ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།
སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-14 09:02:00
ཀློག་གྲངས།:
བཞི་པ་ནི། ཀླད་ཆེན་དང་རྣམ་ཤེས་ཀྱི་ཁྱད་པར་འགའ་ཞིག་ལ་ད་ལྟ་འབྲེལ་བ་མཐོང་བ་ཙམ་གྱིས་ཁྱད་གཞི་རྣམ་ཤེས་ཀྱི་ངོ་བོ་ཀླད་ཆེན་ལས་སྔོན་མེད་གསར་སྐྱེས་ཡིན་པར་བསྒྲུབ་མི་ནུས་ཏེ། འབྲས་བུ་དེ་རྒྱུ་རྐྱེན་ལས་སྐྱེ་བར་ཤེས་པ་ལ་དེ་རྒྱུ་རྐྱེན་རྣམས་ཀྱི་སྔ་རོལ་དུ་མེད་ངེས་ཡིན་པ་ཤེས་དགོས་ཀྱི་གཞན་དུ་དེ་ལས་གསར་དུ་བྱུང་བར་མི་འགྲུབ། དེས་ན་རྣམ་ཤེས་ནི་ཀླད་ཆེན་གྲུབ་པའི་སྔ་རོལ་དུ་མེད་ངེས་སུ་མི་འགྲུབ་སྟེ། གཞན་གྱི་རྣམ་ཤེས་རང་རེའི་མིག་དབང་སོགས་ཕལ་བ་རྣམས་ཀྱིས་འཛིན་མི་ནུས་པའི་ཕྱིར་ཏེ། རྣམ་ཤེས་ལུས་ལས་ཐོན་ཏེ་མི་ཚོགས་ཀྱི་ཁྲོད་དུ་ཕྱིན་ཚེ་ཕར་ཐམས་ཅད་མཐོང་ཡང་ཚུར་སུས་ཀྱང་མི་མཐོང་བར་བཤད་པ་ལྟར་རོ། །དེ་ལྟར་ཀླད་ཆེན་དང་རྣམ་ཤེས་ལ་ཕྱོགས་གཅིག་ནས་རྟེན་བརྟེན་པར་མཐོང་བ་དང་རྣམ་ཤེས་དེ་ལས་སྔོན་མེད་གསར་དུ་བྱུང་བ་གཉིས་ལ་འབྲེལ་བ་ཅི་ཡང་མེད་པས་རྒྱུ་མཚན་ལྟར་སྣང་དེ་ཙམ་ལ་བརྟེན་ནས་ཤེས་པ་རང་རྐྱ་བ་མེད་པ་དང༌། སྐྱེ་བ་སྔ་ཕྱི་མེད་པར་དྲིལ་བསྒྲགས་པ་ནི་རྫུན་ཚིག་རྔམ་པོ་ཆེ་ཡིན་ལ། གཞན་དག་བརྟག་དཔྱད་ཙམ་ཡང་མེད་པར་དེའི་རྗེས་སུ་འབྲངས་པ་ནི་རྨོངས་དད་ཀྱི་མཐར་སོན་པ་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་སྔ་རབས་ཀྱི་ཚན་རིག་པ་དག་གིས་སྐྱེ་བ་སྔ་ཕྱི་མེད་པར་སྨྲས་པ་ལ་འགལ་དང་མ་ངེས་པའི་སྐྱོན་མང་དུ་གནས་པས་སྒྲུབ་བྱེད་ལྟར་སྣང་འབའ་ཞིག་ཡིན་ལ། ད་ལྟ་ཚན་རིག་ཤིན་ཏུ་དར་ཞིང་རྒྱས་པའི་སྐབས་སུ་ནི་མེད་པར་སྒྲུབ་བྱེད་མ་རྙེད་པར་མ་ཟད་ཕལ་ཆེར་ཡོད་ལས་ཆེ་སྙམ་དུ་རིགས་པའི་ལམ་ལ་བརྟེན་པའི་དོན་འགྱུར་གྱི་ཐེ་ཚོམ་དག་སྐྱེ་བཞིན་ཡོད་དོ། །དེས་ན་ཁོང་ཚོར་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་རྣམ་དག་གཏན་ནས་མེད་པར་ཤེས་པར་བྱ་སྟེ། ཨ་རིའི་ཝེར་ཅུ་ནེ་ཡ་སློབ་གྲྭ་ཆེན་མོའི་དགེ་རྒན་རབ་འབྱམས་པ་ཧྲི་ཐུས་ཝེན་ཧྲེན་གྱིས་ཡུན་རིང་པོར་བརྟག་དཔྱད་བྱས་ཏེ་སྨྲས་པ། ང་ཚོར་ངེས་པར་དུ་སྐྱེ་བ་སྔ་ཕྱི་འདི་མེད་པར་སྒྲུབ་པའི་ཐབས་གཏན་ནས་མི་འདུག་ལ་ཞེས་དང༌། སྔོན་གནས་རྗེས་དྲན་གྱིས་བྱུང་བ་རྣམས་གྲངས་དང་སྤུས་ཚད་གཉིས་ཀ་ཇེ་མང་ཇེ་བཟང་དུ་འགྲོ་བར་འདུག་པས་མི་རྣམས་ལ་སྐྱེ་བ་སྔ་ཕྱི་འདི་ཡོད་ལས་ཆེ་སྙམ་བྱེད་དུ་འཇུག་པ་ཙམ་ཡིན་ནོ། །ཞེས་དང༌། ཐེ་ཝན་གྱི་སྨན་རམས་པ་ཁྲིན་ཧྲིན་ཡུན་གྱིས་ཀྱང༌། ད་ལྟ་ཡོད་པའི་ཚན་རིག་གི་རིགས་པ་ཙམ་ཞིག་གིས་ནི། རྒྱུན་མི་འཆད་པའི་ཚེ་སྲོག་དེ་ཡོད་པ་ད་དུང་འགོག་ཐབས་མི་འདུག་གོ །ཞེས་དང༌། ཐེ་ཝན་གྱི་རྩོམ་པ་པོ་ཝང་ཡུས་ཅ་ཡང་སྐྱེ་བ་སྔ་ཕྱི་ཡོད་པ་ལ་ཧ་ཅང་སོམ་ཉི་ཆེན་པོ་བྱེད་མཁན་ཞིག་ཡིན་མོད། ཁོས་ཀྱང༌། སྣང་ཚུལ་འདི་རྣམས་ལ། རྣམ་ཤེས་ལུས་ལས་ཐོན་པར་སོགས་མཆན། ང་ཚོས་ཚུལ་དང་མཐུན་པའི་འགྲེལ་བཤད་ཅིག་བྱེད་མ་ཐུབ་ན། རྣམ་ཤེས་ཡོད་དུ་རུང་བ་འདི་བསལ་ཐབས་མི་འདུག་པ་ལྟ་བུར་སྣང་ངོ༌། །ཞེས་སྨྲ་དགོས་བྱུང་བ་བཞིན་ནོ། །རིགས་པས་ཀྱང་དེ་ཤེས་ནུས་ཏེ། ཚན་རིག་གི་གཞལ་བྱ་ནི་ཕྱི་རོལ་གྱི་དངོས་པོ་འདི་ཙམ་ཡིན་ལ། སེམས་ཀྱི་གནད་གསང་དང་ཚེ་སྔ་ཕྱི་ནི་དེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། འཕྲུལ་ཆས་གང་གིས་ཀྱང་དེ་དག་གཞལ་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་སྔོན་གྱི་རིགས་གསར་སྨྲ་བ་རྣམས་ཀྱིས་གོང་དུ་སྨྲས་པའི་རྒྱུ་མཚན་ལྟར་སྣང་བ་དེ་ལྟ་བུ་རེ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་མེད་དོ་ཞེས་རིགས་གསར་གྱི་མིང་ཐོག་ནས་འཛམ་བུ་གླིང་ལ་ཁྱབ་བསྒྲགས་བྱས་ཏེ་སྐྱེ་བོ་དུ་མ་རྨོངས་སུ་བཅུག་པ་ནི་མིའི་རིགས་ཀྱི་མདུན་ལམ་ལ་ཆེས་སེམས་ཁུར་མེད་པའི་སྤྱོད་པར་སེམས་སོ། ། དེས་ན་རྨོངས་དད་ནི་ཡུལ་གང་ལ་བྱས་ཀྱང་རྨོངས་དད་རང་ཡིན་པས་རིགས་གསར་པས་སྨྲས་པ་དག་ལའང་རིགས་པ་རྣམ་དག་གིས་དབྱེ་བསལ་ཅི་ཡང་མེད་པར་རྨོངས་དད་མ་བྱེད་ཅིག