ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > བོད་རིག་པའི་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ཀྱི་དེབ་གསར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས།
བོད་རིག་པའི་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ཀྱི་དེབ་གསར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-05-12 14:51:04
ཀློག་གྲངས།:
སྤྱི་ཚེས9ཉིན་བོད་ལྗོངས་ལྷ་སའི་ཤིན་ཧྭ་དཔེ་ཁང་དུ་བོད་རིག་པའི་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ཀྱི་དེབ་གསར་འོས་སྦྱོར་ཚོགས་འདུ་ཞིག་འཚོགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་ནི་བོད་རིག་པའི་མཁས་དབང་ཁོང་གིས་ཡུན་རིང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ལ་དཀའ་སྤྱད་འབད་བརྩོན་གནང་བའི་གཡུར་ཟའི་འབྲས་རྟགས་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་རིག་གནས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།

བོད་རིག་པའི་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ནི་བོད་ལྗོངས་གཞིས་རྩེ་ཞོལ་ནས་ཡིན་ཞིང་པ་ཚབ་ཞེས་པའི་ཁྱིམ་དུ་འཁྲུངས། སྤྱི་ལོ1980ལོ་ནས་བཟུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས་ཤིང་། དེ་ནས་བཟུང་ད་བར་ལོ་དུས་ཕལ་ཆེ་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་ཡི་གེ་དང་བང་སོ། ཡིག་རྙིང་བྲིས་མ། ལོ་རྒྱུས་ས་མིང་། ཉེ་རབ་དབུས་གཙང་སྒེར་པའི་ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་དང་སྦྲགས་རྩོམ་འབྲི་གནང་དང་གནང་མུས་ཡིན།

བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཁས་དབང་གྲགས་ཅན་ཞིག་ཡིན་པའི་ངོས་ནས་ཁོང་གིས་ལོ་མང་རིང་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་སྔོག་འདོན་གཏིང་ཟབ་དང་ཁྱབ་སྤེལ་བྱ་བར་གཞོལ་བཞིན་ཡོད། ཁོང་གི་ཞིབ་འཇུག་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཡོད་པ་དང་ད་ཐེངས་པར་འགྲེམས་བྱས་པའི་དེབ་གསར་དེ་དག་ནང་ཁོང་གི་ལོ་མང་རིང་གི་སེམས་ཤུགས་དང་བློ་གྲོས་གཅིག་ཏུ་འདུས་ཡོད་དེ། «སྤུ་རྒྱལ་བོད་ཀྱི་རྡོ་རིང་དང་རྡོ་བརྐོས་ཡི་གེ»ཞེས་པའི་རྒྱ་བོད་པར་མ་གཉིས་ལྡན་གྱི་དེབ་གསར་ནང་རྡོ་རིང་དང་། བྲག་ལྡེབས། རྩིག་དངོས་བཅས་སུ་བརྐོས་པའམ་གསལ་བའི་ཡི་གེ་ཁག་ཉི་ཤུ་རྩ་དགུ་ཙམ་ཞིག་ཕྱོགས་བསྒྲིགས་ཞུས་པ་རྣམས་ནི་བོད་ཀྱི་གནའ་རབས་ཀྱི་ཆབ་སྲིད་དང་། ཆོས་ལུགས། རིག་གནས། སྤྱི་ཚོགས་ལ་སོགས་དང་ལྷག་པར་དུ་གནའ་རབས་ཀྱི་བོད་ལྗོངས་དང་མེས་རྒྱལ་ནང་ཁུལ། དེ་བཞིན་མཐའ་འཁོར་གྱི་ས་ཁུལ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་རིན་བྲལ་གྱི་དཔྱད་གཞིའི་ཡི་གེ་ཤ་སྟག་ཡིན་པ་དང་། «བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་པའི་དེབ་གསར་ནང་སྒེར་པའི་ཁྱིམ་རྒྱུད་ཀྱི་ཐོག་མའི་འབྱུང་ཁུངས་དང་། བཀའ་ཤག་ཡིག་ཚགས་ཁྲོད་ཀྱི་སྒེར་པའི་ཐོ་གཞུང་འདྲ་བཤུས། སྒེར་པའི་ལས་གནས་ཀྱི་གོ་མིང་དང་། མཚན་གནས། སྒེར་པའི་ཁྱིམ་རྒྱུད་གྲགས་ཅན་ངོ་སྤྲོད། སྒེར་འབྲིང་དཀྱུས་ཁྱིམ་རྒྱུད་འགའ་ཡི་མཚམས་སྦྱོར། དེ་བཞིན་སྒེར་པའི་གཞིས་ཀ་སོགས་ལེའུ་བརྒྱད་ཀྱི་ཐད་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁོངས་སུ་གཏོགས་པའི་སྒེར་པའི་ལོ་རྒྱུས་ངོ་སྤྲོད་དང་ཞིབ་འཇུག་ཆ་ཚང་ཞིང་གྲ་རྒྱས་པ་ཞིག་གནང་ཡོད་པ། དེ་བཞིན«ལོ་རྒྱུས་ས་མིང་བརྡ་འགྲེལ»ཞེས་པའི་དེབ་གསར་ནང་ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་དང་། ཤིན་ཅང་ནས་རྙེད་པའི་སྤུ་རྒྱལ་དུས་ཀྱི་ཁྲམ་ཤིང་ཡི་གེ། གནའ་བོའི་ཆོས་འབྱུང་རྒྱལ་རབས། བོན་གྱི་དཔེ་རྙིང་ལ་སོགས་གཞི་བྱས་ཏེ་ལོ་རྒྱུས་ཡིག་རིགས་ནང་འཁོད་པའི་ས་མིང་དག་བོད་ཡིག་ཀ་ཁའི་གོ་རིམ་ཇི་བཞིན་བསྟར་དུ་བསྒྲིགས་གནང་བ་དང་། ས་མིང་གི་བརྡ་འགྲེལ་སོ་སོའི་ནང་དུ་དེ་དག་གི་འབྱུང་འཁུངས་དང་། ལོ་རྒྱུས་ཀྱི་འཕེལ་འགྱུར། དེང་གི་གནས་ཡུལ་བཅས་ཁ་གསལ་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་ཡོད་པ་བཅས་དཔེ་དེབ་དེ་དག་ལ་རིག་གཞུང་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། སྔར་ལས་ཞིབ་ཕྲའི་གནའ་རྫས་རྟོག་ཞིབ་གསར་རྙེད་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཞིབ་འཇུག་བྱས་པ་ལས་བོད་ལྗོངས་འདི་ཉིད་སྔར་ནས་བཟུང་མེས་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་གཏིང་ཟབ་གསལ་སྟོན་བྱས་ཡོད།

