ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > རེ་རྐང་གླིང་གི་སྙན་དེབ་གསར་བ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་པར་དུ་བསྐྲུན།
རེ་རྐང་གླིང་གི་སྙན་དེབ་གསར་བ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་པར་དུ་བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-24 09:04:01
ཀློག་གྲངས།:
ཉེ་སྔོན། བོད་ཀྱི་སྙན་ངག་པ་རེ་རྐང་གླིང་གི་སྙན་དེབ་གསར་བ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

སྙན་དེབ«ཕོ་ཨ་ལོང་། ཕོ་ཨ་ལོང»གི་གླེང་གཞི།
སྐྱབས་ཆེན་བདེ་གྲོལ།
སྐྱབས་ཆེན་བདེ་གྲོལ།
རྩོམ་རིག་གསར་རྩོམ་གྱི་ལམ་ཀ་དེ་བདམས་པ་ནས། ང་ལ་མཚོན་ན་ཡིད་རྟོན་རུང་བའི་རྩོམ་གྲོགས་རེ་གཉིས་ཡོད་པ་དེ་ཁོ་རང་ཚོ་འཚོ་གཞེས་གནང་སའི་ཡུལ་གྲུ་གང་དེའི་ལྗོངས་རྒྱུའམ་གནས་མཇལ་གྱི་རིན་ཐང་ལས་ཡོངས་སུ་བརྒལ་བར་གྱུར། དེ་བས་གཙོས་དང་བླ་བྲང་གང་རུང་ནས་རེབ་གོང་གི་ཐག་ཉེར་སླེབས་པའམ། ཡང་ན་རེབ་གོང་བརྒྱུད་ནས་ཟི་ལིང་སོགས་ལ་འགྲོ་དུས་ངའི་སེམས་ལ་རྟག་པར“རེ་རྐང་གླིང་ཁྱིམ་ན་ཡོད་དམ”ཞེས་པའི་དྲི་བ་དེ་འཁོར་ཡོང་བ་དང་། རེ་རྐང་གླིང་མེད་པའི་རེབ་གོང་དེ་སེམས་ནས་རྟོག་བཏགས་ཙམ་ཡང་བྱེད་མི་ཕོད་པ་ཞིག་ཡིན།
ང་དང་རེ་རྐང་གླིང་གཉིས་ངོ་ཤེས་ནས་ཕལ་ཆེར་ལོ་ཉི་ཤུར་ཉེ་བ་ཞིག་ལོན་ཡོད། འདྲིས་ཆ་ཆེན་པོ་དེར་བརྟེན་ནས་ཁོང་ངོ་སྤྲོད་བྱ་དགོས་ན“ལྐོག་གྱུར་གྱི་སྙན་ངག”དང་། “སྒྱུ་འཕྲུལ་གྱི་བརྩམས་སྒྲུང་།”སོགས་རྩོམ་རིག་གི་རྟགས་ཐམ་ཁ་ཤས་ལས་གཞན་རྨ་ལྷོ་ཚགས་པར་དང་། རང་གྲོལ། མི་རྒོད། དགེ་ཆོས་དྲ་བ། མི་རབས་གསུམ་པ། འཛམ་གླིང་རྩོམ་རིག རྨ་ལྷོའི་རྩོམ་རིག་མཐུན་ཚོགས་སོགས་རང་རེའི་རྩོམ་རིག་གི་གསོན་ཤུགས་དང་སྐྱེ་སྟོབས། གཟབ་བརླིང་བཅས་མཚོན་པའི་བརྡ་ཆད་ཁ་ཤས་ཀྱང་མི་གླེང་ཐུ་མེད་ཡིན། སྔ་མས་ཁོང་གི་གསར་རྩོམ་གྱི་ཐོད་རྒལ་དང་གདོང་མཆོང་། གཏོར་བཤིག་གི་སྙིང་སྟོབས་དེ་མཚོན་པ་དང་ཕྱི་མས་གཟབ་ནན་དང་ཞིབ་ཚགས། དཔྱོད་ཤེས་ཀྱི་ཆ་དེ་སྟོན་ཐུབ་པར་སྙམ། ཡིན་ཀྱང་འདི་ཙམ་གྱིས་རེ་རྐང་གླིང་ངོ་སྤྲོད་ཐུབ་པ་མ་ཡིན་པས། ཐེངས་འདིར་པར་དུ་བཏོན་པའི་སྙན་དེབ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་འདིས་དུས་ཀྱི་སྔ་རོལ་ཏུ་གོམ་པ་སྤོ་བར་རྩོམ་པའི་སྙན་ངག་པ་ཞིག་གི་རྣམ་ཤེས་དང་བླ་སྲོག་གི་ངོས་ཤིག་ཡི་གེས་གྲུབ་པའི་ཆུ་མིག་རེ་རེ་དང་འདྲ་བར་ཁྱོད་ཀྱི་ཚོར་ཤེས་ཀྱི་གཏིང་ཟབ་སར་བཞུར་དུ་འཇུག་ངེས་ཤིང་། དེ་ནི་རེབ་གོང་གི་མི་ཕོ་རྫིག་པོ་ཁ་སྤུ་ཡག་པོ་ཅན་དེའི་ཕྱིའི་སྣང་བརྙན་ཙམ་ལས་ཡོངས་སུ་བརྒལ་བའི་སྒྱུ་རྩལ་གྱི་གསོལ་རས་གྱ་ནོམ་པ་ཞིག་ཏུ་བལྟ་ཆོག
རེ་རྐང་གླིང་གི་མཚན་དངོས་ལ་རྡོ་རྗེ་ཚེ་བརྟན་ཞུ་ཞིང་རེབ་གོང་གི་སྔགས་པ་གྲགས་ཅན་ཞིག་ལ་སྲས་བཞི་འཁྲུངས་པའི་བར་བ་ཡིན། གཞོན་པའི་དུས་སུ་ལོ་འགར་སློབ་ཆུང་དགེ་རྒན་བྱས་ཤིང་ཕྱིས་སུ་རྨ་ལྷོ་ཁུལ་གྱི་རྨ་ལྷོ་ཚགས་པར་ཁང་དུ་ལས་གནས་སྤར་རྗེས་ད་ལྟའི་བར་དུ་ལས་ཁུངས་དེར་ལས་ཀ་བསྒྲུབས་པ་དང་ཞོར་དུ«རང་གྲོལ»དུས་དེབ་ཀྱི་གཙོ་སྒྲིག་པ་དང་། «འཛམ་གླིང་རྩོམ་རིག»བོད་ཡིག་པར་མའི་རྩོམ་སྒྲིག་པ། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཡོད། ལོ་འདི་གར་སྐད་འཕྲིན་འཕྲིན་སྟེགས་མི་རྒོད་རྩོམ་རིག་ཅེས་པའང་གཉེར། ཕྲན་རང་ངོས་ནས་ལས་ཀ་འདི་དག་གིས་ཁོས་རྩེ་གཅིག་རྩོམ་རིག་གསར་རྩོམ་ལ་གཏད་པའི་དམིགས་པ་དེར་བར་ཆད་མང་པོ་བརྩམས་ཡོད་པར་འདོད་མོད། འོན་ཏེ་ཁོ་ལ་མཚོན་ན་རྩོམ་རིག་གསར་རྩོམ་གྱི་ཁོར་ཡུག་ཅེས་པ་ནི་གཞན་གྱིས་བཟོས་ཟིན་པ་དེའི་ནང་རྐང་པ་འཇོག་རྐྱང་བྱས་པས་མི་ཡོང་བར་མི་སོ་སོའི་ངོས་ནས་ལས་ཀ་སྣ་ཚོགས་བསྒྲུབ་ཚེ་ད་གཟོད་ཡག་པོ་ཆགས་སྲིད་པ་ཞིག་ཡིན། དེ་ཕྱིར་རེ་རྐང་གླིང་མེད་ཚེ་ད་ལྟའི་རེབ་གོང་གི་འཁྲུག་ཆ་ཆེ་ཞིང་རྣམ་པ་མང་པའི་སྒྱུ་རྩལ་གསར་རྩོམ་གྱི་ཁོར་ཡུག་དེ་འདྲ་ཡོད་སྲིད་པར་དོགས་པ་བཟའ་དགོས་པ་ཞིག་ཡིན།

རེ་རྐང་གླིང་རི་མོ་འབྲི་བར་མཁས་ནའང་ངས་ཁོས་གཞས་གཏོང་བ་ཧ་ལམ་ཐོས་མྱོང་མེད། ཡིན་ནའང་ཁོས་རི་མོ་འབོར་ཆེན་བྲིས་ཏེ་དེའི་ཕྱོགས་ཀྱི་འཇོན་ཐང་ཆེད་དུ་ངོམ་མ་མྱོང་། ཁོས་ང་ཚོའི་མཐོང་སྣང་གི་འཇིག་རྟེན་འདི་གས་སྲུབས་དང་ཆག་གྲུམ་ཅན་དང་། ཡང་ན་ཉམ་ཞན་ནུས་མེད་དུ་མཐོང་བས་སླར་ཡི་གེའི་གཟུགས་སུ་དེ་དག་ཕྱིར་མངོན་པར་བྱེད་ཅིང་དེ་ནི་ཧྥ་རན་སེའི་སྔ་རབས་བསྡུས་བརྗོད་རིང་ལུགས་པ་དག་གིས་བཞེངས་པའི་སྒྱུ་རྩལ་གྱི་ཁམས་དེ་དང་འདྲ་བར་ཤིན་ཏུ་མི་སྡུག་པའི་ཉམས་ཅན་ཞིག་ཡིན།
དཔེར་ན་ཁོའི་སྨྱུག་འོག་གི“སྨད་འཚོང་མ”ལྟ་བུ་སྟེ། ཕྲན་གྱིས་བརྡ་དོན་དེ་ནི་གློག་ཞུ་དམར་པོའི་འོག་ཏུ་ཤེ་སྦྱོར་གྱི་ཉོ་ཚོང་ལ་ཞུགས་པའི་བུད་མེད་དེ་ཚོར་གོ་ན་འཇིག་རྟེན་ཀུན་རྫོབ་ཀྱི་གོ་བ་ཆེ་དྲགས་པར་སྣང་། དེ་ནི“ལུད་པ”དང་། “ལྗོན་པའི་ལག་པ” “སྐར་མའི་རལ་བ” “སྣག་ཚའི་གཤོག་པ” “རྨི་ལམ་གྱི་རབ་ཁ” “བྲན་གཡོག་དམར་པོ”སོགས་ཁོའི་སྙན་ངག་ནང་རྒྱུན་དུ་འབྱུང་བའི་བརྡ་ཆད་གཞན་དག་དང་འདྲ་བར་སྒྱུ་འཕྲུལ་གྱི་འཕྲུལ་འཁོར་དེ་གྲུབ་བྱེད་ཀྱི་ལྷུ་ལག་དག་ཡིན། དེ་དག་གིས་གྲུབ་པའི་འཇིག་རྟེན་ནི་ཚིག་གི་སྦྱོར་བ་ཁོ་ན་མ་གཏོགས་རི་མོར་བྲི་མི་ཐུབ་ཅིང་དབྱངས་རྟར་ཡང་དགུག་མི་ཐུབ། དེ་ནི་འགྲོ་བ་མིའི་ཕྱོགས་ལྷུང་གི་སེམས་ཀྱིས་བཟོས་ཤིང་རྗེས་ཐོབ་ཀྱི་རིགས་པ་ལས་བྱུང་བའི་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་སོགས་ཀྱི་བརྡ་ཆད་དང་མི་འདྲ་བར་དེ་དག་གིས་བཅོམ་སྟེ་འཁྱོག་པོར་བསྒྱུར་བའི་སེམས་ནད་པ་དག་གི་མདུན་དུ་རང་བཞིན་གཤིས་དང་འགྲོགས་པའི་འཇིག་རྟེན་གསར་པ་ཞིག་མངོན་པར་བྱེད་པའི་རྫས་ཕྲ་མོ་ཉིད་དོ། །
