སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-14 09:02:00 ཀློག་གྲངས།:
     གཉིས་པ་ནི། གཉིད་དང་རྨི་ལམ་གྱི་གནད་ལ་བརྟེན་ནས་སྲིད་པ་ཕྱིར་ཟློག་གིས་སྒྲུབ་པ་ནི། གོང་སྨྲས་བཞིན་ལྷན་སྐྱེས་ཀྱི་ཚུལ་གྱིས་སྔོན་གནས་རྗེས་སུ་དྲན་པས་སྐྱེ་བ་སྔ་ཕྱི་ཡོད་པ་གྲུབ་པར་མ་ཟད་གཉིད་འབེབས་ཀྱི་ཐབས་ལ་བརྟེན་ནས་སྔོན་གྱི་གནས་དྲན་དུ་འཇུག་པའི་ཚུལ་འདིས་ཀྱང་འགྲུབ་བོ། །འོ་ན། གཉིད་འབེབས་ཀྱི་ཐབས་ཞེས་པ་དེའི་ངོ་བོ་ཇི་ལྟ་བུ་ཞིག་ཅེ་ན། སེམས་ཁམས་ཀྱི་སྨན་པ་སོགས་གཉིད་འབེབས་བྱེད་པ་པོའི་གཉིད་དུ་འཇུག་པའི་བརྡ་སྦྱར་ལ་བརྟེན་ནས་དལ་བུར་གཉིད་སྲབ་པ་ལྟ་བུ་ཞིག་གི་ངང་དུ་གནས་པར་འགྱུར། དེ་ནི་གཉིད་དངོས་ཀྱང་མ་ཡིན་ལ་སད་པའང་མ་ཡིན་པའི་གཉིད་མ་སད་ཅིག་སྟེ། གཉིད་འབེབས་པ་པོས་དྲུང་ནས་གཏམ་གང་སྨྲས་ཐམས་ཅད་ཀྱང་ཐོས་ལ། གཏམ་དེ་དང་དེའི་རྗེས་སུ་མཐུན་པར་སེམས་ཀྱི་འཇུག་ལྡོག་དང༌། དྲི་བ་ལ་ལན་འདེབས་པ་དག་ཀྱང་ཚུལ་བཞིན་བྱ་ནུས། འོན་ཀྱང༌། སད་པའི་གནས་སྐབས་དང་མི་མཚུངས་ཏེ། ཚེ་འདི་དང་སྐྱེ་བ་སྔ་མ་སོགས་འདས་པའི་དུས་ཀྱི་སྣང་བ་སྣ་ཚོགས་པ་དག་རྨི་ལམ་བཞིན་དུ་སླར་ཡང་འཆར་ཞིང༌། ད་གཟོད་གཉིད་སད་པ་བཞིན་སད་དུ་ཡོད་པ་ཞིག་ཡིན། ཕྱིར་ཟློག་བྱ་ཚུལ་ནི། གཉིད་འབེབས་པ་པོས་བརྡ་སྦྱར་ཏེ། ད་ཁྱེད་ལོ་བཅུ་པའི་གནས་སྐབས་དེར་སོང་ཞིག  ད་ཁྱེད་ཡུལ་ཇི་འདྲ་བ་ཞིག་ན་འདུག  ཉེ་འཁོར་ན་ཁང་བ་སོགས་ཇི་ལྟ་བུ་འདུག  གྲོགས་སུ་དག་ཡོད། ཁྱོད་ཀྱི་གོས་གང་འདྲ་ཞིག་གྱོན་འདུག་པ་ངེད་ལ་སྨྲོས་ཤིག་ཅེས་སྨྲས་པས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ལན་འདེབས་པར་བྱེད། ལོ་བདུན་དང་གསུམ་སོགས་ལའང་དེ་ལྟར་བྱ། དེ་བཞིན་དུ། ད་ཁྱེད་སྐྱེ་བ་སྔ་མའི་གནས་སྐབས་ག་གེ་མོ་ཞིག་ལ་སོང་ཞེས་སྨྲས་པས་དེ་དང་དེའི་སྣང་བ་འཆར། དེའི་ཚེ་ཇི་འདྲ་འདུག་པ་དྲིས་ན། ཐམས་ཅད་ཇི་བཞིན་དུ་ལན་འདེབས་སོ། །སྣང་བ་འཆར་ཚུལ་ལ་གཉིས་ཏེ། གཉིད་འབེབས་ཤིན་ཏུ་ཟབ་མོ་ཐེབས་པ་དག་ལ་ནི་སྔོན་གྱི་གང་ཟག་དེ་ཁོ་ན་ལྟ་བུར་གྱུར་ཏེ། བྱིས་པའི་གནས་སྐབས་འཆར་དུ་བཅུག་ཚེ་སྐད་ཀྱི་གདངས་ཀྱང་ཡོངས་སུ་འགྱུར་ཏེ་བྱིས་པ་ཆུང་ངུའི་སྐད་སྨྲ་ཞིང༌། ཡི་གེ་འབྲིར་བཅུག་ན་བྱིས་པའི་ཡིག་གཟུགས་ཁོ་ན་འོང༌། སྐྱེ་བ་སྔ་མ་རྣམས་སུ་མི་རིགས་གཞན་དུ་སྐྱེས་པའི་སྣང་བ་རྣམས་ཤར་བ་ན། ཚེ་འདིར་མི་རིགས་དེའི་སྐད་གཏན་ནས་མི་ཤེས་ཀྱང་གློ་བུར་དུ་སྐད་རིགས་དེ་དག་སྨྲ། དེ་དང་དེའི་ཚེ་ན་བདེ་སྡུག་གི་སྣང་བ་གང་བྱུང་བ་རྣམས་ཤར་བའི་ཚེ་ད་ལྟ་དངོས་སུ་མྱོང་བཞིན་པ་ལྟ་བུའི་ལུས་ངག་གི་རྣམ་འགྱུར་དག་བྱེད་དོ། །གཉིད་འབེབས་དེ་ཙམ་ཟབ་མོ་མ་ཐེབས་པའི་རིགས་དག་ལ་ནི། གར་ལ་ལྟ་བ་བཞིན་སྔོན་གྱི་སྣང་བ་རྣམས་ཤར་བ་ཙམ་ལས་དེ་དང་དེའི་རྣམ་པར་གྱུར་པ་མེད། གང་ལྟར་ཡང་གང་ཟག་དེ་དག་ལ་སྔོན་གྱི་གནས་སྐབས་དེ་དང་དེར་དངོས་སུ་འབྱོར་བའི་སྣང་བ་འོང་གིན་འདུག  དོན་ལ་ནི་རང་རང་གི་སེམས་ལ་ཤར་བ་སྟེ་རྨི་ལམ་ལྟ་བུ་ཡིན། འོན་ཀྱང༌། རྨི་ལམ་བཞིན་མ་ངེས་པ་གང་རུང་རུང་འཆར་བ་ཞིག་མ་ཡིན་ཏེ། གང་ཡང་རུང་བའི་སྐྱེ་བ་སྔ་མའི་གནས་སྐབས་ཤིག་གཞིར་བྱས་ཏེ། དེ་ནམ་འཆར་དུ་བཅུག་ཀྱང་སྣང་བ་རྣམས་ཚུལ་གཅིག་པ་ཁོ་ན་ལས་མ་ངེས་པ་སྣ་ཚོགས་མི་འབྱུང༌། དེ་བཞིན་དུ་མི་གཉིས་སྔོན་ཡུལ་གཅིག་ཏུ་སྐྱེས་ཏེ། བྱ་བ་གཅིག་མཉམ་དུ་བྱས་པ་ལ། སོ་སོར་གཉིད་འབེབས་ཀྱིས་སྨྲར་བཅུག་ན་གཅིག་མཐུན་ཁོ་ནར་འོང་བ་སྟེ། ཤིན་ཏུ་ངོ་མཚར་ཅན་ཞིག་ཡིན། འགའ་ཞིག་ལ་སྐྱེ་བ་སྔ་མའི་གནས་སྐབས་ལ་སོང་ཞེས་བརྡ་གཏན་ནས་མ་སྦྱར་ཡང་རྐྱེན་གཞན་གྱི་དབང་གིས་སྔ་མའི་གནས་སྐབས་སྨྲ་བའང་འདུག་གོ །འདིའི་བྱེད་ལས་ནི། ནུབ་ཕྱོགས་པ་དག་གིས་ལུས་སེམས་ཀྱི་ནད་འགའ་ཞིག་འཆོས་བྱེད་དུ་སྤྱོད་དེ། སྐྱེ་བ་སྔ་མའི་རྐྱེན་ལས་བྱུང་བའི་ནད་འགའ་རེ་ལ་སྨན་བཅོས་ཅི་ཙམ་བྱས་ཀྱང་ཕན་འབྲས་མ་བྱུང་ཞིང༌། ཐབས་འདིས་བཅོས་པས་འཕྲལ་དུུ་དྲག་པ་བྱུང༌། གཞན་ཉེན་རྟོག་པ་དག་གིས་ཆོམ་རྐུན་རྩད་གཅོད་ཀྱི་ཆེད་དུའང་སྤྱད་དེ། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་ཐབས་འདིས་ཉེས་དོན་བརྒྱ་ཕྲག་ལ་ཉེ་བ་ཙམ་རྩད་ཆོད་བྱུང༌། དེ་ཡང་ཆོམ་རྐུན་པས་བཅོམ་པ་རྣམས་དངངས་སྐྲག་གིས་གཟིར་ཏེ་ཆོམ་རྐུན་པའི་བྱད་དབྱིབས་སོགས་དྲན་མ་ནུས་ཚེ། གཉིད་འབེབས་བྱས་པས་ཇི་བཞིན་དུ་དྲན་པ་ཡིན་ནོ། །ཐབས་འདི་ཇི་ལྟར་བྱུང་ཚུལ་ནི། འཛམ་གླིང་ནུབ་ཕྱོགས་སུ་དུས་རབས་བཅོ་བརྒྱད་པར་ཧྥ་རན་སེའི་མི། མེ་སུ་མེ་ཨེར་ཞེས་པས་ཐབས་འདིས་ནད་བཅོས་བྱས་ནས་གྲགས་པ་རྒྱས་པའི་རྗེས་སུུ་གསོ་རིག་པ་དག་གིས་འདི་ཕྱོགས་སུ་ནན་ཏན་བྱས་ཏེ། གཉིད་འབེབས་ཀྱི་བཅོས་ཐབས་རྣམ་པ་སྣ་ཚོགས་ཤིག་དར་ནས་ཚོགས་པའང་མང་པོ་བཙུགས་སྣང༌། དེ་ལས་སྐྱེ་བ་སྔ་མ་དྲན་དུ་འཇུག་པའི་བཅོས་ཐབས་འདི་ནི་ལོ་བཅུ་ཕྲག་འགའ་ཞིག་གི་གོང་ཙམ་ནས་གདོད་དར་བ་ཡིན། ཐོག་མར་སེམས་ཁམས་གསོ་རིག་པ་འགའ་རེ་སྟེས་དབང་གིས་གློ་བུར་དུ་འདི་དང་འཕྲད་ཀྱང་མཉམ་འཇོག་ཆེར་མ་བྱས། བྱས་པ་དག་གིས་ཀྱང་འཕྲལ་དུ་སྨྲ་མ་སྤོབས། དེ་རྗེས་ཇེ་མང་དུ་སོང་སྟེ། སོ་སོའི་མངོན་སུམ་དུ་མཐོང་ཚུལ་རྣམས་ཡི་གེར་བྲིས་པའི་དེབ་ཀྱང་ཤིན་ཏུ་མང་པོ་བརྩམས། བརྙན་འཕྲིན་དང་གསར་ཤོག་ཁག་རྣམས་ཀྱིས་ཀྱང་ཁྱབ་བསྒྲགས་བྱས་ཏེ། ད་ལྟ་ཕལ་ཆེར་འཛམ་གླིང་ཧྲིལ་པོར་ཁྱབ་ཅིང༌། ཚུལ་འདི་ལ་བརྟེན་ནས་སྔོན་གནས་དྲན་པའི་མི་ས་ཡ་གཅིག་ཙམ་ཡོད་ཅེས་ཟེར་རོ། །འོན་ཀྱང༌། གཉིད་འབེབས་ཀྱི་ཐབས་ལས་རྟོགས་པའི་ལོ་རྒྱུས་རྣམས་ལས་ཕལ་མོ་ཆེ་ཞིག་དོན་ལ་གནས་པ་ཡིན་གྱི། ཐམས་ཅད་བདེན་པ་ཡིན་པར་ནི་མི་འགྲུབ་པ་ཤེས་དགོས་ཏེ་དོན་ཐོག་ཏུ་མ་ཁེལ་བའང་འགའ་རེ་བྱུང་འདུག་པའི་ཕྱིར་རོ། །དེ་ཡང་སྤྱི་ལོ་ ༡༩༥༠ ནང་དུ་ཚན་རིག་པ་དག་གིས་བརྟག་དཔྱད་བྱ་ཕྱིར། མི་རྣམས་གཉིད་འབེབས་ཀྱིས་བྱིས་པའི་དུས་སུ་ཕྱིར་ཟློག་བྱས་པས་རང་གི་ཉེ་དྲུང་ན་ཡོད་པའི་བྱིས་པ་དག་གི་མིང་དང་གོས་ཅི་འདྲ་གྱོན་པ། དགེ་རྒན་གྱི་མིང་བཅས་གསལ་བར་དྲན་ནས་བྱུང༌། དེ་རྣམས་དུས་གཞན་གྱི་ཚེ་གཏན་ནས་དྲན་མི་ཐུབ་པ་ཤ་སྟག་ཡིན་འདུག དེ་ལྟར་བརྟགས་པས་ཕལ་མོ་ཆེ་ཞིག་བདེན་པ་ཡིན་པར་རྟོགས་ལ། རྐྱེན་དབང་གིས་སྒྲོ་བཏགས་པའི་སྣང་བའང་འགའ་རེ་ཡོད་འདུག་གོ །ད་ནི་དེ་དག་གི་དཔེར་བརྗོད་འགའ་ཞིག་འཆད་དེ། ཐཱེ་ཝན་གྱི་གསོ་རིག་མཁས་པ་ཁྲེན་ཧྲིན་ཡུན་ཞེས་པ། ཐཱེ་ཝན་གསོ་རིག་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ནས། ཨ་རིར་སོང་སྟེ་ཐན་ན་ཞི་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཟབ་སྦྱོང་བྱས། ཐོག་མར་ཚེ་སྔ་ཕྱི་ལ་གཏན་ནས་ཡིད་མི་ཆེས་མཁན་ཞིག་ཡིན་ཟེར། དེ་རྗེས་ཨ་རི་ནས་གཉིད་འབེབས་བཅོས་ཐབས་ཀྱིས་ནད་བཅོས་བྱེད་སྐབས་མི་མང་པོས་སྔོན་གནས་དྲན་པ་མངོན་སུམ་དུ་མཐོང་བས་ཚེ་སྔ་ཕྱི་ལ་ཡིད་མི་ཆེས་ཀ་མེད་བྱུང་སྟེ། སྔོན་གནས་དྲན་པ་ཡོད་ཚུལ་གྱི་དེབ་ཀྱང་བརྩམས་འདུག  