དེ་ཡན་ཆད་ཀྱིས་ཚེ་སྔ་ཕྱི་མེད་པར་འདོད་པ་ལ་སྒྲུབ་བྱེད་གཏན་མེད་དུ་བསྟན་ནས། གཉིས་པ་ཚེ་སྔ་ཕྱི་ཡོད་པར་འདོད་པའི་ལུགས་གཞག་པ་ལ། སེམས་ཀྱི་བྱུང་ཚུལ་བཤད་པ་དང༌། ལུས་ཀྱི་སྐྱེ་ཚུལ་བཤད་པ་དང༌། དེ་གཉིས་ཀྱི་འབྲེལ་བ་བཤད་པ་དང་གསུམ་ལས། དང་པོ་ལ་དངོས་དང་དེ་ལ་ངེས་པ་སྐྱེད་པ་གཉིས་ལས། དང་པོ་ནི། སྲོག་ཆགས་ཆེ་ཕྲ་ཐམས་ཅད་ཀྱི་རྒྱུད་ན་སེམས་ཞེས་བྱ་བ་ཤེད་མ་ཕྱེད་པའི་ཚེ་ན་ཡུལ་གྱི་བདེ་སྡུག་ཕྲ་བ་ཚུན་ཆད་དང་དུ་ལེན་དགོས་པའི་ཉམ་ཆུང༌། སྟོབས་རྒྱས་པའི་ཚེ་ན་ཕྱི་ནང་གི་དངོས་པོ་གང་ལའང་དབང་སྒྱུར་བར་བྱེད་པའི་བཙན་པ། རྟག་པར་ཁུང་དུ་གབ་ནས་ལུས་ངག་གི་བྱ་བ་ཐམས་ཅད་སློང་བའི་གཏེ་བོ། གནའ་དེང་གི་རྟོག་གེ་པ་བརྒྱ་སྟོང་རྨོངས་སུ་འཇུག་པའི་གཡོན་ཅན། ལེགས་པར་སྤྱད་ན་ཡོན་ཏན་ཐམས་ཅད་འབྱུང་བའི་གཏེར་མཛོད་དུ་གྱུར་པ་ཞིག་མཆིས་པ་ལས། འཛམ་གླིང་ཤར་གྱི་ཆ་འདིར་ལོ་སྟོང་ཕྲག་དུ་མའི་རིང་ལ། སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་ཤཱཀྱ་ཐུབ་པ། དྲང་སྲོང་སེར་སྐྱ། རྒྱ་གར་གྱི་ཡོ་ག་པ། བོད་ཀྱི་འཇའ་ལུས་པ། རྒྱ་ནག་གི་བསམ་གཏན་པ་སོགས་ཀྱིས་སོ་སོ་ནས་སེམས་ཀྱི་གསང་བའི་སྒོ་འཕར་ཅི་རིགས་པ་ཕྱེས་པས་འགའ་ཞིག་དོན་གཉིས་ཀྱི་མཐར་སོན། ཁ་ཅིག་ལ་འཇིག་རྟེན་གྱི་ཡོན་ཏན་དུ་མ་མངོན་དུ་གྱུར། ལ་ལ་རྣམས་ལའང་ནད་གསོ་བ་ཡན་ཆད་ཀྱི་ནུས་པ་ཕྲན་ཚེགས་སྣ་ཚོགས་པ་ཐོབ་མོད། མང་པོ་ཞིག་ནི་ད་དུང་སེམས་དེ་ཡོད་མེད་ཙམ་ལའང་ཐེ་ཚོམ་བྱེད་ཅིང་ལུས་ནས་ཡོད་དེ། མིའི་རིགས་གཅིག་པ་ཡིན་ཡང་སྔོན་རྗེས་ཀྱི་ཁྱད་པར་འདི་ཙམ་ཞིག་བྱུང་བ་ནི་སུས་ཀྱང་བཅོས་སུ་མེད་པའི་སྣང་བ་ཞིག་གོ །འོ་ན་དེ་འདྲའི་སེམས་དེ་གང་ནས་བྱུང་ཞིང་གང་དུ་འགྲོ་བར་འགྱུར་ཞེ་ན། འདི་ནི་ལོ་སྟོང་ཕྲག་དང་ཁྲི་ཕྲག་འབུམ་ཕྲག་དུ་མའི་རིང་དུ་མཁས་བླུན་ཡོངས་ལ་ཐུན་མོང་དུ་བྱུང་པའི་དྲི་བ་ཞིག་ཡིན་པས། སོ་སོའི་བསམ་ཚུལ་དང༌། འཆད་ཚུལ་དུ་མ་ཞིག་བྱུང་སྟེ། དཔྱད་བཟོད་པ་ནི་ཉུང་ངོ༌། །འདིར་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་ནི་ཤིན་ཏུ་གསལ་བར་གསུངས་པས་དེའི་རྗེས་སུ་འབྲངས་ནས་བཤད་ན་ངེས་པ་སྐྱེད་སླ་མོད། གསང་བ་ཟབ་མོ་བརྗོད་པ་སྐབས་སུ་མ་བབས་པས་བཞག་ལ། ཐུན་མོང་ཙམ་གྱི་