟེ་དེང་རབས་ཕྱི་མའི་ཕྱི་མ་ཡིན་ཡང་སྒྱུ་རྩལ་གྱི་གསོབ་སྟོང་ཞིག་ལས་མ་འདས། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱང་དེ་བཞིན་ཏེ། མ་འོངས་པར་དངོས་ཡོད་རིང་ལུགས་དང་འཆར་ཡན་གསར་བ་ཞིག་མི་འབྱུང་བའི་བཀག་རྒྱ་སུས་ཀྱང་བྱ་མི་ཐུབ་ལ་མ་འོངས་པ་ན་དེང་རབས་རིང་ལུགས་ཕྱི་མ་ལ་ཀླུང་རྟ་རྒྱུཊ་པའི་ངེས་པ་དེ་བས་ཀྱང་མེད། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་བོད་ཀྱི་དཔྱད་བརྗོད་པ་འགའ་རེའི་ངག་ནས་གནའ་རྫས་འགྲེམ་སྟོན་ཁང་དུ་བསྐྱལ་བ་ལས་དེང་རབས་ཀྱི་སྤྱི་ཚོཊ་ན་ད་དུང་རླུང་རྟ་དར་བཞིན་པ་ནི་འཛམ་གླིང་རྩོམ་རིག་ལ་བློ་ཁ་ཡངས་པ་དག་ནི་ལོང་བ་མིན་ན་མཐོང་ཚོད་དང་། འོན་པ་མིན་ན་ཐོས་ཚོད་ཀྱི་དཔེ་རེད། དཔེར་ན། དེང་རབས་སྙན་ངག་འབྲི་མཁན་འགའ་རེས་ནུབ་གླིང་དུ་སོང་རྗེས་དེང་རབས་རིང་ལུགས་ལ་ཡི་ཆད་ནས་དངོས་ཡོད་རིང་ལུཊ་ཀྱི་སྙན་ངག་ལ་རོལ་བའི་རྒྱ་ནག་པ་མང་བོ་བྱུང་བ་དེས་ཀྱང་གསལ་བོར་ཤེས། ངའི་བསམ་ཚུལ་ལྟར་ན་ཁྱེད་ཀྱི་དེ་རིགས་ཀྱི་ནོར་འཁྲུལ་ནི་དེང་རབས་དངོས་ཡོད་རིང་ལུགས་དང་འཆར་སྣང་རིང་ལུགས་ཀྱི་སྙན་ངག་མ་བཀླགས་པར་དེང་རབས་རིང་ལུགས་སམ་དེང་རབས་ཕྱི་མའི་རིང་ལུགས་རྐྱང་རྐྱང་བཀླགས་པའི་སྐྱོན་དུ་སེམས་སོ།།
      ཁྱེད་ཀྱིས་གསུངས་པ་བཞིན་སྔོན་ཐོན་དང་རྗེས་ལུས་ཀྱི་བར་སྟོང་དེ་མ་བསབས་ན་མི་རབས་རྗེས་མར་ཁག་མ་ཁུར་བའི་མེས་པོ་རྒྱ་ཡན་པར་འགྱུར་བ་བདེན་ཡང་སྙན་ངག་གི་སྔོན་སར་སྙེག་པ་འདི་གཞུང་ལུགས་ཀྱི་ཁ་གཡང་བསྒྲགས་ཏེ་ཐོབ་པ་ཞིག་ག་ལ་ཡིན་ཏེ། གསར་བར་ཇི་འདྲར་དགའ་ཡང་གྲུབ་འབྲས་ཐོབ་ཐུབ་པ་ཞིག་མིན་ལ་རྙིང་བར་ཇི་འདྲར་ཞེན་པ་ལོག་ཀྱང་དགེ་མཚན་ལོན་ཐུབ་པ་ཞིག་མིན། དེ་ཡིན་ན་ང་ཚོས“མེ་ལོང་མ་ཕམ་པར་རྒྱོབས། རྙིང་བ་ཐམས་ཅད་ཕམ་པར་རྒྱོབས”ཞེས་ཁྲོམ་སྐོར་ལ་སོང་ཆོག་ཀྱང་མཚན་ཉིད་རིག་པའི་ལྟ་བས་བལྟས་ན་དེ་ནི་ལྒིན་རྟགས་ཁོ་ནར་ཟད། ང་ཚོར་གྲུབ་འབྲས་དགོས་ཏེ་རྙིང་བར་བླང་དོར་དགོས་ལ་གསར་བ་ལ་ཡང་བླང་དོར་དགོས། ལྷག་པར་སྙན་ངག་གསར་བར་གྲུབ་འབྲས་དགོས་ན་རྙིང་བ་ལ་བརྟེན་ཏེ་དེ་ལ་གསར་བའི་ཚེ་སྲོག་ཞུགས་དགོས་པ་ལས་ཕྱི་གླིང་བའི་གྲུབ་མཐའ་ག་གེ་མོའི་གཞུང་ལུགས་ལ་བརྟེན་ནས་སྙན་ངག་འབྲི་མི་རུང་ལ་ཕྱི་གླིང་བའི་དར་རྒྱས་ལས་ང་ཚོས་རང་ཉིད་འདས་མ་འོངས། ད་ལྟ་བཅས་ལ་བསམ་གཞིག་བྱ་དགོས་པ་ལས་རང་ཚུགས་འབོར་ག་ལ་ཉན།