ཁོ་ན་རེ། ངེད་ཀྱིས་ཨ་རི་ནས་སྨན་བཅོས་བྱེད་སྐབས། རྒྱུན་དུ་དངངས་སྐྲག་སྐྱེས་པའི་ནད་ཀྱིས་ཐེབས་པའི་བུད་མེད་ཅིག་ནད་སྟོན་དུ་བྱུང་སྟེ། མོ་མཁའ་འགྲུལ་བཟོ་ཚོང་ཁང་གི་ས་ངོས་ཀྱི་མཁོ་སྒྲུབ་བྱ་བ་བྱེད་མཁན་ཞིག་རེད། ཐེངས་ཤིག་ཁྱོ་ག་དང་མཉམ་དུ་མཚན་མོ་གནམ་གྲུར་ཞུགས་ཏེ་ལྗོངས་རྒྱུ་སྤྲོ་གསེང་དུ་ཕྱིན་ཚེ། གནམ་གྲུའི་ནང་གི་གློག་སྒྲོན་རྣམས་ཀྱི་འོད་ཡལ་བའི་འོག་ཏུ་དེའི་ནང་དོག་ཅིང་སྔོ་དོང་ངེར་འདུག་པ་དེ་མཐོང་བའི་རྐྱེན་གྱིས་དངངས་སྐྲག་གི་ནད་དེ་བྱུང་བ་ལས་དེའི་སྔ་རོལ་ན་དེ་འདྲའི་ནད་ཡེ་མི་འདུག  དེ་ནས་བཟུང་ཁང་བ་དོག་ཅིང་མུན་པ་འཐིབས་པ་རྣམས་ཀྱི་ནང་དུ་འགྲོ་མི་ཕོད་ཅིང༌། གནམ་གྲུར་ཡང་སྡོད་མི་ཕོད་དོ། །དེར་གཉིད་འབེབས་བྱས་པས། ལོ་སྟོང་ཕྲག་འགའི་སྔོན་ཞིག་ལ་མོ་རྒྱལ་པོ་ཞིག་གི་བཙུན་མོར་གྱུར། རྒྱལ་པོ་ཤི་བའི་རོ་དང་མཉམ་དུ་གསོན་གསོན་དུ་ཚོན་སྔོན་པོ་ཅན་གྱི་ས་འོག་གི་ཁང་ཆུང་ཞིག་ཏུ་བཅུག་ནས་ཤི་བའི་སྐབས་དེ་མཐོང༌། སེམས་ནད་ཀྱི་འབྱུང་ཁུངས་དེ་རྙེད་པ་ནས་བཟུང་མོའི་ནད་ཀྱང་རིམ་བཞིན་དྲག་སོང་ངོ༌། །དེ་རྗེས་ཡང་བུད་མེད་ནད་པ་ཞིག་བྱུང་སྟེ། མོ་ལ་མཚན་མོ་གཉིད་མི་ཁུག་པའི་ནད་ཀྱིས་ཐེབས་པར་མ་ཟད་རྒྱུན་དུ་རྒྱུ་མཚན་ཅི་ཡང་མེད་པར་ཆུ་ལ་དངངས་སྐྲག་འོང་གིན་འདུག  དེར་གཉིད་འབེབས་བྱས་པ་ན། སྐྱེ་བ་སྔ་མ་ཞིག་ཏུ་མོ་རང་གི་ཁྱོ་གས་མོའི་ལག་པ་གཉིས་ཐག་པས་བཅིངས་ནས་རྡོ་ཆེན་པོ་ཞིག་དང་སྦྲེལ་ཏེ་ཆུ་གཏིང་དུ་བོར་བས་མོ་ཆུས་བརྣངས་ནས་དབུགས་འཚུབས་པའི་སྡུག་བསྔལ་མྱོང་ཞིང་ཆུ་གཏིང་ན་ཁ་གནམ་ལ་འཁོར་ནས་འཕག་འཚག་བྱེད་པ་དང༌། ཅུང་ཞིག་ནས་རྣམ་ཤེས་བར་སྣང་དུ་ཐོན་ཏེ་མར་བལྟས་པས་རང་གི་རོ་ཆུའི་གཏིང་ན་འདུག་པ་མཐོང་བ་བཅས་དྲན་པས། དེ་རྗེས་རིམ་བཞིན་ནད་དེ་ཇེ་ཆུང་དུ་སོང་ངོ༌། །ཡང་བུད་མེད་གཞན་ཞིག་བྱུང་སྟེ། མོ་རྒྱུ་མཚན་གང་ཡང་མེད་པར་རྒྱུན་དུ་ཁྱོ་བོ་ལ་ཞེ་སྡང་སྐྱེས། ནམ་འཕྲད་པའི་ཚེ་ན་འཛིང་རྩོད་འབའ་ཞིག་བྱེད། ཁྱིམ་འཐོར་ལ་ཉེ་བ་ཞིག་བྱུང་སྟེ་སྨན་སྣ་ཚོགས་བཏུང་ཡང་ཕན་པ་ཅི་ཡང་མ་བྱུང༌། དེ་ནས་གཉིད་འབེབས་བྱས་ཏེ། ཁྱོ་བོར་ཞེ་སྡང་སྐྱེ་བའི་རྒྱུ་མཚན་དྲིས་པ་ན། སྔོན་གྱི་སྐྱེ་བ་ཞིག་ལ། ང་ལོ་དྲུག་ལོན་པའི་བྱིས་པ་ཞིག་ཡིན། དེའི་ཚེ་ད་ལྟའི་ཁྱོ་བོ་འདི་ལོ་དགུ་ལོན་པའི་ངའི་ཕུ་བོ་ཡིན། རྩེད་མོ་རྩེ་བའི་སྐབས་ཤིག་ན་ཕུ་བོས་ང་ཆུ་ནང་དུ་འཕངས་ནས་ཤི་བའི་རྒྱུ་མཚན་གྱིས་རེད་ཅེས་ཟེར། འདི་རྣམས་ཀྱིས་རང་སྟོབས་ཀྱིས་སྐྱེ་བ་སྔ་མའི་ལོ་རྒྱུས་བཤད་པ་ཁོ་ན་ལས། སྐྱེ་བ་སྔ་མ་དྲན་པར་གྱིས་ཞེས་བརྡ་གཏན་ནས་མ་བྱས། དོན་འདི་རྣམས་རང་གིས་མངོན་སུམ་དུ་མཐོང་བ་མ་གཏོགས། གཞན་གྱིས་སྨྲས་པ་ཞིག་ཡིན་ན། ཤིན་ཏུ་ཡིད་ཆེས་དཀའ་བའི་གནས་ཤིག་རེད་ཅེས་ཟེར་རོ། །དེ་བཞིན་དུ་ཨ་རིའི་གསོ་རིག་རབ་འབྱམས་པ་པོ་ལེན་ཨེན་ཝེ་ཧྲྀ། Brian L. Weissཞེས་པས་གཉིད་འབེབས་ཀྱི་ཐབས་ལ་བརྟེན་ནས་མི་མང་པོ་ལ་བརྟག་དཔྱད་བྱས་རྗེས་ཚེ་སྔ་ཕྱི་ལ་གཏིང་ནས་ཡིད་ཆེས་ཏེ་དེབ་ཀྱང་འགའ་ཞིག་བྲིས་འདུག  ཁོས་ཤཱ་མ་ཞེས་པའི་བུད་མེད་ཅིག་གི་ལོ་རྒྱུས་བྲིས་པ་འདི་ལྟར། ཤཱ་མ་ཞེས་པ་རི་མོ་བྲིས་ཏེ་ཚོང་གཉེར་མཁན་ཞིག་སྟེ་ལོ་བཞི་བཅུ་ཞེ་བཞི་རེད། མོ་ལ་ཡུན་རིང་གི་བད་ཀན་སྨུག་པོའི་ནད་ཀྱིས་ཐེབས་འདུག  དེར་གཉིད་འབེབས་བྱས་པས་མོ་ཚེ་རབས་སྔ་མ་ཞིག་ལ་ཁྱེའུ་ལོ་བཅུ་གསུམ་པ་སྐྲ་ནག་པོ་ཅན་ཞིག་ཏུ་འདུག སྐབས་དེར་གྲོང་ནང་དུ་གོ་ཁྲབ་གྱོན་པའི་རྟ་དམག་མང་པོ་ཞིག་བྱུང་སྟེ། དེ་ལས་གཅིག་གིས་ཁྱེའུ་དེའི་ལྟོ་བར་གྲི་བཙུགས་ཏེ་བསད་དོ། །ཡང་དེ་རྗེས་ཕལ་ཆེར་དུས་རབས་བཅུ་དགུ་པའི་ནང་ཞིག་ཏུ། མོ་དབྱིན་ཇིའི་ལོན་ཏོན་གྱི་སྨན་ཁང་ཞིག་གི་ནང་སྨན་གཡོག་ཡིན། ཉིན་ཞིག་མོས་ནད་ཁང་དག་ལ་བརྟག་དཔྱད་བྱེད་སྐབས་དམག་མི་ཞིག་སྨན་ཁང་དུ་བརྒྱུག་སྟེ་མོའི་བྲང་དང་ཕོ་བར་མེ་མདའ་བརྒྱབ་སྟེ་བསད་པ་དག་གསལ་པོར་དྲན། དེ་རྗེས་བད་ཀན་སྨུག་པོའི་ནད་དེ་ཇེ་ཡང་དུ་སོང་ཞེས་ཟེར་རོ། །ཡང་ཏཱ་ན་ཞེས་པའི་བུད་མེད་ཅིག་གི་མིད་པ་ན་སྟེ། རྒྱུན་དུ་སྐྲང་ཡོད་སྣང་འཆར། མིད་པ་འགགས་པ་དང་ཚད་པ་རྒྱས་པ་དང་སྐད་འཛེར་བ་བཅས་བྱུང་སྟེ་རྟག་ཏུ་མི་བདེ་བས། ཝེ་ཧྲི་ལ་ནད་སྟོན་དུ་སོང་སྟེ། གཉིད་འབེབས་བྱས་པས། མོ་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་གྱི་སྐབས་སུ་སྐྱེས་པ་ཞིག་ཏུ་གྱུར་ཚེ་ཁོས་གལ་ཆེའི་གསང་བ་ཞིག་ཤེས་ཡོད་པ་དེ་གཞན་གྱིས་ཤེས་སུ་དོགས་ནས་འགའ་ཞིག་གིས་དེའི་མིད་པར་གྲི་བསྣུན་ནས་བསད་པ་དྲན། དེ་རྗེས་མགྲིན་པའི་ནད་ཀྱང་དྲག་པར་གྱུར་ཏོ། །ཡང་སྨན་ཁང་དུ་སྨན་གཡོག་གི་བྱ་བ་སྒྲུབ་མཁན་ཨན་ནེའུ་ཞེས་པའི་བུད་མེད་ལ་དབུགས་འབྱིན་རྔུབ་དཀའ་བའི་ནད་བྱུང་སྟེ། དེ་ཡང་མོའི་ནད་དེ་སྔར་མེད་ཀྱང་གློ་བུར་དུ་བྱུང་བ་ཞིག་སྟེ། མོ་དང་ཁྱོ་བོ་གཉིས་ཧྥ་རེན་སེ་རྒྱལ་ས་ཕ་རི་སི་ལ་ལྗོངས་རྒྱུ་སྤྲོ་གསེང་དུ་ཕྱིན་ནས་དེར་འབྱོར་བ་ན་རྒྱུ་མཚན་ཅི་ཡང་མེད་པར་སེམས་ལ་དངངས་འཚུབ་ཞིག་སྐྱེས། གནའ་ཤུལ་རྣམས་ལ་ལྟད་མོ་བལྟས་པ་ན་སེམས་ཀྱི་དངངས་འཚུབ་དེ་ཇེ་ཆེར་གྱུར། ཉེ་འདབས་ཀྱི་གནའ་བོའི་སྲང་ལམ་དེ་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་སྣང་བ་ཞིག་ཀྱང་ཤར་ཏེ། གང་དུ་ལམ་ཀྱོག་ཡོད་པ་དང་གང་དུ་སྲང་བར་ཡོད་པ་ཐམས་ཅད་ཤེས་སོ། །ལམ་སྲང་གི་མཇུག་ཏུ་མདུན་ཐང་ཆུང་ངུ་ཞིག་ཡོད་པ་དེ་གློ་བུར་དུ་མཐོང་བ་ན། སྔར་མཐོང་མྱོང་བའི་ཉམས་ཤིག་བྱུང་ཞིང༌། ལོ་བརྒྱ་ཕྲག་འགའི་སྔོན་དུ་མདུན་ཐང་དེར་མོ་རང་ཀ་བ་ཞིག་ལ་བཅིངས་ནས་གསོན་སྲེག་བྱེད་མྱོང་བའི་སྣང་བ་དག་བྱུང་ངོ༌། །ཨན་ནེའུ་ཕྱིར་ཕ་ཡུལ་དུ་ལོག་རྗེས་སྐྱེ་བ་སྔ་མ་ཤེས་ཕྱིར་ཝེ་ཧྲི་བཙལ་ཏེ་གཉིད་འབེབས་བྱེད་དུ་བཅུག་པས་མེའི་རེག་པ་ཧ་ཅང་ཚ་ཞིང་ཚིག་དྲི་ཚོར་བ་དང༌། ལུས་ཀྱི་སྟེང་དུ་དུ་བ་ནག་ལྷོག་ལྷོག་འཕྱུར་ཏེ། མཐར་མོ་དུ་བས་བརྣངས་ནས་ཤི་བ་དྲན་ནོ། །ཡང་ཅུས་ཁེ་ཞེས་པའི་སྐྱེས་པ་ལོ་བཞི་བཅུ་ལོན་པ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གནམ་གྲུའི་ཁ་ལོ་པ་ཞིག་ཡོད་པ་ལ་རྒྱུ་མཚན་མི་ཤེས་པའི་དངངས་སྐྲག་གི་ནད་ཀྱིས་ཐེབས་ཏེ། ཁོང་ཉིན་རེ་བཞིན་སྔ་མོ་གནམ་གྲུའི་མགོ་ནང་དུ་ཞུགས་ཏེ་འཕུར་གྲབས་བྱེད་ཚེ་རྟག་ཏུ་གནམ་གྲུའི་གཤོག་པ་གཡས་པ་དེར་མིག་གིས་ཡང་ཡང་ལྟ། གཤོག་གཡས་ཡོད་པ་མངོན་སུམ་དུ་མཐོང་ཚེ། ད་གདོད་བག་ཕེབས་པར་འགྱུར། ཁོང་དངོས་རྫས་སྐྱེལ་འདྲེན་གྱི་གནམ་གྲུའི་ཁ་ལོ་པ་མ་བྱས་པའི་སྔ་རོལ་ཏུ་གནམ་དམག་གི་འཕུར་བསྐྱོད་པ་ཡིན་ལ། ཁ་ལོ་སྒྱུར་བ་ལ་ཤིན་ཏུ་བྱང་ཆུབ་པས་སྐྱོན་ཅུང་ཟད་ཀྱང་བྱུང་མ་མྱོང༌། འོན་ཀྱང༌། ཁོས་གཤོག་པ་གཡས་པ་དེ་ཆད་ནས་མར་ལྷུང་ཨེ་འགྲོ་སྙམ་པའི་བློ་མི་བདེ་བ་ཞིག་རྟག་ཏུ་འབྱུང༌། གཞན་ཡང་རྒྱུན་དུ་རྒྱུ་མཚན་མེད་པའི་ཞེ་སྡང་སྐྱེས། དེ་ལ་གཉིད་འབེབས་བྱས་པས་འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས་སུ་ཁོང་རང་འཇར་མན་གྱི་གནམ་དམག་འཕུར་བསྐྱོད་པ་ཡིན། གཡུལ་འགྱེད་ཚེ་ཁོའི་གནམ་གྲུའི་གཤོག་པ་གཡས་པ་ལ་གྲོགས་དམག་གི་མདའ་ཕོག་སྟེ། གཤོག་གཡས་བཅད་དེ་གནམ་གྲུ་ས་ཐོག་ཏུ་ལྷུང་སྟེ་ཁོང་ཤི་བར་གྱུར། གྲོགས་དམག་ལ་ཞེ་སྡང་སྐྱེ་བཞིན་དུ་ཤི་བས་ཚེ་འདིའི་དངངས་སྐྲག་དང་ཞེ་སྡང་གཉིས་ཀ་དེ་ལྟར་བྱུང་བ་ཤེས་ཤིང་དེའི་དབང་གིས་ནད་ཀྱང་དྲག་པར་གྱུར་ཏོ། །སྔར་བཤད་པའི་བུད་མེད་ཏཱ་ན་ཞེས་པར་མགྲིན་པའི་ནད་ཀྱིས་ཐེབས་ཤིང༌། ཆུང་ངུའི་དུས་སུ་ཕ་མ་གཉིས་ཀས་མནར་གཅོད་གཏོང་བ་ཞིག་ཡིན། དེར་གཉིད་འབེབས་བྱས་པས། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་ཞིག་ཏུ་སྐྱེས་པའི་སྐབས་དེ་དྲན་པར་གྱུར། གླིང་ཕྲན་དེ་ཕལ་ཆེར་པོ་ལི་ཉི་ཡའམ་ཤྭ་ཝེ་ཡ་གང་རུང་ཞིག་ཡིན་པ་འདྲ་ཟེར། མོ་སྐབས་དེར་ལྷ་འབེབས་མཁན་བུ་མོ་ཞིག་ཏུ་གྱུར། ལྷ་མ་དག་གི་བྱ་བ་ནི་མེ་བསྲུང་བ་དེ་ཡིན། ཉིན་ཞིག་གྲོང་མི་དག་གི་བྲོ་འཁྲབ་པ་ལ་གཡེངས་པས་མེ་འབར་ཏེ། གྲོང་ཐམས་ཅད་བརླགས། མེས་ཚིག་སྟེ་ཤི་བ་རྣམས་ཀྱི་ནང་དུ་བུད་མེད་གཅིག་འདུག་པ་དེ་ད་ལྟ་མནར་གཅོད་གཏོང་མཁན་གྱི་མོ་རང་གི་མ་དེ་རེད། ཅེས་ཟེར་རོ། །ཡང་ཧྥེ་ཁྲིན་གྱི་ཏཱེ་ཨན་ན་ཞེས་པ་ལ་བུ་མོ་ཞིག་བཙས་ཏེ། པང་དུ་བླངས་ཙམ་ནས་དེ་ལ་མི་དགའ་བའི་སེམས་ཤིག་སྐྱེས། ཆེར་སྐྱེས་པ་ན་བུ་མོ་དང་མ་གཉིས་པོ་མེ་ཆུ་སྣོད་གཅིག་ཏུ་བཞག་པ་བཞིན་མི་མཐུན་ནས་བྱ་བ་ཆུང་ངུ་དག་གི་ཆེད་དུའང་རྒྱུན་དུ་འཐབ་པར་བྱེད་དེ་ཝེ་ཧྲིའི་དྲུང་དུ་ནད་སྟོན་དུ་འོངས་པ་ལ་གཉིད་འབེབས་ཐེངས་གཉིས་བྱས་པས། རྗེས་མའི་སྐབས་སུ། བུ་མོ་དང་མ་གཉིས་སྐྱེ་བ་སྔ་མ་ཞིག་གི་ཚེ་ན། སྐྱེས་པ་ཞིག་གི་ཆེད་དུ་མིག་སེར་གྱིས་ཕན་ཚུན་དགྲར་གྱུར། སྐྱེས་པ་དེ་ནི་ད་ལྟ་ཏཱེ་ཨན་ནའི་ཁྱོ་བོ་བུ་མོའི་ཕ་དེ་ཉིད་ཡིན་པ་གསལ་བར་དྲན། འོན་ཀྱང༌། ཏཱེ་ཨན་ནས་གཏམ་དེ་འཆད་པར་རྔོ་མ་ཐོགས་ནས་བུ་མོ་ལ་ཡེ་མ་བཤད། བུ་མོ་རང་ཉིད་ཀྱང་གཞན་ཞིག་ཏུ་སོང་སྟེ་གཉིད་འབེབས་བྱས་པས། ཐ་ན་ཞིབ་ཆ་ཚུན་ཆད་ཀྱང་ཏཱེ་ཨན་ནས་དྲན་པ་དེ་དང་གཅིག་པ་ཁོ་ནར་བྱུང་ངོ༌། །ཕྱིས་ལོ་རྒྱུས་དེ་བུ་མོ་ལ་བཤད་པས་མ་དང་བུ་མོ་གཉིས་ཀྱི་མཛའ་གཅུགས་ཇེ་བཟང་དུ་སོང་ངོ༌། །དེ་ལྟར་གཉིད་འབེབས་ཀྱིས་སྲིད་པ་ཕྱིར་ཟློག་བྱས་ཚེ་སྐྱེ་བ་སྔ་མ་དེ་མི་རིགས་གང་ཡིན་ཡང་རུང་ཕལ་མོ་ཆེ་ཞིག་གིས་ད་ལྟའི་སྐད་ཀྱིས་ལན་འདེབས་པར་བྱེད། ཉུང་ཤོས་ཤིག་གིས་སྐྱེ་བ་དེའི་མི་རིགས་གང་ཡིན་པ་དེའི་སྐད་སྨྲ། གཉིད་དེ་ལས་སད་པའི་རྗེས་སུ་སྐད་དེ་དག་ཀྱང་གཏན་ནས་མི་ཤེས་སོ། །དེ་ཡང་དཔེར་ན། ཨ་རིའི་ཧྥེ་ཁྲིན་གྱི་སྨན་པK.Eཞིག་གིས༡༩༥༥ལོར་རང་གི་ཆུང་མT.Eལ་གཉིད་འབེབས་བྱས་ཏེ་སྐྱེ་བ་སྔ་མ་དྲན་པར་ཚོད་ལྟ་བྱས། གཉིད་འབེབས་བྱས་ཚེ་ཆུང་མས་སྐྱེས་པའི་སྐད་གདངས་ཀྱིས་དབྱིན་ཇིའི་སྐད་ཧ་ཅང་མ་བྱང་བ་ལྟ་བུ་ཞིག་སྨྲ་སྟེ། ཡོ་རོབ་བྱང་མའི་སྐད་གདངས་དང་འདྲ་སྙམ་བྱེད། ཁོའི་མིང་ལ་ཀྲན་ཧྲིན་ཅུས་ཁུ་པེ་ཞེས་བགྱི། མོ་སུས་ཧ་ཅ་ཞེས་པའི་གྲོང་ན་ཡོད་ཅེས་ཟེར། སྐབས་དེའི་ལོ་རྒྱུས་མང་དུ་བཤད། མཐར་ལོ་དྲུག་ཅུ་རེ་གཉིས་སྐབས་གཡུལ་འགྱེད་ཅིག་གི་དུས་ཡིན་པ་འདྲ་སྟེ། ཆུ་ནང་ནས་མགོ་བོ་རྨས་ཏེ་ཤི་བ་ཡིན་ཞེས་ཟེར། སྨན་པས་ཐེངས་བརྒྱད་གཉིད་འབེབས་ཀྱིས་ཀྲན་ཧྲན་གྱི་སྐྱེ་བ་དེ་དྲན་དུ་བཅུག  དེ་ལས་ཐེངས་འགའ་ཞིག་ཏུ་ཡོ་རོབ་བྱང་མའི་སྐད་ལ་བྱང་བའི་མི་དག་བོས་ཏེ་རང་གི་ཆུང་མས་ཅི་ཟེར་མཉན་དུ་བཅུག  ཧྥེ་ཁྲིན་གྱི་སུའོ་ཏེནSwedenགྱི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་མགོ་གཙོ་སྔོན་མ་རབ་འབྱམས་པ་ཧྲ་ལུན་N.G.Sanlinཡང་མཉན་མཁན་དག་གི་ཁྲོད་ན་ཡོད། ཐམས་ཅད་ཀྱིས་སྐད་དེ་སུའེ་ཏེན་གྱི་གནའ་སྐད་དུ་ངོས་འཛིན་བྱས། ཧྲ་ལུན་གྱིས་སུའེ་ཏེན་དངོས་མང་བཤམས་སྟོན་ཁང་ནས་གནའ་རྫས་དང་རི་མོ་འགའ་གཡར་ཏེ། བུད་མེད་དེ་ཀྲན་ཧྲིན་དུ་གྱུར་རྗེས་ངོས་འཛིན་བྱེད་དུ་བཅུག་རྗེས་ཧྲ་ལུན་ན་རེ། ཀྲན་ཧྲིན་ལ་དེང་རབས་སུའེ་ཏེན་གྱི་དངོས་རྫས་ལ་ཆ་རྒྱུས་ཡེ་མི་འདུག  འོན་ཀྱང༌། དུས་རབས་བཅུ་བདུན་པའི་སྐོར་གྱི་དངོས་རྫས་རྣམས་ནི་འཕྲལ་དུ་ངོ་ཤེས་པར་མངོན། ཞེས་ཟེར་རོ། །དེ་རྗེས་ཡང་གཉིད་འབེབས་སྐབས་སུ་པར་དུ་བླངས་པའི་སྒྲ་བསྐྱར་པར་བྱས་ཏེ། སུའེ་ཏེན་གྱི་སྐད་རིགས་ལ་མཁས་པའི་མི་བཅུ་ལ་མཉན་དུ་བཅུག་པས་ཁོང་ཚོ་ན་རེ། ཀྲན་ཧྲིན་ཞེས་པ་འདི་དུས་རབས་བཅུ་བདུན་པར་སུའེ་ཏེན་གྱི་ལྷོ་ནུབ་ས་ཁུལ་ནོར་ཝེའིNoraWayམཐའ་མཚམས་དང་ཉེ་བའི་ཞིང་པ་ཞིག་རེད་འདུག་ཟེར་རོ། །དེ་རྗེས་ཧྲི་ཐུས་ཝེན་ཧྲིན་གྱིས་ལོ་དྲུག་ཙམ་ལ་སྨན་པའི་ཆུང་མ་དེའི་ལོ་རྒྱུས་ལ་རྩད་གཅོད་བྱས་པས། མོ་ཡོ་རོབ་བྱང་མའི་སྐད་ལ་ཆ་རྒྱུས་ཅུང་ཟད་ཀྱང་མི་འདུག་ན། དུས་རབས་བཅུ་བདུན་པའི་ཞིང་པའི་སྐད་ལ་ནི་དེ་བས་ཀྱང་ལྟ་ཅི་སྨོས་ཞེས་ཟེར་རོ། །ལོ་རྒྱུས་འདི་དག་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་སྔ་ནས་ཀྱིས། དགེ་སློང་དག འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་དེ་ནི་ད་ལྟ་འདི་ཡིན་ནོ། །བུད་མེད་དེ་ནི་ད་ལྟ་འདི་ཞེས་བགྱི་བ་ཡིན་ནོ། །ཁྱེའུ་དང་བུ་མོ་དེ་ནི་འདི་དང་འདི་དག་ཡིན་ནོ། །ཞེས་ཡང་ཡང་གསུངས་པ་ཇི་ལྟ་བ་བཞིན་དུ་བྱུང་འདུག་གོ །འོ་ན། ཅིའི་ཕྱིར་གཉིད་འབེབས་ཀྱི་ཐབས་འདིས་སྐྱེ་བ་སྔ་མ་དྲན་དུ་འཇུག་ནུས་པ་ཡིན་ཞེ་ན། ཁ་ཅིག་ན་རེ། སྔོན་ཉམས་སུ་མྱོང་བའི་དོན་ཐམས་ཅད་ཀྱིས་ཀླད་པའི་ནང་དུ་རྗེས་ཤུལ་བཞག་པ་རྣམས་ཀྱི་དབང་གིས་བྱུང་བ་ཡིན་ཟེར། དེ་མི་འཐད་དེ། དེ་ལྟ་ན་ཚེ་འདི་ཁོ་ན་ཙམ་ལས་སྐྱེ་བ་སྔ་མ་རྣམས་དྲན་པར་མི་འགྱུར་རོ། །དེས་ན་ཐོག་མ་མེད་པའི་དུས་ནས་ལས་གང་བྱས་ཀྱི་བག་ཆགས་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པ་འདིའི་སྟེང་དུ་བསགས་ཏེ་ཡོད། དེའི་ཕྱིར་ན་ས་བོན་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ། བག་ཆགས་དེ་དག་ད་ལྟ་རྐྱེན་གྱིས་བསླངས་པའི་ཚེ་ན་སད་ནས་དྲན་འོང་བ་ཡིན་ནོ། །ཐབས་འདི་ནི་རང་རེའི་མངོན་པའི་གཞུང་ནས་གསུངས་པའི་སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་སྒྲུབ་ཚུལ་གྱི་རྣམ་གནས་ཡིད་བྱེད་དེ་དང་ཕྱོགས་མཚུངས་ཡིན་ཏེ། དེར་ཡང་འདོད་ཁམས་ཀྱི་སེམས་རགས་པ་དང་འབྲལ་དུ་བཅུག་སྟེ། བསམ་གཏན་དངོས་གཞིའི་སེམས་ཞི་བ་དེའི་སྟེང་དུ་སོང་སྟེ། ད་ལྟའི་སེམས་འདིའི་མཚམས་ནས་རིམ་པ་བཞིན་ཕྱིར་བཟློགས་ནས་ཡར་དེད་པས་མཐར་བཙའ་བའི་གནས་སྐབས་ཀྱི་སེམས་དྲན་ཞིང༌། ད་དུང་ཡར་དེད་པས་བར་དོའི་གནས་སྐབས་ཀྱི་སེམས་དྲན་པ་སོགས་ཀྱིས་མངོན་ཤེས་འགྲུབ་པ་ཡིན་ལ། འདིར་ཡང་སད་པའི་གནས་སྐབས་ཀྱི་རྣམ་རྟོག་རགས་པ་དེ་དག་ཅུང་ཟད་ཞི་བར་གྱུར་བའི་གཉིད་མ་སད་ཀྱི་གནས་སྐབས་དེའི་སྟེང་ནས་ཕྱིར་བཟློགས་བྱས་པས་རིམ་བཞིན་དྲན་འོང་བའི་ཕྱིར་རོ། །འོན་ཀྱང་འདི་གཉིས་ཀྱི་རྟེན་ཞི་གནས་ཡིན་མིན་དང་ཟབ་མི་ཟབ་དང༌། དྲན་པ་རང་གི་ངོ་བོ་ལ་བརྟན་མི་བརྟན་སོགས་བཟང་ངན་གྱི་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། །སྤྱིར་རྣམ་རྟོག་རགས་པ་འདིའི་ཐོག་ནས་ཐེག་ཆེན་ཐབས་ལ་མཁས་པ་རྣམས་ལས་གཞན་ཀྱིས་ཡོན་ཏན་འཐོབ་དཀའ་ལ། རྣམ་རྟོག་རགས་པ་འདི་ཅི་རིགས་པ་བྲལ་ན་སེམས་ལ་ལྷན་སྐྱེས་སུ་འབྱུང་རུང་དུ་ཡོད་པའི་ཡོན་ཏན་ཆེ་ཆུང་སྣ་ཚོགས་ཤིག་མངོན་དུ་གྱུར་འོང་བ་ནི་སྒྲིབ་གཡོགས་དང་བྲལ་བས་སེམས་ཀྱི་ནུས་པ་རྣམས་ཇེ་མངོན་དུ་སོང་བ་ཡིན། དེའི་ཕྱིར་རྣལ་འབྱོར་པ་དག་གིས་བསམ་གཏན་དང་གཉིད་འཐུག་དང་རྨི་ལམ་གྱི་ཉམས་ལེན་དག་ལ་ལྷག་པར་འབད་པའི་རྒྱུ་མཚན་ཡང་དེ་རང་ཡིན་ནོ། །རྨི་ལམ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་དྲན་པ་དང་དྲན་པར་བྱེད་པའི་སྒྲུབ་ཐབས་རྣམས་ནི་རང་རེའི་གཞུང་རྣམས་ནས་ཀྱང་གསུངས། ཆེ་ཚང་སངས་རྒྱས་ཡེ་ཤེས་ཀྱིས་རྨི་ལམ་དུ་དྲན་པའི་སྐྱེ་རབས་བྲིས་འདུག་པར་ཆགས་མེད་རིན་པོ་ཆེས་གསུངས་ཤིང༌། དེ་རང་ཉིད་ཀྱིས་ཀྱང་རྨི་ལམ་ན་སྐྱེ་བ་སྔ་མ་དྲན་ཚུལ་དེའི་རྣམ་ཐར་ན་གསལ་ལོ། །རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པའི་ཞལ་ནས་ཀྱང༌། ལུང་སྟོན་པའང་ཕྱི་མའི་ལུང་སྟོན་འགའ་རེ་བདེན་པར་སྣང་ཡང་ཕལ་མོ་ཆེ་ངེས་པ་མིན་ལ། སྔ་མ་ཡིན་ན་རྨི་ལམ་གྱི་གནད་གཞན་འགའ་ཞིག་དང༌། རླུང་གི་བྱེད་པའི་གནད་འགའ་ཞིག་ལ་བརྟེན་པས་མི་འཁྲུལ་བར་བྱ་བའི་ཐབས་འགའ་ཞིག་ཡོད་པར་སྣང་ངོ༌། །ཞེས་རྨི་ལམ་ལ་བརྟེན་ནས་སྐྱེ་བ་སྔ་མ་མི་འཁྲུལ་བར་ལུང་སྟོན་ཚུལ་ཡོད་པར་གསུངས་སོ། །འོན་ཀྱང༌། རྨི་ལམ་སྤྲུལ་བ་དང༌། བསྒྱུར་བ། འོད་གསལ་དུ་སྦ་བ་སོགས་ནི་གཞན་དག་ལ་ཕྱོགས་ཙམ་ཡང་མ་གྲགས་པའི་གཏམ་སྟེ། དེང་རབས་སེམས་ཁམས་པས་ཆེས་གསར་དུ་རྙེད་པའི་རིགས་པ་འདི་དག་ཀྱང་རང་རེའི་རྨི་ལམ་གྱི་ཉམས་ལེན་ལ་ལྟོས་ན་ད་དུང་དཔག་ཚད་སྟོང་གི་རྗེས་སུ་ལུས་ནས་འདུག་པ་ཤེས་པར་བྱའོ། །གཞན་ཡང་ཇོ་བོ་རྗེ་ནས་བརྒྱུད་པའི་རྨི་ལམ་ལ་བརྟེན་ནས་སྐྱེ་བ་སྔ་མ་དྲན་པའི་སྒྲུབ་ཐབས་ཡོད་ལ། སྒྲུབ་ཐབས་དེ་ལ་བརྟེན་ནས་བར་སྲིད་ཀྱི་སེམས་ཅན་དག་དང་ངོ་འཕྲད་པའང་བྱ་ནུས་ཏེ། གུ་རུ་ཉི་ཟླ་འོད་ཟེར་གྱིས་སྒྲུབ་ཐབས་དེ་ལ་བརྟེན་ནས་རང་གི་ནུ་བོ་རྡོ་རྗེ་རྒྱལ་མཚན་ཞེས་པ་དེའི་བར་སྲིད་དང་འཕྲད་ཚུལ་ཞིབ་རྒྱས་ཤིག་གསུངས་འདུག་པ་འདིར་ཆ་ཚང་དགོད་པར་བྱ་སྟེ། རྨི་ལམ་བར་དོ་ཐོས་གྲོལ་གྱི་ཆེ་སྐྱེད་ལས། ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཕག་ལོའི་དགུན་ཟླ་འབྲིང་པོའི་བྱི་བའི་ཟླ་བ་ལ་ཀླས་ལ་དགོན་པར་གཅིག་པུར་མཚམས་ལ་བསྡད་པའི་ཚེ། དེ་ལོར་རྩི་དཀར་དུ་དམར་བཤལ་གྱི་རིམས་ཆེན་པོ་བྱུང་ནས་མི་ཉི་ཤུ་ཙམ་ཤི་བརྒྱ་ཙམ་ན་ནས་དྲག  དེའི་དུས་སུ་རང་གི་ནུ་བོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། ལོ་སུམ་ཅུ་རྩ་གཉིས་ལོན་པ་ཞིག་ཡོད་པ་དེ་ཕ་བུ་གཉིས་ཀྱང་ཤི་ནས་ཟླ་བ་གསུམ་ཙམ་སོང༌། དེའི་ཚེ་གཅིག་པུར་སྡོད་དུས་ནུ་བོ་ཤི་བ་དྲན་པ་དང་སྐྱོ་བ་སྐྱེས་ནས། དེ་རྣམས་གར་སྐྱེས་སྙམ་ནས། ཇོ་བོ་རྗེ་ནས་བརྒྱུད་པའི་སྐྱེ་དྲན་གྱི་སྒྲུབ་པ་རྨི་ལམ་སྒྲུབ་པ་ཅིག་ཡོད་པ་དེ་སྔོན་གོང་ནས་བསྙེན་པ་ཐེམས་ནས་ཡོད་པ་དེ་ནུབ་ནུ་བོ་ལ་དམིགས་ནས་གར་སྐྱེས་བལྟས་པས། ཉི་ཤུ་གཉིས་ཀྱི་ཐོ་རངས་ཁར། ཀླས་ལ་དགོན་པར་ཉལ་བའི་རྨི་ལམ་དུ་ཆུ་ཆེན་ལ་བརྒལ་ནས་ཕྱིན་པས། ཆབ་ནག་གི་ནགས་གསེབ་ཅིག་ཏུ་མི་བསམ་གྱིས་མི་ཁྱབ་པ་མང་པོ་འཚོགས་ནས་གྲོས་རུབ་རུབ་བྱེད་པའི་རྩར་ཕྱིན་པ་དང༌། ཨ་མ་མོ་སྔར་བས་གཞོན་པར་བྱས་ནས་བྱུང་སྟེ། རྟོགས་ལྡན་དང༌། རྡོ་རྗེ་སྲི་ཐར་དང༌། ང་རང་དང་གསུམ་ག་འདུས་པ་ལ་འབོད་ནས། ཁྱེད་རང་གསུམ་ག་ཆབ་ནག་འདི་རུ་མ་བསྡད་པར་ཆབ་དཀར་དུ་ཕྱིན་པ་དྲག  ད་ང་མགྱོགས་པར་རྩི་དཀར་དུ་འགྲོ་དགོས་པ་ཡོད། ད་ཞག་རྩི་དཀར་དུ་རྐུན་མ་མང་པོ་བྱུང་ནས་ར་ལུག་དང་སེམས་ཅན་ཆེ་ཆུང་ཉི་ཤུ་ཙམ་རྐུ་ཤོར་ཟེར། ཉི་ཟླ་ཁྱེད་དང་རྡོ་རྗེ་སྲི་ཐར་གཉིས་སྔོན་ལ་འདོང༌། རྟོགས་ལྡན་ཁྱོད་རང་རྟིང་ནས་ཤོག  ཁྱེད་གསུམ་ཆབ་ནག་ཏུ་ལུས་འདུག་པས། ཨ་མ་བསུ་བ་ལ་ཕྱིན་པ་ཡིན། ཨ་མ་ད་ཞག་རྡོ་རྗེ་རྒྱལ་མཚན་སྡུག་པ་ལ། དགྲ་ཡོད་དོགས་པས་བྱ་ར་ལྟ་བར་ཕྱིན་པ་ཡིན། དེའི་ཤུལ་དུ་ཁྱིམ་དུ་རྐུན་མ་ཡོད་ཀྱིས་དོགས་ད་ཨ་མ་ཐད་ཀར་རབ་འདི་འབོགས་ནས། རྩི་དཀར་དུ་སྔོན་ལ་བརྒྱུགས་ནས་འགྲོ་རིང་ཡོད། ཁྱིམ་དུ་བོར་སྟོར་ཨེ་བྱུང་ལྟ་བ་དང༌། ཨ་རྟ་ཤུལ་དུ་བསྲུངས་ཡོད་པས། གོ་ཆོད་པར་ཨེ་སྣང་ལྟ་འགྲོ། རྗོ་རྗེ་རྒྱལ་མཚན་སྡུག་གེ་ཡང་གནས་ཁང་བཟང་པོ་དཀོན་དྲགས་ནས་ད་རུང་མ་རྙེད་པར་འདུག  སྡིག་ཅན་གྱི་ཁྱིམ་དུ་ནི་ངས་མ་བཏང༌། བཤེས་གཉེན་མཁན་པོའི་ཁྱིམ་གཙང་མ་གཅིག་མ་རྙེད་རིང་ལ་བསྒུགས་བྱས་ཡོད། ད་ལྟ་ཁྱེད་གཉིས་དང་འཕྲད་པར་ཡོད། འཕྲད་བྱུང་ན་ལབ་ལབ་ཀྱིས། ཁོ་ཡང་སྐད་ངན་འགའ་རེ་བཤད་འདུག་སྟེ། ཨ་མས་སེམས་གསོ་བྱས་ཡོད། ད་ང་ཁྱིམ་དུ་འགྲོ་རིང་རྐུན་མའང་ཨེ་བྱུང་ཆ་མེད། ཁྱེད་རང་གཉིས་པོ་ཁོ་སྡུག་པ་བྱུང་ན་ཁྲིད་ལ་གྲེ་ཤ་གདོང་གི་རབ་བརྒལ་རྩི་དཀར་དུ་ཤོག་ཅིག་ཟེར་ནས། ཨ་མ་སྔོན་ལ་སྲིབ་ཆབ་གདོང་འདྲ་བ་གཅིག་ནས་ཆུ་ལ་རབ་ནས་སོང༌། དེ་མ་ཐག་ཏུ་ཕྱི་དེ་ཚུར་ལ། རྡོ་རྗེ་རྒྱལ་མཚན་གྱིས་ཤིང་ཁུར་ཆེན་པོ་གཅིག་ཁུར་ནས་ཡུད་དེ་ཡུད་དེ་ལག་པས་འགྲམ་པ་བསྐྱོར་ནས། སྐྱོ་སྐྱོ་འདྲ་བ་གཅིག་བྱས་ནས། གླུ་འདྲ་བ་སྐྱོ་ཤས་རིང་པོ་གཅིག་འཐེན་ཞིང་འོང་འདུག་དེ་ལ་ངེད་གཉིས་བསྒུགས་པའི་རྩར་བྱུང་བ་དང༌། དེར་ངས་ཁྱོད་གར་ཕྱིན། ཁྱོད་ཤི་བ་ཡིན་བསམ་ཙ་མ་ཤི་བ་སླེབ་བྱུང༌། ད་ཁྱིམ་དུ་ལོག་འདོད། ཆབ་དཀར་དུ་འགྲོ་བས་དགའ་བྱས་པས། ད་རུང་ཡིད་མ་ཆེས་པས། སྙིང་མི་དགའ་ཞིང་ཁོ་ལ་སྙིང་རྗེ་ཚད་མེད་པ་བྱུང་ཞིང༌། ངེས་པར་གསོན་པོ་འཕྲད་པ་ནི་ཨེ་ཡིན་བསམ་