རིག་གཞུང་དེབ་གསར«གསེར་སྒྲོམ་སྨུག་པོ»དངོས་སུ་པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-11 08:51:43 ཀློག་གྲངས།:
       ཉེ་སྔོན། ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེ་གཞོན་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གཡུ་རྔོག་པདྨ་དབང་རྒྱལ་གྱི་རིག་གཞུང་དེབ་གསར«གསེར་སྒྲོམ་སྨུག་པོ།—གནའ་རབས་ཡིག་ཆ། མི་སྣ། ལོ་རྒྱུས་སྐོར་གྱི་དཔྱད་ཞིབ།»ཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་བྱས།
       དེབ་ཆུང་འདིའི་ནང་དུ། བྲག་ཡེར་བའི་ཅོང་རྙིང་། རྭ་སྒྲེང་ཧོ་ཐོག་ཐུ་དང་རྒྱལ་དབང་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་ནས་སྨོན་བྱང་བྲིས་པའི་ཚོགས་ཁྲོ། བཀའ་བློན་ཚ་རོང་པ་ནས་བླུག་བཅུག་པའི་དྲིལ་བུ། ཏུན་ཧོང་རྒྱའི་ཤོག་དྲིལ་རྩ་ཆེནP.2974དང་། ཏུན་ཧོང་ཡིག་རྙིང་ཁྲོད་བཞུགས་པའི་སློབ་དཔོན་ཡེ་ཤེས་བྱིན་གྱི«འ༹ཕགས་པ་སྒོ་དྲུག་པའྀ༹་གཟུངས་ཀྱྀ་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་པ»རྒྱ་བོད་གཉིས་ཀྱི་འགྱུར་ཡིག་སོགས་གནའ་བོའི་རིག་རྫས་རྩ་ཆེན་དང་ཡིག་ཆ་རྙིང་བ་དག་དཀྱུས་སུ་བཟུང་ཏེ། དེ་དག་གི་གསར་བཞེངས་ལོ་ཚིགས་གཏན་འབེབས་དང་། བརྗོད་དོན་བཀྲོལ་བཤད། དེ་འབྲེལ་ལོ་རྒྱུས་དག་རེ་རེ་བཞིན་དབྱེ་ཞིབ་བྱས་ཡོད་པ་ཕུད། བློན་ཁྲི་སུམ་རྗེ་སྟག་སྣང་དང་། བློན་ཞང་ལྷ་བཟང་ཀླུ་དཔལ།  རྭ་སྒྲེང་སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ་སོགས་ལོ་རྒྱུས་མི་སྣ་འདི་དག་གི་མི་ཚེའི་ལོ་རྒྱུས་དང་ཆོས་སྲིད་མཛད་རྣམ། ལྷག་པར་དུ་ཁོང་ཚོའི་གནས་ཚུལ་ལོ་རྒྱུས་ཡིག་ཆ་དག་ཏུ་བཤད་རྒྱུན་མི་མཐུན་པའམ་རྩོད་གཞིར་གྱུར་པའི་གནད་དོན་ཁག་ལ་དོགས་དཔྱོད་བགྱིས་ཏེ་ཁྱོན་འབོར་རྩོམ་ཡིག་བཅོ་ལྔས་གྲུབ་པར་བྱས་ཡོད།
སྔོན་འགྲོའི་གཏམ།
ཆབ་འགག་རྟ་མགྲིན།
 
       མེས་པོ་གོང་མ་རྣམས་ཀྱིས་བཞག་པའི་རིག་གནས་གཙུག་ལག་ནི་ཁོང་ཚོའི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པས་རང་ནུས་གང་ལྕོགས་ཀྱིས་འཚོལ་སྡུད་དང་དག་སྒྲིག །དཔྱད་ཞིབ་བཅས་བྱས་ནས་མིའི་རིགས་སྤྱིའི་བསམ་བློའི་ཉེར་སྤྱད་དུ་མཁོ་སྤྲོད་བྱེད་པ་དང་། སྲིད་ཀྱི་ཡུ་བ་དང་འཚོ་ཚིས་ཀྱི་སྣོན་པ་བྱ་གང་ཐུབ་བྱེད་པ་ནི་ཤེས་ཡོན་པའི་སྡེར་གོམ་ཁ་བསྒྱུར་བའི་སྐྱེ་བོ་ཀུན་གྱི་གཡོལ་ཐབས་བྲལ་བའི་འོས་འགན་ཡིན་ན། ད་ལན་ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པའམ་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གཡུ་རྔོག་པདྨ་དབང་རྒྱལ་གྱིས«གསེར་སྒྲོམ་སྨུག་པོ»ཞེས་པ་ལེགས་པར་བརྩམས་ནས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པའང་ལོ་རྒྱུས་ཀྱི་འོས་འགན་དེ་ཉིད་རང་རྟོགས་ཀྱིས་ཕྲག་ཏུ་བླངས་པའི་དན་རྟགས་ཡིན་པས། ལྷག་བསམ་རྣམ་པར་དག་པས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་དགའ་སྤྲོའི་མཐེ་བོང་ཡར་ལ་བསྒྲེངས་ནས་ངོ་སོ་ཡང་ཡང་བསྟོད་དོ། །