ཐེངས་འདིར་གསར་དུ་བཏོན་པའི་རེ་རྐང་གླིང་གི་སྙན་དེབ«ཕོ་ཨ་ལོང་། ཕོ་ཨ་ལོང»ནི་མགོ་མཇུག་བར་གསུམ་དུ་གསིག་ལྡེམ་རོལ་མོའི་གླུ་གཞས་ཆེད་ཚོགས་ཤིག་དང་འདྲ་བས་དེས་མགོ་ནས་མཇུག་བར་ཁྱོད་ཀྱི་གློ་མཆིན་ལ་ན་ཟུག་གཏོང་ཞིང་རྩིག་སྲུབས་ལ་མེ་སྦར་ཏེ་ཀླད་རྩར་གཏར་ཁ་བྱེད་པས་ཁྱོད་རང་ལུས་སེམས་གཉིས་ཉོབ་པོར་གྱུར་ཏེ་ཅི་བྱེད་ཆ་མ་འཚལ་བའི་སྐབས་སུ་སེམས་ལ་ངར་ལང་བྱེད་ཀྱི་སྙན་ངག་གི་བཏུང་བ་འདི་ལན་ཅིག་བཏུངས་ཚེ་སྐྱ་ཟད་སྔོ་སྡུག་ཏུ་སྣང་བའི་འཇིག་རྟེན་དེ་ཁྱོད་ཀྱི་སྣང་ངོ་ནས་དར་ཅིག་ཚོན་མདངས་དང་གསོན་ཤུགས་ལྡན་པ་ཞིག་ཏུ་འགྱུར་ངེས་སྙམ།

རེ་རྐང་གླིང་གི་མིག་ལམ་དུ་ལོ་ངོ་སྟོང་ཕྲག་ལ་བསྐྱར་ཟློས་དང་རྒྱུད་འཛིན་བྱས་པའི་སྲོལ་རྒྱུན་གྱི་བརྡ་ཐབས་རྙིང་པ་དེ་ནི་སྐྱེ་བོ་མང་པོས་ཁ་ལ་བླངས་ཏེ་སྐྱུག་ལྡད་ལན་མང་བྱས་པའི་ཟས་ཤིག་གམ་བུད་མེད་བརྒྱ་ཕྲག་ལ་འགྲོགས་ཏེ་བརྩེ་དུང་གི་བྲོ་བ་མི་ཚོར་བར་གྱུར་པའི་སྐྱེས་པ་ནད་པ་ཞིག་ལས་མ་འདས་པས། ཁོས་གཞོན་པའི་དུས་སུ་གསར་རྩོམ་གྱི་འགོ་འཛུགས་སའི་གནས་དེ་ནི་མི་མང་པོ་ཞིག་གི་མཇུག་མཐའི་ཚིགས་མལ་དུ་གྱུར་ཡོད། དེ་བས་རེ་རྐང་གླིང་དང་བཅས་པའི་མི་རབས་གསུམ་པ་བ་ཚོ་དང་དེང་གི་རང་ཤེད་ཚ་བའི་གཞོན་ནུ་འགའ་ཞིག་གི་སྨྱུག་འོག་གི་འཇིག་རྟེན་ནི་རང་རེའི་རྩོམ་བྱུང་ལོ་རྒྱུས་ལ་མཚོན་ནའང་མཛེས་འཛིན་ལྟ་བའི་འགྱུར་མཚམས་ཆེན་པོ་ཞིག་གི་མཚོན་བྱེད་ཡིན། མང་པོ་ཞིག་གིས་རང་ལ་རྒྱུས་མངའ་ཆེ་བ་དང་ལོབས་པར་གྱུར་པའི་གཏན་ཚིགས་ལས་ཅུང་ཙམ་འདས་ཚེ་ཧ་གོ་ཡི་མི་འདུག་ཟེར་ནས་སྡུག་སྐད་འདོན་ནའང་འཇིག་རྟེན་འདི་ཉིན་རེ་ནས་ཉིན་རེར་རྣམ་པ་གཞན་དུ་འགྱུར་བཞིན་པ་དང་། གཞོན་རབས་པ་དག་གི་སྨྲ་བརྗོད་དང་གཤིས་སྤྱོད། བསམ་བློ་གཏོང་སྟངས་སོགས་ལའང་རྦ་ཀློང་དྲག་པོ་དེའི་རྒྱུན་དང་ལྷན་ཅིག་འགྱུར་བ་འགྲོ་བཞིན་པས་དེ་ལ་ཅི་མ་སྙམ་པར་རང་ཤེད་ཚ་བོས་ཨུ་ཚུགས་བྱས་ཚེ་ཁྱོད་ཀྱིས་ཧ་མི་གོ་བའི་དོན་ཇེ་མང་ཇེ་མང་དུ་འགྲོ་སྲིད་ཅིང་། མཐར་ཁྱོད་དང་གཞོན་རབས་པའི་བར་གྱི་བརྡ་སྤྲོད་ཀྱི་ཟམ་པ་དེ་ཁ་ཆག་སྣ་རལ་དུ་འགྱུར་ངེས།
དུས་ཀྱི་འགྲུལ་ལམ་རིང་མོ་འདིའི་ནང་དུ་བྱུང་བའི་རྩོམ་རིག་དང་སྙན་ངག་གི་གཏམ་རྒྱུད་ཇི་སྙེད་ཅིག་སྐྱེས་པ་སྒེར་པ་རེ་རེའི་སྨྱུ་གུར་གས་ཆག་བྱུང་ཞིང་གསར་རྩོམ་གྱི་སྤོབས་པ་ཉམས་པ་དང་འབྲེལ་ཏེ་བརྗེད་ངས་ཀྱི་དབང་དུ་གྱུར་ཏེ་གཏན་དུ་ཡལ་བར་འགྱུར་བཞིན་ནའང་རེ་རྐང་གླིང་ནི་ད་དུང་ཡང་ཕོ་ལོ་ཉི་ཤུའི་ནང་གི་གཞོན་ནུ་དེ་དང་འདྲ་བར་རེབ་གོང་གི་རྩོམ་པ་པོ་དང་སྙན་ངག་པ། རི་མོ་པ་དང་གཞས་མཁན་སོགས་སྒྱུ་རྩལ་གྱི་དཔུང་སྡེ་མཐུག་པོ་དེའི་རུ་འདྲེན་ནམ་དར་ཆ་ལྟ་བུར་འགྲེང་ཚུགས་སུ་ལངས་ཡོད་པ་སྙན་དེབ་འདི་ཙམ་མ་ཟད་ཁོས་ཕྱིས་ཀྱི་བརྩམས་ཆོས་ཀྱིས་ར་སྤྲད་སྲིད་ལ། མ་འོངས་པའི་ཉིན་ཞིག་ལ། བགྲེས་སོང་དུ་གྱུར་པའི་ཨཱལ་ཕཱ་སེ་ནོས«བུད་མེད་ཀྱི་དྲི་བསུང»ནང་ནས་ཚེ་སྲོག་གི་ངར་ཤུགས་ངོམ་པ་བཞིན་རེ་རྐང་གླིང་གིས་ཀྱང་དུས་རབས་འདིའི་རྩོམ་རིག་མཁན་པོ་ཞིག་གི་རྒན་དར་གཞོན་གསུམ་གྱི་སྣང་བརྙན་མ་ལུས་པ་བོད་རྩོམ་གྱི་ལོ་རྒྱུས་དེབ་ཐེར་དུ་འཇོག་སྲིད་པའི་ཡིད་ཆེས་ཆེན་པོ་ཡོད་དོ། །ཞབས་དག ལྷ་རྒྱལ་ལོ། །
༢༠༢༤ལོའི་ཟླ༥པའི་ཚེས༣༡ཉིན་ཧུའེ་ཉིང་ནས།
ནང་དོན་ཡོང་ཁུངས། མི་རྒོད་རྩོམ་རིག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།