པ་དང༌། ཁོས་ན་རེ། ང་མ་ཕྱིན་ས་ཆ་མེད། ང་ལ་རོགས་འབུམ་ཚོ་བཅུ་བདུན་ཡོད་པ་དེ་རྣམས་ཐམས་ཅད་དོང་ཆེན་པོ་གཅིག་གི་མཐིལ་དུ་ཆ་གཉིས་པོ་སོང༌། ཆ་གཅིག་ཤུལ་དུ་ཡོད་པ་དེ། ལ་ལ་ནི་ཆར་རླུང་ལ་ཞེད་ནས་ནགས་གསེབ་ཏུ་སོང༌། ལ་ལ་ནི་ས་ཕུག་དང་གད་ཁུང་དུ་གབ་སོང༌། ང་དང་གཞན་འགའ་ཁྱེད་ལ་བར་དོ་ཐོས་གྲོལ་གྱི་དབང་ཞུས་པའི་རྩི་དཀར་བ་གྲོང་པ་འགའ་ཞིག་འཛོམས་བྱུང་བ་རྣམས་ནི། ང་རང་གི་ཨ་མས་གོས་ཀྱི་སྐྱོར་བས་སེར་དྲག་དང༌། ཆར་རླུང་དང༌། རླུང་འཚུབས་བྱུང་ཡང་སྡུག་པོ་མ་བྱུང༌། དོང་མོ་ཆེའི་ནང་དུའང་མ་སོང༌། ཨ་ཁུ་ཁམས་པ་ལུས་ཁོ་ནི། རྩི་དཀར་བས་ཚོས་ཁུར་རེ་ལ་བཏང་མ་ཉན་པས། དོང་མོ་ཆེར་ཁྲིད་སོང༌། ད་ཙམ་གེགས་ལ་ཐུག་ཚོད་ཡོད། དེ་ནས་ཨ་དོར་དང་ཉོས་བཙུན་གཉིས་དང་མཉམ་པོར་བྱུང་བས། ཨ་དོར་ནི་བླ་མ་ཉི་ཟླས་ང་རང་སླེབས་བྱུང་སྟེ། སྡིག་པོ་ཆེའི་ཁྱིམ་དུ་མ་འགྲོ་གྲིབ་འོང་ཟེར་ཀྱང་བཤེས་གཉེན་མཁན་པོའི་ཁྱིམ་གཙང་མ་མི་ཚེ་འདི་ལ་རྙེད་པར་ནི་མི་སྣང༌། ད་ནི་གཉུག་བུད། འདུག་ཡུན་རིང་ན་དོང་མོ་ཆེའི་མཐིལ་དུ་འཐེན་ཉེན་སྣང༌། དེ་སྔོན་ཁྱོད་དང་མཉམ་པོར་ཕྱིན་པས་ཕན་པ་ཡིན། ད་ང་རང་སྡིག་ཅན་ཡིན་ཡང་ཡིན། རྩོག་པ་སྣང་ཡང་མི་གཅིག་གི་ཁྱིམ་དུ་གནས་ཁང་གཡོར་བས་དགའ་ཟེར་ནས་སོང༌། དུད་འགྲོ་ཡི་དྭགས་དམྱལ་བ་གསུམ་ལ་མ་སོང༌། སྡིག་ཅན་གཅིག་གི་ཁྱིམ་དུ་ད་ཙམ་སླེབ་ཚོད་ཡིན་ཟེར་ནས། ཡང་གཏམ་བཤད་འཕྲོ་ལ་སྐྱོ་ཤས་ལྷང་ལྷང་འཐེན་ཞིང་འགྲོ་ཆས་བྱེད་འདུག་གོ །ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན། །རྩོག་རྩོག་སྡིག་ཅན་ཁྱིམ་རེ་རྩོག །ཅེས་སྐྱོ་ཤས་ལྷང་ལྷང་འཐེན་ཞིང༌། ལག་པས་འགྲམ་པ་བསྐྱོར་ནས། ཡང་ཤིང་ཁུར་དེ་ཁུར་ནས་ཡུད་དེ་ཡུད་དེ་འཕྲང་ལ་འགྲོ་ཞིང་འདུག་གོ །ཡང་ངས་བོས་ནས། ཁོ་རེ་སྡོད་དོ་བྱས་ནས་ཡང་དྲིས་པས། འོ་ན་ད་ལོ་རྩི་དཀར་ཤི་བ་རྣམས་དང་འཕྲད་དམ། སུ་དང་འཕྲད། མཉམ་པོར་འགྲོ་རྒྱུ་བྱུང་ངམ། ད་ཁོང་ཚོ་གར་སོང་དྲིས་པས། ཡང་ཁོ་ན་རེ། ད་ལོ་རྩི་དཀར་བ་མང་པོ་དང་འཕྲད་རྒྱུ་བྱུང་སྟེ། ལ་ལ་ནི་ཡུད་ཙམ་ནས་བྲལ་སོང༌། ལ་ལ་ནི་ཉིན་རེ་ཙམ་མཉམ་པོར་བྱུང༌། ཁྱེད་ལ་དབང་ཞུས་པའི་མི་བཞི་ལྔ་ཞིག་དང་ཞག་པོ་བཅུ་ཙམ་མཉམ་པོར་བྱུང༌། ཉོས་བཙུན་མ་ནི་རི་གཅིག་ལ་འཛེགས་སོང༌། སྐྱིད་སྡུག་ནི་ཇི་འདྲ་བྱུང་ཆ་མེད། གཞན་ཐམས་ཅད་ཀྱང་གློ་བུར་དུ་གར་སོང་ཆ་མེད་པར་གཅིག་ཟག་གཉིས་ཟག་ལ་སོང༌། ཡིན་ཡང་བར་དོའི་ཆོས་དང་དེའི་ནང་ནས་ཀྱང་བར་དོ་ཐོས་གྲོལ་འདི་གསོན་པོའི་དུས་སུ་རྣ་ཡིད་ལ་ཡོད་དགོས་པར་སྣང༌། ངེད་འགའ་ཡར་གཅིག་བར་དོ་ཐོས་གྲོལ་རྣ་བར་ཚོར་བ་རྣམས་གནས་བཟང་ངན་འདེམ་ཤེས། བར་དོའི་སྨོན་ལམ་རྣམས་གྲབ་གཅིག་ཏུ་བསྒྲིགས་ནས་འཐེན་པས། མི་འབུམ་ཚོ་མང་པོ་ངུ་སྒྲ་ཏིར་གྱིས་བྱུང༌། ཁྱེད་རྣམས་ཅི་ལ་ངུ་བ་ཡིན་བྱས་པས། ཁྱེད་རྣམ་པ་དེ་རེ་དགའ། དེ་འདྲའི་སྨོན་ལམ་གཉན་པོ་ཤེས་པས་གནས་ཁང་འདམ་ཤེས། ཁ་འཆམས་ཤིང་མཉམ་པོར་འགྲོགས་རྒྱུ་འདུག་པས་ཁྱེད་རྣམས་ལ་སྨོན་པ་ཡིན། ངེད་རྣམས་ནི་ཡི་མུག་སྐྱེས་ནས་ངུ་བ་ཡིན། ཁྱེད་ཀྱི་ཆོས་དེ་ངེད་ལ་ཤོད་ཟེར་བས། ངེད་བར་དོ་ཐོས་གྲོལ་མགོ་མཇུག་ཚང་ལ་ཁད་པ་ཙམ་མི་དེ་རྣམས་ལ་བཤད་རྒྱུུ་བྱུང་བས། མི་དེ་ཀུན་ན་རེ། ཁྱེད་ཀུན་ཆོས་ཉིད་བར་དོའི་དུས་སུ་འོད་ལམ་ལེགས་པོ་དེ་འདྲ་བ་གཅིག་ལ་མི་འགྲོ་བ། ད་རུང་འདི་ལ་བསྡད་པ་ཅི་ཡིན་ཟེར་ནས། ངས་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་ཟིལ་ཆེ་དྲགས་པས་བརྒྱལ་འཁོར་ཡུག་ཏུ་སོང༌། འོད་ལམ་དང་གནས་ལུགས་ཀྱང་མི་སྣང༌། ངས་གསོན་པོའི་དུས་སུ་བར་དོའི་ངོ་སྤྲོད་ལན་གཉིས་ཐོབ་པས་ཆོས་ཉིད་བར་དོ་ངོས་ཟིན་ལ་ཁད་ཁད་ལ་ཡང་ཡལ་ནས་འགྲོ་འདུག་ལན་གསུམ་ཐོབ་ན་ངོས་ཟིན་འདུག་སྟེ། ལན་གཉིས་པས་མ་ཐོབ་པས། ད་རུང་ངོས་མ་ཟིན་པ་ཡིན། ལར་ཡང་ད་རུང་བཤེས་གཉེན་མཁན་པོའི་བུ་གཅིག་ཏུ་སྐྱེས་ན་དགའ་བས། གནས་བཟང་པོ་གཅིག་ཏུ་བསྒུགས་པ་ཡིན་ཏེ། དཀོན་དྲགས་པས་མ་རྙེད་ཟེར་ནས་ཡང་ལབ་པའི་འཕྲོ་ལ། ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན༑ ༑རྩོག་རྩོག་སྡིག་ཅན་ཁྱིམ་རེ་རྩོག །མང་མང་ངན་སོང་མངལ་སྒོ་མང༌། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཞེས་ལྷང་ལྷང་འདོན་ཞིང༌། ཡང་ཤིང་ཁུར་དེ་ཁུར་ནས་འཕྲང་དེ་ལ་ཡུད་དེ་ཡུད་དེ་འགྲོ་ཞིང་སྣང་བ་དང༌། ཡང་ངས་བརྒྱུགས་ནས་བོས་ཏེ། བཟུང་ནས་དྲིས་པས། ཁོ་རེ་ཁྱོད་དེ་འདྲ་རང་སྐྱོ་མི་དགོས། ངས་ཁྱོད་ལ་སྡུག་བསྔལ་མི་བཅུག་པ་བྱེད། ཁྱོད་ཀྱིས་བར་དོའི་མི་ཐམས་ཅད་ལ་འཕྲིན་གྱིས། རྩི་དཀར་ཀླས་ལ་དགོན་པ་ཟེར་བ་གཅིག་ན། དམ་པ་ཉི་ཟླ་འོད་ཟེར་ཟེར་བ་གཅིག་ཡོད་པ་དེས་ནང་གི་རིགས་ལ་བར་དོ་ཐོས་གྲོལ་དང་བཏགས་གྲོལ་འདོན་ཞིང་ཡོད་དོ། །ཉན་པ་ལ་ཨེ་འོང་འཕྲིན་གྱིས་ལ་ཁྲིད་ཤོག ངས་ནངས་རེ་བཞིན་མ་ཆགས་པར་ཐོས་གྲོལ་དང་བཏགས་གྲོལ་འདོན། བརྒྱ་རྩ་དང་ཆུ་གཏོར་བར་དོ་ཆུ་སྦྱིན་དང༌། བསྔོ་བ་སྨོན་ལམ་བཏབ་ཅིང་ཡོད་བྱས་པས། ཁོ་ན་རེ། ངེད་རང་རྩི་དཀར་བའི་མི་ཕལ་ཆེར་ནི་གནས་ཁང་བཟང་པོ་རེ་རྙེད་ཚོད་ཡོད། ཞག་འགའ་ནས་གྱེས་སོང༌། མངལ་སྒོ་བདམ་ཤེས་པས་མི་ལུས་རེ་ཐོབ་ཚོད་ཡོད། བར་དོའི་མི་ཐམས་ཅད་ཀྱིས་ཁྱེད་རྩི་དཀར་བའི་མི་རྣམས་རེ་དགའ་བ་ལ། བར་དོའི་ལམ་ལ་འགྲོ་ལུགས་ཀྱིས་ཆོས་བཤད་མཁན་གཅིག་ཡོད་པར་འདུག་གོ །མངལ་སྒོ་བདམ་ཤེས་པར་སྣང༌། རེ་དགའ་ཟེར་ནས་སྨོན་པ་བྱེད་སྣང༌། ངས་རྩི་དཀར་བའི་མི་མང་དུ་ཡོད་པ་དེ་རྣམས་ཁ་ཁ་ནས་གནས་ཁང་མ་རྙེད་ཀྱི་བར་དུ་འགྲོ་མགོན་བྱས་ཤིང་གྲ་སྡེབ་ཏུ་བར་དོ་སྨོན་ལམ་འཇིགས་སྐྱོབ་མ་དང༌། འཕྲང་སྒྲོལ་དང༌། མར་མེའི་སྨོན་ལམ་བཏབ། ཁྱེད་ཀྱིས་ནངས་པར་བར་དོའི་སྨོན་ལམ་བཏབ་པ་ཚོར་བས་དགའ་ཚོར་ཚད་མེད་པ་བྱུང་སྟེ། ང་རང་གི་མི་ལུས་གཅིག་ལེན་པ་ལ་དགའ་བས་ད་རུང་འདིར་བསྒུགས་པ་ཡིན། ངེད་རྣམས་ཀྱིས་སྨོན་ལམ་དི་རི་རི་བཏབ་པ་དང༌། དེའི་ཕན་ཡོན་བར་དོའི་སེམས་ཅན་རྣམས་ཉུང་ཕྱམ་ཕྱམ་འགྲོ་འདུག  མངལ་སྒོ་བཟང་པོ་རེ་རྙེད་པ་འདྲ། བར་དོའི་སྐབས་སུ་མི་རིགས་མི་འདྲ་བ་འབུམ་ཚོ་དུང་ཕྱུར་ཙམ་འཚོགས་ཀྱང༌། དེ་རྣམས་ཀྱི་ནང་ནས། ང་དང་བོད་ཀྱི་སྔགས་པ་གསུམ་དབང་ཆེར་བྱུང༌། ཁོང་གསུམ་ནི་སྐྱེ་གནས་ཀྱི་དུས་ཞི་ཁྲོའི་ཐོས་གྲོལ་ཡི་དམ་ཡུན་རིང་དུ་བྱས་པ་ཡིན་ཟེར། གསང་སྔགས་ཀྱི་དབང་མང་པོ་ཐོབ་པའི་ཕན་ཡོན་རེད་བསམ་པ་བྱུང༌། གནས་ཁང་གཙང་མ་ནི་བར་དོའི་སྐབས་ན་དཔེར་ན་མི་ཡུལ་དུ་ཡིད་བཞིན་ནོར་བུའི་གླིང་དེ་སྨོན་པས་ཀྱང་ས་སྟེང་ན་མི་རྙེད་པ་ཙམ་དུ་དཀོན་པར་འདུག  གནས་ཁང་མི་གཙང་བ་ནི་གྲོག་ཚང་ཁ་ཕྱེས་པ་བཞིན་མོད་པར་སྣང༌། ངས་ནི་ད་རུང་གནས་ཁང་མ་རྙེད། ང་ལ་རོགས་འབུམ་ཚོ་བདུན་ཡོད་པ་ཟླ་བ་གཅིག་ནས་གྱེས་སོང༌། གོང་གི་མི་ལྔ་བརྒྱ་གྲོས་བྱེད་པ་ཡོད་པ་དེ་ལུས་པ་ཡིན། དེ་ཀུན་ཞག་གསུམ་ལ་གནས་ཁང་རེ་རྙེད་ནས་གྱེས་འགྲོ་བར་སྣང༌། ཡང་ཟླ་བ་རེ་ལ། ངོ་ཤེས་མི་ཤེས་མེད་པ་འབུམ་ཚོ་ས་ཡ་དུང་ཕྱུར་ཙམ་བརྗོད་ལས་འདས་པ་འདུ་ནའང༌། ཟླ་བ་རེ་ལ་མི་སྔ་མ་རྣམས་གྱེས། ཕྱི་མ་རྣམས་འཚོགས་འདུག  རྩི་དཀར་བའི་མི་རྣམས་ང་མིན་པ། གཞན་ཐམས་ཅད་འགྲོ་ས་རེ་རྙེད་ནས་གྱེས་སོང༌། ང་ལ་ཨ་མས་སྡིག་ཅན་གྱི་ཁྱིམ་ལ་མ་འགྲོ་གྲིབ་འོང༌། བཤེས་གཉེན་མཁན་པོའི་ཁྱིམ་གཙང་མ་གཅིག་མ་རྙེད་རིང་ལ་སྒུགས་ཟེར། ངས་ཨ་མ་ཁྱོད་བསམ་བློ་མི་གཏོང་བར་གནས་ཁང་གཙང་མ་སྒུག་རིང་ལ་དོང་མོ་ཆེའི་མཐིལ་དུ་འཐེན་ན་གང་ཙུག་བྱེད། ཞག་རེ་ལ་མི་བསམ་གྱིས་མི་ཁྱབ་པ་ཁྲིད་ནས་དོང་མོ་ཆེར་འགྲོ་བར་སྣང༌། ང་ཡང་ཁྲིད་བྱེད་བྱུང་ན་ཅི་ཙུག་བྱེད་བྱས་པས། ཨ་མས་གནས་ཁང་གཙང་མ་མ་རྙེད་རིང་ལ་དོང་མོ་ཆེའི་མཐིལ་དུ་མི་གཏོང་བའི་རོགས་བྱེད་ཟེར། ཉི་ཟླས་ཀྱང་སྨོན་ལམ་བཏབ་ཡོད་ཁྱོད་རང་ཨའུ་ཙི། ད་རུང་གཉུག་མ་བུད་ཟེར་བྱུང་སྟེ། ད་ནི་གཉུག་བུད་པ་ལ་ཟེར་ནས། ཡང་འཇིགས་འཇིགས་དོང་མོ་ཆེ་རེ་འཇིགས། །སྐྱོ་སྐྱོ་བར་དོའི་འཕྲང་རེ་སྐྱོ། །ལྕི་ལྕི་ཤིང་ཁུར་འདི་རེ་ལྕི། །བུད་བུད་བར་དོར་གཉུག་རེ་བུད། །ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན། །ཅེས་སྐྱོ་ཤས་འཐེན་ཞིང༌། ལག་པས་འགྲམ་པ་བསྐྱོར་ཞིང༌། ཤིན་ཏུ་སྐྱོ་བའི་ཚུལ་གྱིས་ཡང་ཤིང་ཁུར་དེ་ཁུར་ནས་ཧུ་ཁྱུ་ཟེར་ནས་སྐྱོ་ཤས་དེ་བླངས་ཤིང༌། ཡུད་དེ་ཡུད་དེ་འགྲོ་འདུག་པ་ལ། ང་ཡང་མཆི་མ་ཤོར་ཏེ། མཆི་མ་ཕྱིས་ནས་བལྟས་པས་ཁོ་མ་ཟད་དེ་ན་མར་ཡུད་དེ་སྐྱོ་ཤས་ལྷང་ལྷང་སོང༌། ཡང་ངས་བོས་ནས། ཁོ་རེ་མ་འགྲོ་དང༌། ངས་ཁྱོད་ལ་བཤད་རྒྱུ་གཅིག་ཡོད་བྱས་པས། ངལ་ཐེམ་གཅིག་གི་སྟེང་དུ་ཤིང་ཁུར་ཕོག་ནས་ཧུ་ཁྱུ་ཟེར་ཞིང་བསྒུགས་པས་ཁོའི་རྩར་ཕྱིན་ནས། ད་ཁྱོད་རང་སྡུག་མི་དགོས། ངས་ཀླས་ལ་ཁར་ཞི་ཁྲོའི་ཕོ་བྲང་གཅིག་བཞེངས་ཡོད། དེའི་དགེ་བའང་ཁྱོད་ལ་བསྔོ། དགེ་བཤེས་བློ་བཟང་ལ་ཟླ་བ་གཅིག་གི་རྒྱགས་དང་རྔན་པ་བྱིན་ནས་མ་ཎི་འདྲེན་དུ་བཅུག་གོ །ཀླས་ལ་ཁའི་མ་ཎིའི་རྒྱུན་དེ་ཡང་ངས་བཙུགས་ནས་ཁྱོད་ལ་བསྔོའོ། །ང་རང་གིས་དགེ་སྦྱོར་བྱས་ཚད་ཀྱང་ཁྱོད་ལ་བསྔོའོ། །ཤུལ་གྱི་མ་སྨད་རྣམས་ལའང་མ་ཎི་བགྲངས་བྱས་ཡོད། ཁྱོད་ཀྱི་ཕྱི་ལ་སྡིག་པ་གཅིག་ཀྱང་མ་བྱས་ཕན་ཅི་ཐོགས་བྱས་ཡོད། གཞན་ཡང་ཁྱོད་རང་གཉུག་མ་བུད་ཅིག བཤེས་གཉེན་མཁན་པོའི་ཁྱིམ་རང་དགའ་བ་ཡིན་ནམ། ད་ལྟ་བར་དོའི་ཡིད་ལུས་ཡིན་པས། འདུན་པ་རྩེ་གཅིག་སེམས་ལ་བཟུང་བ་ཡིན་པས། འདུན་པ་གར་གཏད་འོང་བར་ཐོས་གྲོལ་དུ་བཤད་འདུག  ཁྱོད་རང་ཟངས་མདོག་དཔལ་རིར་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་འདུན་པ་དྲག་པོ་གཏོད་ལ་སྨོན་ལམ་ཐོབ་དང་དེས་མི་དགའ་འམ་བྱས་པས། ཡང་ཁོས་མི་ཡུལ་དུ་འདུག་ཡུན་ཐུང་བས་ཞེ་མ་ཚིམས་ང་མི་ཡུལ་དུ་དེ་བས་རིང་བ་གཅིག་འདུག་རྒྱུ་ཡིན་པ་ལ། བྱུར་མོ་ཐང་ཆུང་མ་འདི་ལན། ད་ང་སྙིང་སྟོང་ཆེ། ང་རང་མི་ལུས་ཐོབ། བཤེས་གཉེན་མཁན་པོའི་བུ་རུ་སྐྱེ་བ་གསེར་བས་དཀོན་པ་དེ་ཐོབ། ཁྱེད་སྤུན་ཡ་རྣམས་ཀྱི་དྲིན་གྱིས་སྡིག་པའང་ཆུང༌། དེ་དུས་ཆོས་གཅིག་བྱེད་མ་དྲན་པས་འགྱོད་པ་ནི་ཤིན་ཏུ་ཆེ། ཕ་མ་སྤུན་ཡ་ཁྱེད་རྣམས་དང་འགྲོགས་ལོང་མ་བྱུང༌། འགྲོགས་ཡུན་ཐུང་བས་སྙིང་སྟོང་ཆེ། ད་དེ་འདྲ་གར་བཙལ་ཀྱང་མི་རྙེད། ཡོད་པ་དེ་ལ་རང་དབང་མ་ཐོབ་པས། ད་མེད་པ་གཅིག་རྨང་ནས་བཙལ་དགོས་པར་བབས་པས་སྡུག་པ་ལས་མ་བྱུང༌། ད་དུང་བཤེས་གཉེན་མཁན་པོའི་བུ་གཅིག་སྨོན་དྲག་པས་བསྒུགས་པ་ཡིན་ཟེར་ནས། མཆི་མ་ཤར་ཤར་ཤིན་ཏུ་ཡུས་བྱས་པའི་ཚུལ་གྱིས་སེམས་ཕམ་པར་འདུག འོ་ན་ཁྱོད་རང་གི་བུ་མོ་ཁྲ་ཧུ་རེ་གར་སོང་འཕྲད་དམ་བྱས་པས། ཟླ་བ་སྔོན་མ་ལ་ཁྲོམ་ཆེན་པོ་གཅིག་གི་དཀྱིལ་དུ་ཡུད་ཙམ་པ་གཅིག་འཕྲད། དེ་ནས་གར་སོང་ཆ་མེད་དུ་སོང༌། དེ་རྟིང་མ་འཕྲད་ཟེར་ནས། བུ་མོ་དྲན་ནས་མཆི་མ་བཏོན་ཅིང༌། སྐྱོ་ཤས་བླངས་ཤིང་ཤིང་ཁུར་དེ་ཁུར་ནས་འཕྲང་དེའི་མཇུག་ཏུ་ཡུད་དེ་ཡུད་དེ་འགྲོ་ཞིང༌། སྐྱིད་སྐྱིད་མི་ཡུལ་མཐིལ་རེ་སྐྱིད། །སྡུག་སྡུག་བར་དོའི་འཕྲང་རེ་སྡུག །ཐུང་ཐུང་མི་ཚེ་འདི་ལས་ཐུང༌། །སྐྱོ་སྐྱོ་འགྲོགས་ལོང་མེད་པ་སྐྱོ། །ཆུང་ཆུང་རང་དབང་འདི་ལས་ཆུང༌། །ཟེར་ཞིང་འགྲོ་ཞིང་འདུག  ཡང་བོས་ཏེ་ཁོ་རེ་དེར་སྒུགས་དང་དྲི་རྒྱུ་གཅིག་ཡོད་བྱས་ནས་ཁྱོད་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་ནམ་བྱས་པས། མ་ཕྱིན། དོང་མོ་ཆེའི་ནང་དུ་བབས་ནས་ཕྱིན་ན། མཇལ་ས་ཡོད་པར་སྣང་སྟེ། འགྲོ་ཕོད་པར་མི་སྣང༌། དོང་མོ་ཆེའི་ཕྱོགས་སུ་ཉེ་བ་ཙམ་གྱིས་འཇིགས་སྣང་སྙིང་གས་ལ་ཁད་པ་ཙམ་འོང་འདུག  ང་ནི་ཨ་མས་བསྲུངས་པ་ཡིན་པས། གཞན་རྣམས་ནི་རང་དབང་མེད་པར་སྲུང་མཁན་ནི་མི་སྣང༌། མི་འགྲོ་བའི་རང་དབང་མེད་པར་འཇིགས་སྣང་གིས་སྙིང་གས་ལ་ཁད། ངོ་སེར་ཏང་ཏང༌། བརྒྱལ་ལོག་ལོག ཐུར་དུ་ཁྲིད་འགྲོར་སྣང་ཟེར་ནས་འགྲོ་གྲབས་བྱེད་ཅིང༌། འཇིགས་འཇིགས་དོང་མུན་ནག་པོ་འཇིགས། །མགྱོགས་མགྱོགས་ལས་རླུང་ནག་པོ་མགྱོགས། །ཚ་ཚ་ལས་ཀྱི་མེ་རེ་ཚ། །འཁྱམས་འཁྱམས་གྲོགས་མེད་གཅིག་པུར་འཁྱམས། །ལུས་ལུས་ཐམས་ཅད་ཤུལ་དུ་ལུས། །ལྕི་ལྕི་ལས་ངན་སྡིག་སྒྲིབ་ལྕི། །ཟེར་ནས་ཡང༌། ཤིང་ཁུར་དེ་བསིགས་པ་བྱས་ནས། ཧུ་ཁྱུ་ཟེར་ནས་སེམས་ཕམ་པའི་ཚུལ་གྱིས་ཡུད་དེ་ཡུད་དེ་སོང༌། ང་ཡང་བརྒྱུགས་ནས། ཁོ་རེ་ཁྱོད་ལ་ངེས་པར་ཅི་ཕན་གང་ཕན་དེ་ངས་བྱེད། དེ་ལྟ་བུའི་སྡུག་བསྔལ་མ་བྱེད། ཁྱོད་མི་ཡུལ་བཟང་པོའི་གནས་རྙེད་པ་དང༌། ཕྱི་མ་ཆོས་དང་འཕྲད་པ་དང༌། ང་རང་སྤུན་དང་ཡང་ཁྱོད་སྐྱེ་བ་ཕྱི་མ་འཕྲད་པའི་སྨོན་ལམ་རྒྱ་ཆེན་པོ་ངས་བཏབ་བོ། །སྡུག་མི་དགོས། ཁྱོད་གཅིག་པུ་མིན། ངེད་རྣམས་ཀྱང་འདི་འདྲ་རེས་མོས་བྱེད་དགོས་ཡོད། སེམས་ཅན་ཀུན་ལ་འོང༌། ཁྱོད་རང་སེམས་ཕམ་མི་དགོས། ལྷོད་ཀྱི་ལྷོད་ལ་ཇོ་བོ་ཐུགས་རྗེ་ཆེན་པོའམ། ཡང་ན་ཨ་མས་རོགས་ལྡན་བྱེད་པ་དེ། ཡི་དམ་རྡོ་རྗེ་ཕག་མོ་ཡིན་འོང་ཁྱོད་རང་དབང་ཐོབ་པ་དང༌། ཁྲོས་མའི་འཕྲིན་ལས་ཤེས་པའི་བྱིན་རླབས་ཀྱིས། ཁྱོད་བར་དོར་བསྲུངས་སྐྱོབས་མཛད་པ་ཡིན་ངེས་པས་ཡུམ་ཆེན་རྡོ་རྗེ་ཕག་མོ་ང་ལ་ཐུགས་རྗེས་ཟུངས་ཤིག་གྱིས་ལ་གསོལ་བ་ཐོབས་དང་ངས་ཀྱང་ཚེས་བཅུ་མ་ཆག་པར་བྱེད། གསོལ་བ་གདབ་བོ། །བྱས་པས་ཁོས་ན་རེ། རང་བཞིན་བར་དོར་སྡུག་དྲག་པས་དེ་སྐད་སྨྲེ་སྔགས་འདོན་པ་ཡིན། གཞན་དང་བར་དོ་ཕལ་ཆེར་ལས་ང་རང་སྐྱིད་པར་བྱུང༌། ཁྱེད་ཀྱི་སྐྱེ་བདུན་རིལ་བུ་སྦྱིན་བསྲེགས་དང༌། བཏགས་གྲོལ་སྦྲགས་མ་དེས་ང་རང་ལ་ཤིན་ཏུ་ཕན་པ་བྱུང༌། བར་དོའི་སེམས་ཅན་ཀུན་ལའང་ཕན་པ་རྒྱ་ཆེན་པོ་བྱུང༌། ད་རུང་ཡང་ངའི་རུས་པ་སྐམ་པོ་ཚོ་ལ་ཚ་ཚ་བཏབ། བཏགས་གྲོལ་དང་སྐྱེ་བདུན་རིལ་བུ་སྦྲགས་ནས་མེ་ལ་བསྲེགས་བཅོལ། དེ་རང་ཕན་པར་བྱུང༌། ན་རཀ་བསྐོངས་བཤགས་འདིས་ཕན་པར་སྣང་བས་འབངས་འབུང་ཐོན་ཟེར། ཡང་ལངས་ནས། ཁྲིམས་ཁྲིམས་འདུལ་ཁྲིམས་ཆུ་ལ་བསྐྱུར། །ཅེས་འཐེན་ཅིང་འགྲོ་འདུག