       དེ་ཡང་རྩོམ་པ་པོ་ནི་རང་བཞིན་གྱིས་ལོ་རྒྱུས་ཡིག་ཚངས་རིག་པར་སྤྲོ་བ་ཆེ་བ་ཞིག་ཡིན་ཐོག་རབ་འབྱམས་པ་དང་འབུམ་རམས་པའི་སྐབས་སུའང་ལོ་རྒྱུས་ཡིག་ཚངས་ཀྱི་ཆེད་ལས་སྦྱངས་པར་མ་ཟད། སློབ་གཉེར་མཐར་ཕྱིན་རྗེས་ཀྱང་ལོ་རྒྱུས་ཡིག་ཚངས་ལ་ཞིབ་འཇུག་བྱེད་པའི་ལས་ཀ་གཉེར་པས། བོད་ཀྱི་གནའ་བོའི་ཡིག་ཚངས་ལ་འདྲིས་ཆ་ཆེ་བ་དང་ཞིབ་འཇུག་གི་ཉམས་མྱོང་འཛོམས་ཤིང་ཐབས་ལ་བྱང་པས། དཔྱད་འབྲས་ལའང་དགེ་མཚན་དང་ཁྱད་ཆོས་འདི་འདྲ་མཆིས་པར་སྙམ། གཅིག །དཔེ་དེབ་འདིའི་དཔྱད་གཞི་གཙོ་བོ་ནི་གནའ་བོའི་ཡིག་ཚངས་དཀོན་པོ་དང་རྟེན་རྫས་རྙིང་པ། མི་སྣ་གལ་ཆེན། གནའ་ཤུལ་གྲགས་ཅན་བཅས་ཡིན་ལ། དེ་ཡང་ཡིག་ཚངས་དཀོན་པོ་དག་ནི་བོད་བཙན་པོའི་དུས་སྐབས་སུ་གཞུང་ཕྱོགས་ཀྱི་བཀའ་བཀོད་ལྟར་རྩ་འཛུགས་དང་སྒྲིག་སྲོལ་ཡོད་པའི་སྒོ་ནས་ཡི་གེར་བཀོད་ནས་གཏན་ལ་ཕབ་པ་དང་། “བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར། ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་དུ་རི་བ་དེ་འདྲ”ཡིན་ཏེ། བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དུས་སྐབས་དེའི་མིས་དུས་སྐབས་དེའི་སྐད་དང་ཡི་གེར་བཀོད་པ་ཡིན་པས། དུས་སྐབས་གཞན་གྱི་ཡིག་ཚངས་ཀུན་ལས་ལོ་རྒྱུས་ཀྱི་རིན་ཐང་དང་སྐད་དང་ཡི་གེའི་རིན་ཐང་། ཡིག་ཚངས་ཀྱི་རིན་ཐང་ཁྱད་དུ་འཕགས་པ་མངའ་བ་དང་། དཔྱད་གཞིར་བཀོད་པའི་རྟེན་རྫས་ནི་བཙན་པོའི་དུས་ཀྱི་གཞུང་ཕྱོགས་མི་སྣས་བཙན་པོའི་སྐུ་ཡོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བླུགས་བཟོ་མཛད་པའི་ཅོང་རྙིང་ཡིན་ལ། དེའི་སྟེང་དུ་བཀོད་པའི་ཡི་གེ་ནི«བཟང་སྤྱོད་སྨོན་ལམ»ཡིན་པས། རྟེན་རྫས་དང་ཆོས་ལུགས། ཡིག་གཟུགས་གང་གི་ཆ་ནས་ཀྱང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་ཡིན། དཔྱད་གཞིར་བཀོད་པའི་གཙུག་ལག་ཁང་དག་ནི་བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་སོགས་ཀྱི་རིང་ལ་དབུས་དང་མདོ་སྨད། ཤ་ཅུའི་ཕྱོགས་སུ་བཏབ་པའི་ཆོས་སྡེ་རྙིང་པ་ཡིན་ལ། ལོ་རྒྱུས་མི་སྣ་ཡང་གཙོ་བོ་བཙན་པོའི་དུས་སྐབས་ཀྱི་ཆོས་སྲིད་ཟུང་གི་བློན་པོ་ཡིན་མོད། སྔོན་གྱི་ཡོངས་གྲགས་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་ཏུ་མཚན་ཙམ་གླེང་བ་ལས་ལོ་རྒྱུས་ཞིབ་ཏུ་བསྟན་མེད་པ་ཡིན་ན། དཔྱད་གཞི་དེ་དག་ནི་ནང་བསྟན་བྱུང་འཕེལ་གྱི་ལོ་རྒྱུས་དང་ཆབ་སྲིད་མི་སྣའི་རྟོགས་བརྗོད་ལ་ཞིབ་འཇུག་བྱེད་པར་མེད་མི་རུང་བའི་དཔྱད་གཞི་གལ་ཆེན་རྐྱང་རྐྱང་ཡིན་པར་ངེས། གཉིས། རྩོམ་པ་པོས་རབ་འབྱམས་པའི་སྐབས་དང་འབུམ་རམས་པའི་སྐབས་སུ་ལོ་རྒྱུས་ཡིག་ཚངས་རིག་པའི་གཞུང་དང་ཐབས་ལ་སྦྱངས་པ་ལེགས་པོ་བྱས་པ་དང་ཡིག་ཚངས་ཚད་ལྡན་མང་པོ་ལྟ་ཀློག་བྱས་ཐོག །སློབ་གཉེར་མཐར་ཕྱིན་རྗེས་མུ་མཐུད་ནས་ཏུན་ཧོང་ཞིབ་འཇུག་གླིང་དུ་ཡིག་ཚངས་དག་སྒྲིག་དང་ཞིབ་འཇུག་གི་ལས་ཀ་གཉེར་བས་ལག་ལེན་གྱི་ཉམས་མྱོང་ཡང་གང་ལེགས་བསགས་སྟབས། ཁོའི་ཞིབ་འཇུག་གི་ཐབས་ལམ་ཡང་ཡིག་ཚང་ལ་བརྟེན་ནས་ཡིག་ཚངས་བཤད་པ་ཙམ་མ་ཡིན་པར། ཡིག་ཚངས་ཚད་ལྡན་དང་ཡུལ་དངོས་རྟོག་དཔྱོད་ཀྱི་མཐོང་ཐོས། རྟེན་རྫས་གཤིབ་སྡུར། དཔེ་མཚོན་འདྲ་པར་སོགས་ཟུང་དུ་སྦྲེལ་བའི་ཐབས་ལ་བརྟེན་ནས་ཞིབ་འཇུག་བྱས་པས། རིག་གཞུང་གི་ལྟ་བ་མངོན་པར་གསལ་ཞིང་ཡིད་རྟོན་འཕར་པའི་ཁྱད་ཆོས་ལྡན་པ་ཡིན། གསུམ། ལུང་དང་དཔེ་དཔང་སྣ་ཚོགས་དང་རིག་གཞུང་གི་ཐབས་ལམ་མང་པོ་སྤྱད་ནས་ཞིབ་འཇུག་བྱས་ཤིང་། རིགས་པ་ཡང་དག་གིས་གཏན་ལ་ཕབ་པའི་རིག་གཞུང་གི་ལྟ་བ་ཡང་སྔོན་རབས་པའི་ཚིག་རྗེས་འབྲངས་པ་མ་ཡིན་པ་དང་གཞན་གྱི་ལྟ་བ་བསྐྱར་ཟློས་བྱས་པའང་མ་ཡིན་ལ། དེ་ལ་ཡི་རང་ཞུས་པ་ཡང་མ་ཡིན་ཏེ། སྔ་ན་མེད་པའི་ལྟ་བ་གསར་པ་དང་། དོན་དངོས་དང་མཐུན་པའི་སྡོམ་ཚིག་ཡང་དག །གཏན་ཚིགས་དང་མཐུན་པའི་ཚིག་སྦྱོར་གསལ་པོ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན།
       མདོར་ན། དཔྱད་གཞིར་གསར་ཤས་ཆེ་ཞིང་ལུང་རིགས་ཀྱི་ཁུངས་བཙུན་པ། རིག་གཞུང་གི་ལྟ་བ་མངོན་པར་གསལ་པས། ལོ་རྒྱུས་ཡིག་ཚངས་ལ་ཞིབ་འཇུག་བྱེད་པར་བློ་ཁ་ཕྱོགས་པའི་བློ་གསལ་གཞོན་ནུ་རྣམས་ལ་མཚོན་ན། རིག་གཞུང་གི་ལྟ་བ་བརྗེ་རེས་བྱེད་པའི་སྐྱེས་ལེགས་པོ་དང་། ཕན་ཚུན་རྟིང་སྐུལ་བྱེད་པའི་ལྕག་ཕྲ་མོ། ཀུན་པོར་ཡར་བསྐྱེད་འབྱུང་བའི་གསོས་ལེགས་པོ་བཅས་སུ་འགྱུར་བར་ངེས་ན། བསྟོད་པའི་མཐེ་བོང་མི་བསྒྲེང་བ་དང་དགའ་བའི་མེ་ཏོག་མི་སྟོར་བའི་སྐྱེ་བོ་སུ་ཞིག་མཆིས།

ཞེས་དགེ་མིང་འཛིན་པ་ཆབ་འགག་རྟ་མགྲིན་ནས།

རྩོམ་པ་པོ་ངོ་སྤྲོད།
       གཡུ་རྔོག་པདྨ་དབང་རྒྱལ། ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེ་མོ་གཞོན་པ། གནའ་རབས་ཡིག་ཚང་རིག་པའི་འབུམ་རམས་པ། པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་ཞིབ་ཤེས་ལྡན་པ་བཅས་ཡིན། བརྩམས་ཆོས་གཙོ་བོ་ལ། «ཀན་སུའུ་ས་ཁུལ་ཏུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་།»དང«ཁྲོང་ཆེན་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་།»སོགས་པོད་བདུན་ཅུ་ལྷག་པར་སྐྲུན་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།