སྲོལ་རྒྱུན་སྙན་ངག་ལ་སྙན་ངག་གསར་བ་མེད་དམ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-06 12:08:00 ཀློག་གྲངས།:
འི་ཚོར་སྣང་གི་ཡིད་འགྱུར་བཤད་པ་དག་སྤྱིའི་ཆ་ནས་བཤད་ན་ཁོ་བོའི་འདོད་པ་དང་མཐུན་ལ་སྲོལ་རྒྱུན་སྙན་ངག་དང་ཡང་འགལ་བ་ཅི་ཡང་མེད། ཡིན་ནའང་། ཁྱེད་ཀྱིས་ཆེས་མང་བོ་ཞིག་ནི་གཞན་ག་གེ་མོ་ཞིག་གིས་བསྐུལ་བའི་ངོར་བྲིས་པ་ཡིན་པས། འདི་འདྲ་ལ་ངས་བསམ་ན་མཛེས་རྟོག་གི་ཚོར་སྣང་ཡོད་མི་སྲིད་ཅེས་ཐག་བཅད་འདུག་ལ། དེ་ནི་སྙན་ངག་ལ་ཆ་རྒྱུས་ཅི་ཡང་མེད་ལ་སྙན་ངག་དང་སྙན་ངག་པ། སྙན་ངག་གི་འགྱུར་བ་བཅས་ལ་ཆ་རྒྱུས་ཅི་ཡང་མེད་པའི་རང་རྟགས་ཤིག་ཡིན། དེ་ལྟ་བུའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་ཚོད་འཛིན་དང་བསྡོམས་ཚིག་འཇོག་པ་ལ་འབྲས་བུ་ག་འདྲ་འབྱུང་མིན་ཡང་བསམ་མི་དགོས་པ་ཞིག་རེད།
      སྙན་ངག་པ་ནི་སྙན་ངག་གི་སྒྱུ་མའི་འཕྲུལ་གྱི་མཁན་པོ་ཡིན་ལ་འགྱུར་བའི་རྨི་ལམ་གྱི་མེ་ཏོག་བཟོ་བའི་བྱེད་པོའང་ཡིན་ཏེ་གཞན་གྱི་ཚོར་འདུ་དྲག་པོ་ཡིན་ནའང་། རང་གི་མྱོང་ཐུབ་དགོས་ལ། མེ་ཏོག་ལ་སྐྱོ་གདུང་དང་དགའ་སྣང་། སྤྲོ་སྣང་གི་ཚོར་འདུ་བསྐྲུན་ཐུབ་དགོས་པ་མ་ཟད། དེ་དག་རང་གིས་མྱོང་ཐུབ་པ་ཞིག་དགོས་པ་ལས་རང་གི་ཚོར་བ་དྲག་པོ་ཙམ་གྱིས་སྙན་ངག་འབྲི་དགོས་ན་ཚང་མས་སྙན་ངག་བྲིས་ཆོག་ལ། སྙན་ངག་པ་གང་ཡིན་གྱིས་མི་འོང་བའི་རྒྱུ་རྐྱེན་ཡང་གནད་འདི་ལ་ཐུག་པས་སྔོན་གྱི་གོམས་སྲོལ་བཞིན་མེ་ལོང་མ་ཞིག་ཁྲིད་ནས་ཚིགས་བཅད་ཤར་མར་འབྲི་བ་དག་ཀྱང་སྙན་ངག་པ་མིན་ལ། དེང་རབས་ཀྱི་འགྲོ་ཕྱོགས་བཞིན་སྙན་ངག་གི་གཞུང་ལུགས་རེ་སྦྱངས་ནས་རང་མོས་སྙན་ངག་བསྟུད་མར་འབྲི་བ་དག་ཀྱང་སྙན་ངག་པ་མིན། ད་དུང་ཞིབ་ཏུ་བཤད་ན་ སྙན་ངག་དང་སྙན་ངག་པ། འགྱུར་བ་དང་ཡུལ་གྱི་འབྲེལ་བའི་གནད་ཀྱང་འདིའི་སྟེང་དུ་ཡོད་དེ་ཕྱི་ཡུལ་ལས་འགྱུར་བ་བསྐྱེད་པ་ནི་སྙན་ངག་གི་འོས་འགན་ཡིན། དེ་བས་སྙན་ངག་ཅིག་གསར་དུ་རྩོམ་དུས་ཐོག་མར་སྙན་ངག་པར་འགྱུར་བ་དྲག་པོ་ཞིག་བསྐྱེད་དགོས་ལ། འགྱུར་བ་དེ་དང་ཁྱད་པར་འཕྲུལ་སྣང་གི་འགྱུར་བ་དེ་གཞན་དང་ཐུན་མོང་ཞིག་དགོས་པ་གཏན་ནས་མིན་པས། ཤུགས་དྲག་ཅིང་རྒྱ་མཚོའི་རླབས་བཞིན་མཁའ་ལ་འཕྱོ་བ་ཞིག་ཏུ་གཏོང་ཐུབ་དགོས་ལ། ཡང་ན་རྨི་ལམ་དུ་ཁྲོན་པའི་འཕྲུལ་སྣང་གི་གསེབ་ཏུ་ཟླ་བ་དལ་ཅག་གེར་ཅི་ཞིག་གི་རྨི་ལམ་འགྲིམ་པ་ལྟ་བུའི་འཆར་སྣང་བསྐྱེད་དེ་དེ་ནི་སྙན་ངག་ལེགས་འགྲུབ་གྱི་རྐྱེན་ཡིན་པ་སྨོས་མེད་བཞིན་སྙན་ངག་གི་འགྱུར་བ་དེ་ནི་གཞན་གྱིས་སྐུལ་མིན་ལ་ཐུག་མེད། སྤྱིར་བཏང་གི་མི་ཞིག་ཡིན་ཚེ་གཞན་གྱིས་བསྐུལ་ངོར་བྲིས་ན་ཚོར་སྣང་བཅོས་མ་ཞིག་ལས་མེད་ནའང་དེ་ཡིས་སྙན་ངག་པར་ལྒིང་འགེལ་བྱས་ན་ག་ལ་འགྲིག་སྟེ་གཏན་ནས་མི་འགྲིག འདི་ནི་ཁོ་བོས་སྲོལ་རྒྱུན་སྙན་ངག་བྲིས་པའི་ཉམས་མྱོང་ལས་ཤེས་པ་ལས་གཞན་གྱི་གཞུང་ལུགས་བཤུས་འབྲི་བྱས་པ་ཞིག་གཏན་ནས་མིན་ནོ། །
      སྙན་ངག་གི་མཛེས་པ་ནི་ཡིད་ཡུལ་ཆ་མཉམ་པ་ལས་ངེས་པར་འབྱུང་དགོས་པ་ཞིག་མིན་པར་ཡུལ་ཡིད་བསྲེས་པའི་འཕྲུལ་ལ་དབང་དགོས་པ་སྟེ། གཙོ་བོ་ཡིད་ཀྱི་འགྱུར་བས་ཡིད་ཀྱི་རྣམ་པ་སྒྱུ་འཕྲུལ་ཅན་དུ་བསྒྱུར་རྒྱུ་དེ་ཡིན། དེ་ཡིན་ན་ད་གཟོད་སྙན་ངག་གི་ཉམས་ཐོན་ལ། དེ་མིན་ག་འདྲ་བཤད་ཀྱང་སྲོལ་རྒྱུན་སྙན་ངག་མི་འཁྱོངས་ལ་དེང་རབས་སྙན་ངག་ཀྱང་མི་འཁྱོངས། འོ་ན་སྙན་ངག་གི་འགྱུར་བ་དང་ཚོར་བ་ལ་འབྲེལ་བ་ག་འདྲ་ཡོད་ཅེ་ན། དེ་ནི་སྤྱི་བྱེ་བྲག་གི་འབྲེལ་བ་ཡིན་ལ་འགྱུར་བའི་འཕྲུལ་སྣང་ལས་ཐོན་པའི་མྱོང་བའི་ཚོར་བ་ཡིན་ལ་ན་ཟུག་དང་སྐྱོ་སྣང་། སྤྲོ་བ། སྤོབས་པ་བཅས་རེད། ཚོར་བ་ནི་སྙན་ངག་གི་འགྱུར་བའི་སྟེང་གི་རྣོ་ཡིན་ལ་སྙན་ངག་ནི་འཕྲུལ་སྣང་གི་ཞིང་དུ་སྐྱོ་བའི་ཨ་ རག་ཡིན། དེ་བས་ཚོར་འདུ་མེད་པའི་སྙན་ངག་ནི་སྙན་ངག་གཏན་ནས་མིན་པས། སྲོལ་རྒྱུན་སྙན་ངག་ཀྱང་འདི་ལས་འདས་མེད་པ་ནི་སྲོལ་རྒྱུན་སྙན་ངག་གི་རྒྱུན་ཤེས་ཡིན། ཡིན་ནའང་ཚོར་འདུ་སྙན་ངག་པ་ལ་དགོས་པ་མ་ཡིན་པར་སྙན་ངག་ལ་དགོས་པ་ཡིན་ཞིང་སྙན་ངག་གི་ཚོར་འདུ་དེ་ཡང་རྩོམ་པ་བོས་མྱོང་དགོས་པ་མ་ཡིན་པར་ཀློག་པ་བོས་མྱོང་དགོས་པ་ཡིན། ཀློག་པ་བོ་དག་གི་བསམ་པའི་འཁྱེར་སོ་དང་མྱོང་བའི་ཚོར་སྣང་མི་འདྲ་བས་ཀློག་པ་བོར་མྱོང་ཚོར་མི་འདྲ་བ་བསྟེར་སྲིད་ནའང་དེ་ནི་གནད་ཅིག་མིན་པར་སྙན་ངག་རང་ལས་དེ་འདྲའི་ཚོར་སྣང་སྣ་མང་དང་། མྱོང་བ་སྣ་མང་བསྟེར་ཐུབ་པ་ནི་ཆེས་གལ་ཆེ།
      ང་ཚོའི་སྲོལ་རྒྱུན་སྙན་ངག་གི་ཚོར་འདུ་ནི་འབྲུག་སྟོང་ལྡིར་བ་ལྟ་བུའི་སྤོབས་པ། གློག་ཞགས་དྲག་ཏུ་འཁྱུག་པ་ལྟ་བུའི་དྲག་ཤུལ། མ་བུ་ལྷན་དུ་འཛོམས་པ་ལྟ་བུའི་དགའ་སྐྱོ་དག་དགོས་པ་ལས་སྒྱིད་ལུག་གི་འབྲི་ཐབས་སྤྱོད་མི་འོས་ལ་ངས་ཁྱོད་དྲན་ལྟ་བུ་དང་ང་ཁྱོད་ལ་དགའ་ཞེས་པ་ལྟ་བུའི་སྤྱི་བམ་པ་ཞིག་གཏན་ནས་ཡིན་མི་རུང་།
      སྙན་ངག་བརྩེ་སེམས་དང་འབྲེལ་བ་དང་བརྩེ་སེམས་བརྗོད་བྱ་དང་འདྲེས་པ་ནི་སྙན་ངག་ལེགས་པོ་འཁྱོངས་པའི་རྟགས་ཡིན། དེ་ཆེད་དུ་དཔེ་རྒྱན་དང་གཟུགས་རྒྱན་སོགས་དོན་གྱི་རྒྱན་དང་འབྲལ་དཀའ་བ་ཡིན། འདི་ནི་སྲོལ་རྒྱུན་སྙན་ངག་ཁོ་ནའི་ཁྱད་ཆོས་ཤིག་མ་ཡིན་པར་སྙན་ངག་སྤྱིའི་ཁྱད་ཆོས་ཡིན། གཟུགས་རྒྱན་དང་དཔེ་རྒྱན་བཀོད་པ་ནི་སྙན་ངག་གི་དགེ་མཚན་མ་ཡིན་པར་རྒྱན་དེས་སྙན་ངག་ལ་ནུས་པ་ཐོན་དགོས་པ་དེ་ཡིན། གནད་དེ་མ་ཤེས་པར་བྲིས་པའི་སྙན་ངག་ལ་ཁྱོད་ཀྱིས་གསུངས་པའི་ཞན་ཆ་དེ་གསུམ་འབྱུང་བ་ལས“ཐག་གིས་བཅད་པ་མ་ཡིན་པར་རྩོམ་པ་བོའི་ཡིད་འགྱུར་གྱིས་ཐག་བཅད་པ་དེ་ཡིན་ནོ། །