ཁོ་རེ་ཁྱོད་ཀྱི་དེ་ཅི་ལ་ཟེར། ཁ་རོགས་སྡོད། འདུལ་ཁྲིམས་ཆུ་ལ་སུས་བསྐྱུར་སྣང་བྱས་པས། ང་གནས་ཁང་འཚོལ་བ་ལ་ཕྱིན་པས། དེ་ནུབ་བནྡེ་གསུམ་གྱིས་འདུལ་ཁྲིམས་ཆུ་ལ་བསྐྱུར་བ་མཐོང་ཟེར་ནས། ཆུ་དེ་ལ་བསྒྲལ་བ་ཙམ་དུ་འདུག  དེ་ནས་རྡོ་རྗེ་སྲི་ཐར་དང༌། རྡོ་རྗེ་རྒྱལ་མཚན་སྡུག་གེ་དང༌། ང་རང་དང་གསུམ་ཆབ་ནག་གི་འཕྲང་རིང་པོ་གཅིག་ལ་བརྒལ་ནས་ཐང་གཅིག་གི་མགོར་སླེབས་པ་དང༌། མ་ཀི་དེ་ན་སྔགས་པ་མགོ་སེ་གཅིག་གིས་རྟ་གཅིག་འཛེག་སྔགས་པ་གཅིག་དང་བནྡེ་གཅིག་གཉིས་ཀྱིས་རྟ་ཁ་ཁྲིད་ནས་བྱུང་བས་མཐོང་མ་ཁད་དུ་རྡོ་རྗེ་རྒྱལ་མཚན་བྲོས་ཆས་བྱེད་འདུག་པས། ངས་ཁོ་རང་བཟུང་ནས་ཁྱོད་གར་འགྲོ་བྱས་པས། སྔགས་པ་དེས་ང་ཟ་འོང༌། དེ་མཐོང་བ་དང་ང་ལ་སྔངས་སྐྲག་ཆེན་པོ་བྱུང་ཟེར། ཁྱོད་ཞེད་མི་དགོས། སྔགས་པ་དེ་སུ་ཡིན་དྲིས་པས། སྤང་ཁུ་ལའི་དགོན་པར་ཡོད་ཟེར། མིང་ཆེན་པོ་སྣང་སྟེ་ངས་ཁར་འདོན་མི་ཕོད་ཟེར་ནས། ཁོ་ཞེད་ནས་འདར་ཡེད་ཡེད་བྱེད་འདུག་པ་དང༌། སྔགས་པ་རྟ་པ་དེ་བླ་མའི་ཆ་ལུགས་སུ་མགོ་སེ་བ། བེར་ཐུལ་ཅན་གཅིག་ཏུ་སོང་ནས། བླ་མ་དེས་ན་རེ། བླ་མ་ཉི་ཟླ་ཁྱོད། རྒྱ་མཚོ་ཧུབ་གྱིས་འདེབས། རི་བོ་ཁར་བཅུག་པའི་མི་གཅིག་འདུག་ཟེར། ངས་རྒྱ་མཚོ་ཧུབ་ཀྱིས་འདེབས་པ་ཙམ་དུ་སུ་ལ་ཟ་འདོད་མ་བྱས། ངས་ནི་སུ་ལ་གནོད་པ་སྐྱེལ་མ་མྱོང༌། རང་ཟས་ཟ་ཞིང་མཚམས་ལ་སྡོད་པ་ཡིན། རི་བོ་ཁར་བཅུག་རྒྱ་མཚོ་ཧུབ་ཀྱིས་འདེབས་མི་དེ་ཁྱོད་ཡིན་མོད། ཁྱོད་འདྲ་བས་ང་ལ་བྱས་ནས་ང་རྒྱལ་གཅིག་བསྐྱེད་པ་དང༌། ངའི་རྩ་དེར་ང་རང་གི་སློབ་མ་ཡིན་ཟེར་བའི་སྔགས་ཆུང་བཞི་བྱུང་ནས། བནྡེ་རྟ་པ་དེ་ལ་ངའི་ཁ་རོགས་བྱེད་ནས། ཁོ་ལ་ཁ་བསད་མང་པོ་འབོད་དོ། །ཀུུ་ཅོ་ཏིར་གྱིས་བྱུང༌། ངོ་ཚ་བཅུག་འདུག  བནྡེ་དཔོན་གཡོག་རྣམས་སྐྱེངས་བཞིན་བྱས་ནས་གྱང་སྲིབ་ཏུ་འགྲོ་ཟེར་ནས་སོང༌། ངས་བུ་ཚ་ལ་ང་རང་རྣམས་ཆབ་དཀར་དུ་འགྲོ་བྱས་པས། ཨ་མ་མོ་སྒྲོལ་མ་འདོན་ཞིང་ཆབ་དཀར་གྱི་ཆུ་འགྲམ་དེར། རྡོ་རྗེ་རྒྱལ་མཚན་དང་ངེད་རང་རྣམས་བསུ་བ་ལ་ཕྱིན་པ་ཡིན་ཟེར་ནས། ཆུ་ཁ་དེར་བྱེ་མ་སྐམ་པོ་ལུས་པོ་ལ་འཕུར་ཞིང་འདུག  དེར་ངེད་རྣམས་གྲེ་ཤ་གདོང་འདྲ་བ་གཅིག་ཏུ་ཆུ་ལ་བརྒལ་ནས་ཤི་རི་ཚ་འཇུག་འདྲ་བ་གཅིག་ཏུ་ཆུའི་ཚུ་རིར་བསླེབས་ནས། ད་རྩི་དཀར་དུ་འགྲོ་བསམ་པས། གཉིད་སད་པ་དང༌། འདར་ཡེད་ཡེད་མཆི་མ་ཙ་རེ་སྐྱོ་ལྷང་ལྷང་འདུག་གོ །དེ་མ་ཐག་ཏུ་ཐོས་གྲོལ་དང༌། བཏགས་གྲོལ་བཏོན། སྨོན་ལམ་མང་པོ་བཏབ་བོ། །བསྔོ་བ་བྱས་རྨི་ལམ་འདིའང་ཡི་གེར་བྲིས་སོ། །སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག  རྫོགས་སོ། ། ཡང་ཟླ་བ་དེའི་ཕྱི་མ་དགུན་ཟླ་ཐ་ཆུང༌། གླང་ཟླའི་ཚེས་བཅུ་གཅིག་ནུབ་ཐོ་རེངས་ཁར་རྨི་ལམ་དུ། མྱོག་དམ་ལུང་པའི་ཕུ་འདྲ་བའི་ཆབ་ནག་གཅིག་གི་ཤུལ་དུ། མི་ཕོ་མོ་ལྔ་བརྒྱ་ཙམ་འཚོགས་འདུག་པ་ལ། དེ་རྣམས་མགྲོན་འགྱེད་ལ་སོགས་དང༌། གཏོར་མ་བཏང་དུས་སེར་སྣ་དང་ཕངས་སེམས་མི་ཉན་པ་ལ་སོགས་གཙང་སྦྲ་ཆུང་བ། གཏོར་མ་ཆུང་བ་སེར་སྣ་ཕངས་སེམས་བྱས་པ་དེ་རྣམས་སྤངས་པ་དང༌། མཐར་ཆོས་བཤད་ཡིག་དྲུག་བསྐུལ་བ་ལ་སོགས་དེ་རྣམས་ཤིན་ཏུ་ཕན་ཡོན་ཆེ་བའི་རྨི་ལྟས་མང་པོ་བྱུང་འདུག་པས་ཐུགས་ལ་ཞོག་ཅིག  དེ་ནས་མི་ཁྲོམ་རྣམས་གྱེས་ནས་སོང་བ་དང༌། བདག་གིས་ལུང་པ་དེའི་ཕུ་ལ་ཁ་གཏད་ནས་ཕྱིན་པས། ཕ་ཀི་ནགས་གསེབ་གཅིག་ཏུ་ཤིང་གསེ་མི་གཅིག་གྲག་པས། ང་ཡང་དེར་ཕྱིན་པ་དང༌། རྡོ་རྗེ་རྒྱལ་མཚན་དཔྲལ་བ་རྔུལ་ཆི་ལེ་བ་སྒྲོན་མེ་ཆེན་པོ་གཅིག་གསེ་ཤིང་འདུག  ཁོ་རེ་ཁྱོད་དེ་གསེ་ནས་ཅི་བྱེད། ཁྱོད་ད་ཞག་གནས་ཁང་མ་རྙེད་ཟེར་བ་ད་རྙེད་དམ་དྲིས་པས། ཁོས་ན་རེ། ངས་གནས་ཁང་ཕ་ཟད་ཐག་རིང་གཅིག་ཏུ་བཙལ་ན་རྙེད་ཚོད་སྣང་སྟེ། ངེད་རང་རྩི་དཀར་སྐོར་འདིར་སེམས་ཆགས་པས་གཞན་དུ་འགྲོ་མ་ཕོད། ཐད་ནས་གཡང་དྲུང་སྐྱིད་མོས་གནས་ཁང་ཡོད་ཟེར་ཏེ། ང་མེ་རྟ་གསེ་བ་ལ་བྲེལ་བས་མ་ཁོམ་ཟེར། ཁྱོད་སྒྲོན་འདིས་ཅི་བྱེད་བྱས་པས། ང་གར་ཕྱིན་ཀྱང་ཉི་ཟླ་མ་མཐོང་བས་མུན་ནག་པར་བྱུང་བས་མེ་རྟའི་རྗེས་སུ་འགྲོ་བསམ་པ་ཡིན་ཟེར། ཁྱོད་ད་རུང་གནས་མ་རྙེད་པས་འདིར་བསྡད་པས་གཉུག་མ་བུད་དམ། བར་དོ་ཐོས་གྲོལ་ནང་ནས་སྲིད་པ་བར་དོ་ངོ་སྤྲོད་ཀྱི་སྐབས་སུ་མངལ་སྒོ་གདམ་པ་ལ་རིགས་མི་གཅིག་པ་དེ་ཙམ་ཡོད་པ་ལ། དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འཕོ་བ་དང༌། མ་དག་འཁོར་བའི་མངལ་སྒོ་གདམ་པ་གཉིས་ཡོད་པ་ལ་ཁྱོད་རང་ཡིད་ལ་མེད་དམ། འཁོར་བའི་མངལ་སྒོ་རང་གི་ཅི་བྱེད་སྡུག་པ་ཡིན་པས། ཁྱོད་རང་ནུབ་ཕྱོགས་བདེ་བ་ཆེན་པོའམ། སངས་རྒྱས་ཀྱི་ཞིང་གང་མོས་པ་གཅིག་ཏུ་འདུན་པ་གཏོད་དང༌། ངེས་པར་ཞིང་དེར་སྐྱེ་བར་བཤད་འདུག  ཁྱོད་རང་ལ་གདོས་བཅས་ཀྱི་ལུས་ནི་མེད། བག་ཆགས་ཡིད་ལུས་ཡིན་པས། ཁ་ལོ་བསྒྱུར་སླ་བ་ཡིན། ཁྱོད་ཡིད་མ་ཆེས་ན། ང་རྨི་ལམ་བག་ཆགས་ཀྱི་ལུས་ཡིད་ལུས་སྟོང་པ་ཡིན། ངའི་ལུས་པོ་བེམ་པོ་དེ་ཉལ་མལ་དུ་འོང་རྒྱུ་མེད། ཁྱོད་བར་དོ་སྟོང་ལུས་ཡིན་པས། ངེད་རང་གཉིས་ཀ་སྟོང་གཟུགས་ཡིན། ལག་པས་འཇུ་རྒྱུ་མི་འོང༌། ཨེ་བདེན་ལྟོས་ཤིག་བྱས་པས། ཁོའི་ལག་པ་ལ་འཇུ་ནས་བསྡོམས་པས། ལག་པ་ཁྲོད་ཐང་ཐང་གཟུང་རྒྱུ་བྱུང་བས། ཟང་ཐལ་དུ་འགྲོ་མི་ཉན་པར་གདོས་བཅས་གྱི་ལུས་འདྲ་བ་བྱུང་བས། ཁོས་ན་རེ། ང་ཡལ་མ་ཉན་མངོན་སྣང་ཡོད་བྱས་པས་ཟེར་བ་དང༌། བདག་གི་བསམ་པ་ལ། ང་ནི་རྨི་ལམ་ཡིན་པ་ཐག་ཆོད། ཁོ་ནི་ཤི་ཚར་བ་ལ་ཤི་གསོན་གཉིས་པོ་ལུང་རིང་འདི་ནས་འཕྲད་པ་ག་ལ་སྲིད་པ་ལ། ལག་པ་ནས་བཟུང་བས་གཟུང་རྒྱུ་འདུག  