དབང་དུ་བྱས་ན། སེམས་ནི་འདི་ཚུན་ཆད་ནས་བྱུང་ཞིང་དེ་ཕན་ཆད་དུ་མེད་ཅེས་མཐའ་མི་གཟུང་སྟེ། འཁོར་བ་ཐོག་མེད་ནས་བརྒྱུད་དེ་བྱུང་བ་ཡིན་པའི་ཕྱིར་རོ། །དེས་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་སྐྱེ་རྒ་ན་འཆིའི་རྦ་རླབས་དྲག་ཏུ་གཡོ་བ་འདིར་སེམས་ཅན་རྣམས་ལང་ཚོ་གཞོན་པ་ནས་རྒས་པར་འགྱུར་ཞིང༌། དེ་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ཞིང་དེར་ཕྱིན་ནས་སླར་ཡང་གཞོན་པར་འགྱུར་ལ་ཡང་རྒས་ནས་ཕ་རོལ་ཏུ་འགྲོ་སྟེ། དེ་ལྟར་སེམས་ཅན་ཐམས་ཅད་བང་འགྲན་པ་བཞིན་དུ་ཕ་རོལ་ནས་ཕ་རོལ་ཏུ་འགྲོ་བ་ཡིན་གྱི། སུ་ཡང་དེ་ཉིད་དུ་རྒྱུན་འཆད་པར་འགྱུར་བ་ནི་མེད་དེ། བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅི་ནས་སྐྱེ་མི་འགྱུར། །ལང་ཚོ་རྒྱབ་ཏུ་བྱུང་གྱུར་ནས། །སླར་ཡང་མདུན་དུ་འབྱུང་བར་འགྱུར། །གནས་ཀྱང་འཇིག་རྟེན་འདི་ལ་ནི། །འགྲོས་ཀྱིས་འགྲན་པ་ལྟ་བུར་མངོན། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དེ་ལ་ངེས་པ་སྐྱེད་པ་ལ། དང་པོ་སྐྱེ་བ་སྔ་ཕྱི་དྲན་པ་ཡོད་པས་བསྒྲུབ་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་རྩ་འགྲེལ་ལས། འདས་པའི་འཆི་འཕོའི་སེམས་ཡོད་པར་ཇི་ལྟར་ཤེས་ཤེ་ན། ཚེ་རབས་དྲན་ལ་སོགས་ཡོད་དང༌། །ཞེས་དང༌། འཇིག་རྟེན་འདི་ན་ཚེ་རབས་དྲན་པ་གང་དག་གིས་ཚེ་རབས་སྔ་མ་རྣམ་པ་དུ་མ་དྲན་པར་བྱེད་པ་དག་དང༌། ཞེས་གསུངས་པ་བཞིན་དུ། སྔོན་གྱི་དུས་ནས་ད་ལྟའི་བར་དུ་སྐྱེ་བ་སྔ་མའི་གནས་ལུས་ལོངས་སྤྱོད་གཉེན་འབྲེལ་དང་བྱ་སྤྱོད་ཆེ་ཕྲ་ཐམས་ཅད་ཇི་ལྟ་བ་བཞིན་དུ་དྲན་ཞིང༌། དེ་ཡང་ཕྱིས་སུ་བྱུང་བ་དག་ནི་དེང་སང་གི་རིགས་པ་གསར་བ་སྨྲ་བའི་མཁས་པ་དག་གིས་བརྟག་དཔྱད་ཡང་ཡང་བྱས་ཏེ་བདེན་པར་ངོ་འཕྲོད་པ་ཡིན་ཏེ། ཨ་རིའི་མཐོ་སློབ་ཝེར་ཅུ་ནེ་ཡའི་དགེ་རྒན་ཆེན་མོ་རབ་འབྱམས་པ་ཧྲི་ཐུས་ཝེན་ཧྲེནDr.Lan