      སྙན་ངག་ལ་རོལ་དབྱངས་ཀྱི་ཉམས་འགྱུར་ལྡན་ཡང་རོལ་དབྱངས་དེ་ནི་བརྩེ་སེམས་དང་འདྲེས་ནས་བཞུར་ཞིང་། བརྩེ་སེམས་དེ་ནི་སྙན་ངག་ཡིན་པ་ལས་དེའི་ལོགས་སུ་གཞན་ཅི་ཡང་མེད། དེ་བས་ནང་དོན་ནི་ཕྱི་ཡུལ་ལྗོངས་ཁོ་ན་ལ་གཞོལ་ནའང་སྙན་ངག་གི་ཡུལ་ལྗོངས་ནི་ཕྱི་ཡུལ་ལྗོངས་ཁོ་ན་མ་ཡིན་པར་བརྩེ་སེམས་ཀྱིས་ཁྱབ་པའི་ཡུལ་ལྗོངས་དེ་ཡིན་ལ། ཡུལ་ལྗོངས་དེ་ནི་ང་ཚོས་ཡུལ་ལྗོངས་མཐོང་པའི་ཚོར་སྣང་དང་གཏན་ནས་མི་འདྲ་བའི་སྒྱུ་འཕྲུལ་ཅིག་ཡིན་དགོས། དེ་ཡིན་ན་ད་གཟོད“རྩོམ་པ་པོའི་བླ་སྲོག་འདེ་བ་བརྟེན་པར་བྱེད་པའི་སྙན་ངག”ཡིན་པ་བཞིན་སྲོལ་རྒྱུན་སྙན་ངག་མ་ཟད་སྙན་ངག་སྤྱིའི་བླང་བྱའང་ཡིན།
      དེ་ཡང་མི་རེ་རེའི་ཚོར་བ་དང་མཛེས་དཔྱོད་ཀྱི་མྱོང་བ་མི་འདྲ་ལ། མཛེས་རྟོག་དེ་མང་ཆེ་བ་ནི་གོམས་པའི་དབང་གིས་བྱུང་བས་མཛེས་དཔྱོད་གྲུབ་པའི་མི་ཞིག་ཡིན་ན་གླུ་རེ་རེའི་ཚོར་བ་དེ་མ་ཐག་ཏུ་མྱོང་ཐུབ། རང་ཉིད་གོམས་པའི་དབང་གིས་མི་ལ་ལ་ཞིག་གིས་དེང་རབས་ཀྱི་རོལ་དབྱངས་ཀྱི་རོ་ནི་ཞིབ་ཏུ་བསམ་ནའང་མྱོང་དཀའ་པ་བཞིན། ཉིད་ཀྱང《སྙན་ངག་གསར་བའི》གཞུང་བཀླགས་པ་མང་ནའང་སྔོན་གྱི་སྙན་ངག་མྱོང་བའི་ཚོར་བ་ཤིན་ཏུ་ཞན་ཏེ། སྔོན་གྱི་སྙན་ངག་གི་འགྱུར་བ་དེ་ནི་ཚིག་གི་རོལ་དབྱངས་ལ་མྱོང་དགོས་ཤིང་། ཚིག་གི་རོལ་དབྱངས་མྱོང་པའི་ཚོར་དེ་བཞིན་དོན་གྱི་ཉམས་ལས་ཡིད་ཀྱི་དཔྱིད་ཀ་ཤར་བའམ་རྣ་བའི་ནང་དུ་བདུད་རྩི་མྱངས་པ་ལྟ་བུའི་ཚོར་སྣང་སྟེར་བ་འདི་སྙན་ངག་གཞན་ལ་དཀོན། སྙན་ངག་ལ་རོལ་དབྱངས་ཀྱི་ཁྱད་ཆོས་དགོས་ན་ཐེ་ཚོམ་ཅི་ཡང་མི་དགོས་པར་སྔོན་མའི་སྙན་ངག་ཅེས་ལྒིང་སྤོབས་མོད། དེ་དག་ལ་སྙན་ངག་གི་རེ་བའི་ཕྱོགས་ནས་བཤད་ན་སྐྱོན་ཆ་ཤིན་ཏུ་མང་བོ་ཡོད་ལ། སྐྱོན་ཆ་དེ་ནི་སྲོལ་རྒྱུན་སྙན་ངག་ལ་ལྒིང་འགེལ་གཏན་ནས་མི་རུང་བ་དེ་ཡིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།