ངེས་པ་མི་འདེན་ནམ་བསམ་ངེས་པར་ཨེ་བདེན་ནམ་བསམས་ནས། ཁོ་ཡི་གདོང་པ་ལ་ལེགས་པོར་བལྟས་པས། ཁོས་ཀྱང་ཚུར་མིག་འབྲུ་ཚུགས་སུ་བལྟས་ནས། ངེད་རང་གཉིས་ད་ལན་མིན་པ་ཨེ་འཕྲད་མི་ཤེས། འཕྲད་པའི་རྟིང་མ་ཡིན་པས་ལྟ་ཡག་བྱེད་དགོས་ཟེར་ནས། ངས་ཕར་བལྟས། ཁོས་ཚུར་བལྟས་ཡུན་རིང་དུ་ཅི་རེད་བལྟས་ནས་ངའི་བསམ་པ་ལ། ཨ་ཙ་མ་སྣང་བ་ལ་མངོན་ཞེན་གྱི་འཁྲི་བ་མ་ཆོད་པར། བདེན་འཛིན་ཨ་འཐས་འདི་ཐོག་མེད་ནས་རྒྱུད་ལ་འབྱར་བས། ད་བཤིག་ཐུབ་པར་མི་སྣང༌། བར་དོའི་ཡིད་ལུས་སྟོང་བ་དང་རྨི་ལམ་གྱི་ལུས་སྟོང་གཉིས་ཕྲད་པ་ལས། ཡང་ལག་པས་འཇུ་རྒྱུ་ཨེ་བྱུང་ལེགས་པོར་བལྟས་ཀྱང་མ་ཡལ་བར་ལྟ་རྒྱུ་བྱུང་བས། འཁྲུལ་སྣང་བདེན་འཛིན་འདི་བཤིག་ཐུབ་པར་ནི་མི་སྣང༌། བླ་མ་དཀོན་མཆོག་བསམ་པ་གཅིག་བྱུང་བ་དང༌། ཡང་ཁོས་ན་རེ། ང་ནི་ད་རུང་སངས་རྒྱས་ཀྱི་ཞིང་དུ་འདུན་པ་གཏད་ནས་འཕོ་བསམས་ཀྱང༌། འཚེར་བ་ལ་ཚད་མེད་པ་བྱུང༌། ལས་ངན་གྱི་སྒྲིབ་པ་ཡིན་པ་འདྲ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ལ་ནི། འགྲོ་བསམ་ཡང་མ་བྱུང༌། འགྲོ་མི་དགོས་པ་འདྲ། ད་རུང་མི་ལུས་གཅིག་ཐོབ་ན་མི་ཡུལ་དུ་འདུག་ལོང་མ་བྱུང་བ་སྙིང་སྟོང་ཆེ་དྲགས་པས། སངས་རྒྱས་ཀྱི་ཞིང་ལས་ཀྱང༌། མི་ལུས་གཙང་མ་གཅིག་རང་ཡིད་ལ་བྱུང་ཟེར་བས། དེར་ངས་ཁོ་རེ་ཁྱོད་སངས་རྒྱས་ཀྱི་ཞིང་ཡ་མཚན་དང་བདེ་བའི་ཡོན་ཏན་ཚད་མེད་པ་ཡོད་པ་དེར་མི་དགའ་བར། བསྐལ་བ་སྙིགས་མའི་ལུས་ངན་གཅིག་ལ་ཞེན་པ་མ་ཆོད་པ་དེ་སྒྲིབ་པ་རང་ཡིན་པར་ཐག་ཆོད། འོ་ན་ངས་རོགས་བྱའོ། །ངེད་རང་གཉིས་གནས་ཁང་གཙང་མ་འཚོལ་བ་ལ་འདོང་བྱས་ནས། ངས་ཁོ་ཁྲིད་ནས་ལུང་དེའི་མདོར་ཕྱིན་པས། ལུང་པའི་མདའ་དེ་ན་ཁང་པ་སུམ་ཐོག་པ་ཧོ་སོང་གཅིག་འདུག  ཁོ་རེ་ཁྱོད་རང་གནས་ཁང་མ་རྙེད་ཟེར་བ། ཁྱིམ་འདིས་གནས་ཁང་མི་འོང་ངམ། འདིའི་ནང་དུ་འདོང་བྱས་པས། ཁོས་ན་རེ། འདི་འདྲ་བའི་གནས་ཁང་ཚོད་མེད་པ་སྣང༌། ང་འདི་འདྲ་བའི་ནང་དུ་འགྲོ་བསམ་ངོམས་པ་མིན་ཟེར། འོ་ན་ཐད་ན་གནས་ཁང་བཏང་ངོ་ཟེར་བ་དེར་མི་འགྲོ་བ་ཅི་ཡིན་བྱས་པས། ཁོས་ན་རེ། ཐད་ལ་གནས་བཏང་ཟེར་ནས་སྒོ་རྩར་ཕྱིན་པས། ནང་དེ་ན་གཙང་མའང་མིན་པ་འདྲ་སྟེ། ནང་དེ་ན་ཨོ་ངལ་ཟེར་མཁན་གཅིག་ཡོད་གྲགས་པས། ཕྱིར་ལོག་ཕྱིན་པ་ཡིན་ཟེར། འོ་ན་ཁྱིམ་འདིའི་ནང་ན་འདུག་ཉན་ཨེ་སྣང་ལྟོས། རྒྱབ་དེར་འཛེག་འདོང་བྱས་ནས། ཁང་པའི་རྒྱབ་ནས་བརྩིགས་པ་ལ་འཛེག་ནས་ཡང་རྩེ་དེར་གཉིས་ཀ་བསླེབས་བྱུང་ནས། རྒྱ་མཐོང་གི་ནང་དུ་སྐས་གཅིག་བཙུགས་པ་དེར་ང་སྔོན་ལ་བབས། ཁོ་རེ་ཁྱོད་རང་ཡང་ཤོག་དང༌། ཅི་འདྲ་སྣང་བལྟའོ་བྱས་པ་དང༌། ཁོ་མར་བབས་མི་འོང་བར་སྟེང་ནས་མར་མིག་གཅིག་བལྟས་མ་ངོམས་པ་འདྲ་གཅིག་བྱས་ནས་འགྱེད་དེ་ལོང་འདུག  ང་མར་བབས་ནས་བར་ཁང་དེར་ཕྱིན་པས། མི་འདུག་པའི་རྗེས་མེད་པ་ཧང་ལ་རྒོག་པ། གདུང་མ་ཆད་ལ་ཁད་པ། ཀ་བའང་གས་ནས་ཞིག་ལ་ཁད་པ་གཅིག་འདུག  འོག་ཁང་དེར་ཕྱིན་པ་དང༌། རྩོག་པ་ཞིག་ལ་ཁད་ནས་འཇིགས་པ། སེམས་ཅན་མང་པོ་བསད་པའི་སློ་དང་འདམ་རྫབ་དང༌། རྒྱུ་མ་ཉག་ཉིག་མང་པོ་ཡོད་པ། འོག་གཞི་ཁྲག་རུལ་དང་འདམ་རྫབ་འདྲེས་མས་གང་བ། ལོགས་ཐམས་ཅད་ཕྲུ་མ་རློན་པ་འདྲ་བས་ཡོལ་བ་བྱས་པས་སྐྱུགས་བྲོ་བ་གཅིག་འདུག  ང་ཡང་སྐྱུགས་བྲོ་བ་དང་གྲིབ་འོང་དོགས་པས། ཕྱིར་སྒོ་ཆུང་གཅིག་འདུག་པ་ལ་འགྲོ་བར་བརྩམས་པ་ནས་ཁོ་སྡུག་པ། ཁྱིམ་རྩོག་པ་ཞིག་ལ་ཁད་པ་འདིར་བཞག་པས་མི་འོང༌། ཁང་པ་གཙང་མ་བཟང་པོ་གཅིག་འཚོལ་རོགས་འགྲོ་དགོས་བསམ་པ་དང༌། ཁོ་ཡང་རྩ་དེར་སྐྱོ་ཤས་ལྷང་ལྷང་འཐེན་ཞིང༌། རྩོག་རྩོག་སྡིག་ཅན་ཁྱིམ་རེ་རྩོག །དཀོན་དཀོན་གནས་ཁང་བཟང་པོ་དཀོན། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཆུང་ཆུང་རང་དབང་འདི་ལས་ཆུང༌། །འགྲོ་འགྲོ་འདི་འགྲོ་མེད་པར་འགྲོ། །ཟེར་བས་བརྩིགས་པའི་རྒྱབ་ལོགས་སུ་བབས་ནས་ཕྱི་རོལ་ཏུ་འགྲོ་གྲགས་པས། ང་ཡང་བརྒྱུགས་ནས་ཁོ་བཟུང་ནས་ལབ་ལབ་བྱེད། བློ་སྤྲོ་གནས་ཁང་ཚོལ་རོགས་བྱེད་དགོས་བསམས་ནས། སྒོ་དོག་མོ་ཞིག་ལ་ཁད་ལ་མ་ཐར་བའི་རིང་ལ། ཁོ་ཕ་ཟད་གཅིག་ནས་སྐྱོ་ཤས་ལྷང་ལྷང་འཐེན་ཞིང་འོ་གྲགས། སྒོ་དེ་ཕྱིན་ནས། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། ཞེས་སྐད་རིང་པོ་བཏང་ནས་བོས་ཀྱང༌། ཅི་ཡང་ཆ་མེད་པར་གར་སོང་ཆ་མེད་དུ་སོང༌། དེ་སྐྱོ་བ་ཚད་མེད་པ་བྱུང་ཞིང་ཁོ་ལ་སྙིང་རྗེ་ཚད་མེད་པ་བྱུང༌། ཨ་ཙ་མ། ད་ལན་ཁོ་སྡུག་པ་དང་འཕྲད་ཀྱང་ལབ་ལབ་ཡིད་ཚིམ་པ་གཅིག་བྱེད་ལོང་མ་བྱུང༌། སྡིག་ཁྱིམ་འདི་ལན་པ་ཡིན། ད་ཅི་ནས་ལག་པ་ལ་མ་ཤོར་བ་གཅིག་བྱས་ནས། ལབ་ལབ་ཡིད་ཆེས་པ་གཅིག་བྱེད་རྒྱུ་ཡིན་པར་འདུག་པ་ལ། ད་ནི་གར་སོང་ཅི་ཆ། ཕྱིན་ཆད་ནི་ཁོ་དང་མི་འཕྲད། ད་རུང་ཁོ་གར་འདུག་བཙལ་ནས་ལོ་རྒྱུས་ཡིད་ཆེས་པ་གཅིག་དྲི། ཆོས་བཤད་ནས་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འཕོ་བཅུག་པས་དྲག  དེ་མི་ཉན་ནའང་གནས་ཁང་བཟང་པོ་གཅིག་བཙལ་ནས་མ་བསྐྱལ་ན་འོང་བར་མི་འདུག  ཁོའི་སྐྱོ་ཤས་དེ་ཚོར་བས་རང་གི་སྡུག་པ་སྐྱོ་བ་ལ་ཚད་མེད་པ་འདུག  ཁོ་རང་ཀུན་སྡུག་པ་ལ་ཚད་ཅི་ཡོད། ད་ཁོ་བོ་ལ་འབོད་ཀྱིན་འཚོལ་དགོས་བསམ་པ་དང༌། གཉིད་སད་ནས། ནངས་པར་རྨི་ལམ་ཡི་གེར་བྲིས་སོ། །ཕྱིས་ཁོ་དལ་འབྱོར་བཅྭོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་གཅིག་ཐོབ་ནས་ཐོས་གྲོལ་གྱི་ཆོས་སྐོར་ཉམས་སུ་ལེན་ཅིང་བརྒྱུད་པ་འཛིན་པ་དེ་ཡིན། ཀྱེ་མ་ཀྱི་ཧུད་བར་དོའི་སེམས་ཅན་རྣམས། །སྡུག་བསྔལ་ཁོ་ན་མིན་པ་བདེ་བ་མེད། །ལྷན་ཅིག་སྐྱེས་པའི་ཤ་རུས་སོ་སོར་བྲལ། །བཤེས་གཉེན་ཉེ་དུ་ཟས་ནོར་རྒྱབ་ཏུ་ལུས། །སྡིག་པ་ཕྲ་མོ་ཡན་ཆད་རང་ལ་འཕྲད། །བར་དོའི་སྡུག་བསྔལ་སེམས་ཅན་ཉོན་རེ་མོངས། །རང་ངོ་རང་གི་མ་ཤེས་སྙིང་རེ་རྗེ། །དེ་འདྲའི་སེམས་ཅན་སྐྱབས་མགོན་མེད་པ་ལ། །ཐུགས་རྗེས་ཟུང་ཞིག་ཞི་ཁྲོའི་ལྷ་ཚོགས་རྣམས། །བར་དོའི་སེམས་ཅན་ཞི་ཁྲོའི་སྐུ་ཐོབ་ཤོག །དེ་སྐད་རྨི་ལམ་ཚུལ་དུ་བརྗོད་པ་ཡང༌། །བར་སྐབས་མཚམས་སུ་བར་དོར་དངོས་སུ་ཕེབས། །བདེན་པར་བཤད་པ་ཡིན་གྱི་ལྡེམ་དགོངས་མིན། །རེ་རེ་ཙམ་ལ་ཕན་བསམ་བྲིས་པ་ཡིན། །སེམས་ཅན་ཐམས་ཅད་རང་ངོ་ཤེས་པར་ཤོག །བར་དོའི་སྡུག་བསྔལ་ཐམས་ཅན་གྲོལ་གྱུར་ཅིག །ཅེས་པ་འདི་ནི་གུ་རུ་ཉི་ཟླ་འོད་ཟེར་གྱིས་བྲིས་པ་རྫོགས་སོ།། །།ཞེས་གསུངས་སོ། །འདི་ནི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་བར་དོའི་སེམས་ཅན་གྱིས་ལུས་ཕྱི་མ་མ་བླངས་པའི་སྔོན་དུ་འཕྲད་པ་ཡིན་ལ། གཞན་དུ་མི་ཤི་བ་ནི་སྔོན་གོམས་པའི་བག་ཆགས་ཀྱིས་རྨི་ལམ་རྨི་བ་ཙམ་ལས་དངོས་སུ་འཕྲད་དུ་མེད་པར་མདོ་ལས་གསུངས་སོ། །གཞན་དག་གིས་ནི་རང་རེས་ལྷ་ཕབ་པ་བཞིན་དུ་གཤིན་པོའི་རྣམ་ཤེས་ཕབ་ནས་དེ་ལ་གཏམ་ཡང་སྨྲ་བར་བྱེད་ཅིང༌། དེ་ཉིད་སྔར་གྱི་མི་དེའི་རྣམ་ཤེས་དངོས་ཡིན་པར་རློམ་མོད། དེ་དག་ནི་གཤིན་པོའི་རྣམ་ཤེས་དངོས་ཡིན་པའི་ངེས་པ་མེད་དེ། རྗེ་བཙུན་མི་ལ་ཡབ་སྲས་ཀྱི་དྲུང་དུ་བོན་པོ་དག་གིས་གཤིན་པོའི་རྣམ་ཤེས་བཀུག་སྟེ་དབང་བསྐུར་ཡུལ་དེ་འདྲ་ཡིན་སྲིད་དེ། སེམས་ཅན་རང་གི་ལས་ཀྱིས་རིགས་དྲུག་སོ་སོར་འཁྱམས་ནས་སོང་ཟིན་པའི་ཕྱིར་རོ། །འདི་རྣམས་ཚེ་འཕོ་བ་ཇི་ལྟར་འགྱུར་བའི་མདོ་ལས་ཞིབ་པར་གསུངས་འདུག་པས་དེར་བལྟ་བར་བྱ་སྟེ། འདིར་མ་བྲིས་སོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།