དེ་ལྟར་བོད་རིག་པའི་མཁས་དབང་ཁོང་གིས་རིག་གཞུང་གི་རྨང་གཞི་བརྟན་པོ་དང་ཐུན་མོང་མ་ཡིན་པའི་ལྟ་ཕྱོགས་ལ་བརྟེན་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བོད་ཀྱི་ལོ་རྒྱུས་ཡུན་རིང་གི་སྣ་མང་རང་བཞིན་དང་བསྟུན་མཁས་རང་བཞིན་མངོན་པར་བྱས་པ་དང་། བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བྲིས་པ་དང་། འོད་སྟོང་འཕྲོ་བའི་རིག་གནས་ཀྱང་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྐྲུན་བྱས་པ་ཞིག་ཡིན་པ་ར་སྤྲོད་ནུས་ལྡན་བྱས་ཡོད། ད་ཐེངས་མཁས་དབང་ཁོང་གི་དེབ་གསར་འོས་སྦྱོར་ཚོགས་འདུ་འདི་བཞིན་ཁོང་གི་རིག་གཞུང་གྲུབ་འབྲས་འགྲེམས་སྟོན་དང་ཁྱབ་གདལ་བཏང་བ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་གཏིང་ཟབ་པའི་འགྲེལ་བཤད་དང་དར་སྤེལ་བྱས་པ་ཞིག་ཀྱང་ཡིན། མུ་འབྲེལ་དཔེ་དེབ་དེ་དག་པར་སྐྲུན་བྱས་པ་དེས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་ངོས་འཛིན་གཅིག་མཐུན་དང་ཁོངས་གཏོགས་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་ཐུབ།

དེབ་གསར་འོས་སྦྱོར་ཚོགས་འདུའི་ཐོག་ཚོགས་ཞུགས་སྐུ་མགྲོན་དང་ཀློག་པ་པོ་རྣམས་དང་མཁས་དབང་ཁོང་དབར་ས་གནས་ས་ཐོག་ཏུ་ངོ་ཐུག་སྤེལ་རེས་གནང་ནས་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྙིང་བཅུད་དང་ཡིད་དབང་འཕྲོག་ཤུགས་ལ་ཐུན་མོང་ཐོག་དཔྱད་བསྡུར་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།