      མཐར་གཏུགས་ན་སྐུ་ཞབས་གང་གིས་ལྒིང་བཞིན་པའི་སྙན་ངག་གསར་བ་ནི་བོད་ཀྱི་སྙན་ངག་གསར་བ་མ་ཡིན་པར་ཕྱི་གླིང་བའི་སྙན་ངག་གསར་བ་ཡིན་ལ། དེར་འུར་བསྟོད་ཀྱིས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་གསར་བཏོད་རང་བཞིན་ལ་དམའ་འབེབ་དང་བཀག་འགོག་ལ་བརྩོན་བཞིན་པ་ནི་ཆེས་ཕངས་པ་ཞིག་རེད་ཨང་། དེའི་སྒྲུབ་བྱེད་དུ་ད་དུང་། “ཆོས་ལུགས་རིག་གནས་ཀྱི་རིག་གཞུང་སྦོམ་པོ་དེའི་སྟེང་ན་དེ་འབྲེལ་གྱི་རིག་གནས་གཞན་གྱི་ཁོ་ལག་མཁྲེགས་པོ”ཡོད་པ་སོགས་ལྒིང་མོད། འདིར་གསལ་བཤད་བྱ་རྒྱུ་ནི་སྙན་ངག་ནི་རང་དབང་བརྩེ་དུང་གི་རོལ་དབྱངས་ཤིག་ཡིན་པས་ཆོས་ལུགས་ཀྱིས་ཚོད་འཛིན་བྱ་ཐུབ་པ་ཞིག་མིན་ལ་གཞུང་ལུགས་ཤིག་གིས་བཀག་སྡོམ་བྱ་ཐུབ་པ་ཞིག་ཀྱང་མིན། གལ་ཏེ་ཁྱོད་ཀྱིས་སྙན་ངག་ལ་ཆོས་ལུགས་ཀྱི་གེགས་རྒྱ་དང་། ཆབ་སྲིད་ཀྱི་གེགས་རྒྱ། ད་དུང་གཞུང་ལུགས་ཀྱི་གེགས་རྒྱ་བྱ་ཐུབ་པར་ངོས་འཛིན་ན་ཁྱོད་ནི་རེ་བ་ཡོད་པའི་སྙན་ངག་པ་ཞིག་ཡིན་མི་སྲིད་ལ། ཁྱོད་རང་སྙན་ངག་ལ་གཞུང་ལུགས་པའི་ངོས་འཛིན་ཙམ་ལས་སྙན་ངག་པའི་ངོས་འཛིན་དེ་བྱུང་མི་འདུག ང་ཚོར་རང་ཉིད་ཀྱི་དེང་རབས་སྙན་ངག་སོགས་ཡོད་དགོས་པ་ལས་ཕྱི་གླིང་བའི་དེང་རབས་ཕྱི་མ་སོགས་ནང་འདྲེན་བྱེད་པ་ནི་ནང་འདྲེན་མིན་ཏེ་ཧབ་ཐོབ་ཡིན་ནོ། །
      རྒྱ་ནག་གི་ཕྱི་འགྲིམ་རྩོམ་རིག་མཁས་པ་སྐུ་ཞབས་ལོའུ་ཞིན་སོགས་ཀྱིས་རིག་གནས་གསར་བ་ནང་འདྲེན་དེ་བཀྲ་ཤིས་པའི་སྐྱ་རེངས་ཤིག་ཤར་མོད། བཀྲ་མི་ཤིས་པའི་སྣ་ནག་མ་ཞིག་ཀྱང་དེ་དང་མཉམ་དུ་འཛུལ་ནས་རྒྱ་ནག་གི་སྙན་ངག་ལ་གཏོར་བརླག་ཆེན་པོ་ཞིག་བཟོས་པ་ནི་དེང་རབས་ཀྱི་རྒྱ་ནག་གི་མཁས་ཆེན་དག་གིས་གླེང་བཞིན་འདུག་པས། ང་ཚོས་དེ་ཚོའི་ཉམས་མྱོང་དེར་བལྟ་དགོས་པ་ལས་ལྔ་བཞི་ལས་འགུལ་ཞེས་ལྒིང་བཞིན་གནམ་ལྡིང་ས་ལྡིང་བྱེད་མི་རུང་། གསར་བ་ཞེས་པའི་མིང་སྙན་པོ་ཞིག་ལ་འཇུས་ནས་ཧོལ་རྒྱུགས་དེ་བས་ཀྱང་བྱ་མི་རུང་། དེང་སང་སྐོར་ཞིག་གིས་སྲོལ་རྒྱུན་ཕམ་པར་བརྒྱག་དགོས་པའི་ལྟ་ཚུལ་བཟུང་ཡོད་མོད། དེ་ནི་ཨ་གསར་རིང་ལུགས་ཏེ་བླང་དོར་མེད་པའི་མུན་འཐོམས་ཉིད་དོ།།
      དེ་བས་སྙན་ངག་པ་དག་གིས་གཟབ་ནན་དང་། བདེན་དྲང་། ཤེས་རབ། རྟོག་དཔྱོད་བཅས་དགོས་པ་ལས་ཕྱི་གླིང་བའི་གཞུང་ལུགས་ཀྱིས་བསླུས་ནས་རྨི་ལམ་དུ་ལབ་བརྡོལ་གཏན་ནས་བྱ་མི་རུང་། ང་ཚོས་མ་འོངས་པར་ཡིད་ཆེས་བྱ་དགོས་ལ་དེའི་ཆེད་དུ་བརྩོན་ལེན་བྱ་དགོས་མོད། འོན་ཀྱང་ཁ་ཕྱོགས་ནོར་ན་སྐྱོ་གདུང་དང་མཆི་མ་ག་འདྲ་བྱུང་ཡང་འབྲས་བུ་ཅི་ཡང་མེད་དོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།