Stevensonགྱིས་ཡུན་རིང་བར་བརྟག་དཔྱད་བྱས་ཏེ་སྔོན་གནས་རྗེས་སུ་དྲན་མཁན་གྱི་མི་ཉིས་སྟོང་ལྷག་གི་ལོ་རྒྱུས་ཕྱོགས་བསྡུས་བྱས་ཤིང༌། དེའི་ནང་ནས་ཀྱང་བདེན་དཔང་ཆེས་སྟོབས་དང་ལྡན་པ་ཉི་ཤུ་བདམས་ནས། ཡང་སྲིད་གསལ་བྱེད་ཀྱི་དཔེ་བརྗོད་ཉི་ཤུ་ཞེས་པའི་གཞུང་ཞིག་བརྩམས་སོ། །ཨ་རིའི་སེམས་ཁམས་རིག་པ་སྨྲ་བ་ཧྭེ་ལེན་ཝན་པ་ཧི་ཞེས་པས་ཀྱང་དེ་འདྲའི་མི་སྟོང་ལྷག་གི་ལོ་རྒྱུས་བསྡུས་སོ། །དེ་སོགས་ནུབ་ཕྱོགས་ཀྱི་ཚན་རིག་པ་དག་གིས་དོན་འདིར་བརྟག་དཔྱད་ཡང་ཡང་བྱས་ཏེ་སོ་སོའི་གྲུབ་དོན་གྱི་གཞུང་ཆེས་མང་པོ་བརྩམས་པ་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་སྟེ་སྐྱེ་བོ་མང་པོའི་མིག་རྒྱང་ཇེ་རིང་དུ་འགྲོ་བཞིན་ཡོད། སྔོན་གནས་རྗེས་སུ་དྲན་པའི་མི་དེ་དག་ཀྱང་འཛམ་གླིང་ཤར་ནུབ་ཐམས་ཅད་ནས་བྱུང་ཞིང༌། སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཡེ་མ་གྲགས་པའི་ཡུལ་དག་ནས་ཀྱང་བྱུང༌། དེ་ལྟར་དྲན་པའི་རྒྱུ་མཚན་ཡང་སྐྱེ་བ་སྔ་མ་ནས་ཕྱི་མར་འཕོས་པ་ལས་གཞན་ཅི་ཡང་སུས་ཀྱང་མ་རྙེད་དོ། །དེས་ན་སྔོན་གྱི་གནས་སྐབས་དྲན་པ་དང༌། དེ་ཡང་བདེན་དཔང་ཚད་མ་དང་བཅས་པ་ཡིན་ཕྱིན་སྐྱེ་བ་སྔ་ཕྱི་ཡོད་པ་མངོན་སུམ་གྱིས་གྲུབ་པ་ཡིན་པས་ཤིན་ཏུ་ངེས་པའི་སྒྲུབ་བྱེད་ཡིན་ནོ། །དེ་ཡང་ཐོག་མར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དུས་སུ་བྱུང་ཚུལ་ནི། ཁྱིམ་བདག་མགུ་བྱེད་ཅེས་བྱ་བ་ཤི་ནས་ཁྱིམ་བདག་གདངས་ཅན་གྱི་བུ་མོར་སྐྱེས་པས། ཀུན་དགའ་བོ་ངོ་ཤེས་ཚུལ་གསུངས་ཏེ། འདུལ་བ་ལུང་ལས། དུས་གཞན་ན་མགུ་བྱེད་རྒས་ནས་འཆི་བའི་ཚེ། དགེ་འདུན་ལ་བསྙེན་བཀུར་བྱས་པའི་དགེ་བ་འདིས་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེས་ནས་སྔོ་བསངས་ཅན་མ་ཇི་འདྲ་བར་གྱུར་ཏེ་རྒྱལ་པོ་ཤར་བ་བདག་གི་ཁྱིམ་ཐབ་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དེ་ལྟར་གྱུར་ནས་བུ་མོ་ཞིག་བཙས་པས་ཁྱིམ་དཔལ་གྱིས་སྣང་ནས་དཔལ་ལྡན་མ་ཞེས་མིང་བཏགས་སོ། །དེ་སྨྲ་ཤེས་པ་དང་ཀུན་དགའ་བོ་བསོད་སྙོམས་ལ་བྱོན་པས། ཕྱག་འཚལ་ནས། བཅོམ་ལྡན་འདས་དང་གནས་བརྟན་ག་གེ་མོ་དག་བདེ་བ་ལ་རེག་པར་གནས་སམ། གནས་སོ། །དེ་ཐོས་ནས་གདངས་ཅན་གྱི་ནང་མི་དག་ངོ་མཚར་བར་གྱུར་ཏོ། །ཀུན་དགའ་བོས་དེ་སྟོན་པ་ལ་གསོལ་བས། ཁྱོད་ཀྱིས་མི་ཤེས་སམ། མ་འཚལ་ལོ། །དེ་ནི་མགུ་བྱེད་ཡིན་ནོ། །ཞེས་གསུངས་སོ། །ཕྱིས་སུ་བུ་མོ་དེ་སྔོན་གྱི་སྨོན་ལམ་བཞིན་རྒྱལ་པོ་ཤར་བའི་ཆུང་མར་གྱུར་ནས་ཤཱ་རིའི་བུས་མཚན་མོ་ཆོས་བསྟན་པས་བདེན་པ་མཐོང་ནས་སྟོན་པས་དགག་པའི་རྗེས་སུ་གནང་བའི་བཅས་པ་མཛད་དོ། །ད་ནི་དེང་དུས་སུ་འཛམ་གླིང་གི་ཡུལ་གྲུ་སོ་སོར་བྱུང་བ་རྣམས་ལས་འགའ་ཞིག་བརྗོད་པར་བྱ་སྟེ། ༡༩༢༦ ལོའི་ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་གར་རྡེ་ལི་གསར་བར་བུ་མོ་ཞིག་བཙས་པ་ལ་མིང་ཧྲན་ཐུས་ཏི་ཝེ་ཞེས་བཏགས། མིང་འདི་ཡི་གེ་སོ་སོ་ལས་སྒྲ་གདངས་བསྒྱུར་ཚུལ་མི་འདྲ་པ་མང་པོ་བྱས་འདུག་ཀྱང་ཕྱི་ཡིག་ཏུShanti Deviའདི་ལྟར་བྲིས་སྣང༌། མོ་ཆུང་ངུའི་དུས་ནས་རང་གི་སྐྱེ་བ་སྔ་མ་དེ་རྡེ་ལི་གསར་པ་ནས་ལེ་བར་བརྒྱ་ལྷག་གིས་ཆོད་པའི་ཡུལ་མ་ཐི་ལ་ནས་ཡིན་ཟེར་བ་སོགས་སྐྱེ་བ་སྔ་མའི་ལོ་རྒྱུས་མང་པོ་རྟག་ཏུ་གླེང༌། བུ་མོས་ཕའི་ཁུ་བོ་ལ་རང་གི་སྐྱེ་བ་སྔ་མའི་ཁྱོ་བོ་དེ་རས་འཚོང་མཁན་ཞིག་ཡིན་ཚུལ་དང༌། སྡོད་གནས་སོགས་བཤད་པས། དེས་ལོ་རྒྱུས་དེ་དག་ལས་གནས་ལས་ངལ་གསོ་བྱས་ཟིན་པའི་སློབ་གྲྭའི་སློབ་དཔོན་ལེ་ན་ཞེས་པར་བཤད། ལེ་ན་འོངས་ཏེ་བུ་མོར་བཅར་འདྲི་བྱས་པས་སྔོན་གྱི་ཁྱོ་ག་དེའི་སྡོད་གནས་ཞིབ་གསལ་དག་ཤེས། སློབ་དཔོན་ལེ་ནས་སྔོན་གྱི་ཁྱོ་ག་དེར་ཕྲིན་ཡིག་བཏང་སྟེ། ཆུང་མ་དེ་འདྲ་ཡོད་མེད་སོགས་ལོ་རྒྱུས་དྲིས། སྔོན་གྱི་ཁྱོ་བོ་དེས་ཡིག་ལན་བྱུང་སྟེ། ལོ་རྒྱུས་དག་བདེན་པར་འདུག་ཟེར། དེ་དང་མཉམ་དུ་དེས་རང་གི་གཅེན་པོ་རྡེ་ལིར་སྡོད་པ་ཞིག་ཡོད་པ་ལ། བུ་མོ་དེའི་དྲུང་དུ་ཆེད་བསྐྱོད་གྱིས་རྩད་གཅོད་ཅིག་བྱེད་པར་ཞུས། གཅེན་པོ་དེར་ཕྱིན་པ་ན། བུ་མོས་ཚེ་འདིར་གཏན་ནས་མཐོང་མྱོང་མེད་ཀྱང་བདེ་བླག་ཏུ་ངོ་ཤེས། དེས་བུ་མོར་སྔ་མའི་ལོ་རྒྱུས་གང་དང་གང་དྲིས་པ་ཐམས་ཅད་ལ་ལན་ཇི་ལྟ་བ་བཞིན་འདེབས་པས་ཡིད་གཏིང་ནས་ཆེས། དེ་རྗེས་སྔོན་གྱི་ཁྱོ་བོ་དང་ཕྱིས་སུ་བླངས་པའི་ཆུང་མ་དང༌། བུ་མོའི་ཚེ་སྔ་མའི་བུ་མོ་ལོ་བཅུ་ཙམ་དུ་སོན་པ་བཅས་རྡེ་ལིར་ཆེད་དུ་ལྟར་འོངས། བུ་མོས་སྔོན་གྱི་ཁྱོ་བོ་མཐོང་མ་ཐག་ཏུ་ངོ་ཤེས། ཁྱོ་བོས་སྔོན་གྱི་བྱ་བ་དག་དྲིས་པས་ཐམས་ཅད་མ་ནོར་བར་འཆད་ཐུབ་པས་དེས་ཀྱང་རང་གི་སྔོན་གྱི་ཆུང་མ་དེ་ཉིད་ཡིན་པ་ཁས་མི་ལེན་ཐབས་མེད་བྱུང༌། ཕྱིས་སུ་རྒྱ་གར་སྲིད་གཞུང་གིས་དམིགས་བསལ་བརྟག་དཔྱད་ལྷན་ཚོགས་ཆེད་བསྡུས་ཀྱིས་བུ་མོ་དེ་ཡུལ་མ་ཐི་ལར་ཁྲིད་ནས་བརྟགས་པས་ཐམས་ཅད་ཡིད་ཆེས་པ་ཞིག་བྱུང་སྟེ་ལོ་རྒྱུས་དེས་འཛམ་གླིང་ཁྱབ་པར་གྱུར་ཏོ། །ཕྱིས་སུ་ཧིན་རྡུ་སློབ་གྲྭ་ཆེན་མོའི་དགེ་རྒན་རབ་འབྱམས་པ་ཀྲོས་ཤང་གོང་གིས་ཁོང་ཉིད་བུ་མོ་འདི་དང་དངོས་སུ་འཕྲད་པའི་ལོ་རྒྱུས་བྲིས་པ་འདི་ལྟ་སྟེ། ན་ཉིན་དཔྱིད་དུས་ཀྱི་ཉིན་ཞིག་གི་ཞོགས་པར་རྗེ་བཙུན་པོ་ཨེནSwamiBH.BonMaharajདང་མཉམ་དུ་ཇ་བཏུང་ནས་སྡོད་སྐབས། རྒྱ་གར་གྱི་བུད་མེད་ཅིག་འོངས་ཏེ། ཕན་ཚུན་གཏམ་གླེང་བྱས་པས་ལོ་ཉི་ཤུའི་གོང་དུ་རྡེ་ལིར་བྱུང་བའི་ཚེ་སྔ་ཕྱིའི་གཏམ་རྒྱུད་དེའི་ནང་གི་བུ་མོ་ཧྲན་ཐུས་ཏི་ཝེ་ཉིད་རེད་འདུག་མོ་ད་ལོ་ལོ་སོ་ལྔར་སོན་འདུག ཧིན་རྡུ་པཱང་ཙུ་ཕོས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཁག་ལས་སློབ་མཐར་ཕྱིན། ད་ལྟ་རྡེ་ལི་སློབ་གྲྭ་ཆེན་མོའི་བུད་མེད་མཚན་ཉིད་རིག་པའི་སྡེ་ཁག་གི་འཆད་ཁྲིད་པ་བགྱིད་ཅིང་འདུག ད་ལམ་སེའུ་སུ་རྒྱལ་ཁབ་ཏུ་ཡོད་པའི་སྲིད་པ་སྐྱེ་འཆིའི་སློབ་ཚོགས་ཤིག་གིས་གདན་ཞུ་བྱས་ཏེ་འཆད་ཁྲིད་བྱེད་དུ་འགྲོ་དགོས་པས་རྗེ་བཙུན་པོ་ཨེན་ལ་གྱེས་མཇལ་ཞུ་བའི་ཆེད་དུ་འོང་བ་ཡིན་འདུག ངས་མོ་ལ་ད་ལྟ་སྔོན་གྱི་གནས་དེ་དྲན་ནམ་ཞེས་དྲིས་པས། མོ་ན་རེ། དྲན་ནི་དྲན། འོན་ཀྱང་བྱིས་པའི་དུས་ལྟ་བུ་ཞིག་མི་གསལ། རས་གཞིའི་ངོས་ཀྱི་གློག་བརྙན་བཞིན་ཡུད་ཙམ་རེས་ཡལ་འགྲོ་བར་འདུག དེ་ལྟ་མིན་ན་ད་ལྟའི་སྣང་བ་དང་མི་མཐུན་པས་ཚེགས་ཆེན་པོ་འོང་གིན་འདུག་ཅེས་ཟེར་རོ། །ཞེས་སོ། །ཡང་རྒྱ་གར་ཕན་ལ་གྲོང་ཁྱེར་ན་ ༡༩༤༨ ལོར་སྐྱེས་པའི་བུ་མོ་སུ་ཝན་ན་ཐ་ཞེས་པ་ཞིག་ཡོད། མོ་རང་ལོ་གསུམ་གྱི་དུས་སུ་ཕུ་བོ་དང་ནུ་མོ་རྣམས་ལ་རྟག་པར་མོའི་སྐྱེ་བ་སྔ་མ་དེ་ཡུལ་ཁ་ཐི་ནུ་ནས་ཡིན་ཚུལ་དག་གླེང༌། དེ་ཡང་དུས་དེ་ཡི་ཚེ་ན་ངའི་མིང་ལ་པུས་ཡ་ཞེས་བྱ་ལ། ཧྲི་ལུས་ཞེས་པའི་སྐྱེས་པ་ཞིག་དང་གཉེན་བྱས་སོགས་ཟེར། བུ་མོ་ལོ་གསུམ་དང་ཕྱེད་ཀྱི་དུས་སུ་དེའི་ཕ་མུས་ཤེས་ལ་ཞེས་པས་ཁྲིད་དེ་ལྗོངས་རྒྱུ་བར་ཕྱིན། ལམ་བར་དུ་ཁ་ཐི་ནུ་བརྒྱུད་ནས་འགྲོ་སྐབས་བུ་མོས་གློ་བུར་དུ་ཁ་ལོ་པ་ལ་མོའི་སྐྱེ་བ་སྔ་མའི་ཁྱིམ་དུ་འགྲོ་བདེ་བའི་ལམ་ཞིག་ཡོད་པ་དེར་རླངས་འཁོར་ཁ་ལོ་སྒྱུར་ཅིག་ཟེར་ཡང་དེས་མ་མཉན། དེ་ནས་ཁོང་རྣམས་ཀྱིས་ངལ་གསོས་ཏེ་ཇ་བཏུང་སྐབས་སུ་བུ་མོ་ན་རེ། ཉེ་འདབས་སུ་ཡོད་པའི་ངའི་ཁྱིམ་དུ་སོང་ན་ཇ་འདི་ལས་ཞིམ་པ་བཏུང་རྒྱུ་ཡོད་ཟེར། དེ་ནས་ལོ་གཉིས་ཀྱི་རྗེས་ལ་བུ་མོས་རྟག་པར་གླུ་ལེན་ཞིང་བྲོ་འཁྲབས་ཏེ་གླུ་བྲོ་འདི་རྣམས་ངས་སྐྱེ་བ་སྔ་མར་བསླབས་པ་ཡིན་ཞེས་ཟེར། བུ་མོ་ལོ་བཅུར་སོན་སྐབས་སུ་ཁྱིམ་གཞིས་སྤོས་ཏེ་ཡུལ་ཅུས་ཧ་ཏ་ཕོས་སུ་སོང༌། དེར་ཡུལ་ཁ་ཐི་ནུ་ནས་བྱུང་བའི་བུད་མེད་སི་ལིས་ལེ་ཐུས་ཞེས་པ་ཞིག་ཡོད་པ་མཐོང་བ་ཙམ་གྱིས་སྔོན་ནས་འགྲོགས་པ་བཞིན་དུ་ངོ་ཤེས་ཏེ་སྐྱེ་བ་སྔ་མ་ནས་ཤེས་པ་ཡིན་ཟེར། བུད་མེད་དེས་ཕྱིས་སུ་བུ་མོའི་ཕ་མུས་ཤེས་ལ་ལ་ཁྱོད་ཀྱི་བུ་མོས་ཡུལ་ཁ་ཐི་ནུ་དང་མོ་རང་གི་སྐྱེ་བ་སྔ་མའི་ལོ་རྒྱུས་བཤད་པ་རྣམས་བདེན་པ་འབའ་ཞིག་ཏུ་འདུག་ཅེས་སྨྲས། དེ་སྔོན་ཕས་བུ་མོའི་གཏམ་རྣམས་ལ་སོམ་ཉི་ཙམ་ལས་རྩད་གཅོད་མ་བྱས། དུས་དེ་ནས་བཟུང་ནན་ཏན་ཆེན་པོས་བུ་མོའི་གཏམ་རྣམས་ཡི་གེར་བཀོད་དོ། ། ༡༩༥༥ ལོའི་དཔྱིད་ཀར་རྒྱ་གར་ལཱ་ག་སི་ཧྲ་སློབ་གྲྭ་ཆེན་མོའི་ཚད་འདས་སེམས་ཁམས་རིག་པའི་མཁས་པ་པན་ལེ་ཅུསH.Bannerjeeཞེས་པས་བརྟག་དཔྱད་བྱས་ཏེ། ཁོ་རང་ཐོག་མར་བུ་མོའི་དྲུང་དུ་སོང་སྟེ་སྐྱེ་བ་སྔ་མའི་ལོ་རྒྱུས་རྣམས་ཞིབ་པར་དྲིས། དེ་ནས་ཡུལ་ཁ་ཐི་ནུར་སོང་སྟེ་བུ་མོས་མོའི་སྐྱེ་བ་སྔ་མའི་ཁྱིམ་ཡིན་ཟེར་བའི་ཕ་ཧྲ་ཁུའི་ཁྱིམ་དུ་སོང་ནས་རྩད་གཅོད་བྱས་པས་ཁྱིམ་ཚང་དེར་དངོས་གནས་བུ་མོ་པུས་ཡ་ཞེས་པ་ཞིག་ཡོད་པར་མ་ཟད་ཡུལ་མེས་ཧ་རུ་ཡོད་པའི་སྐྱེས་པ་ཧྲི་ལུས་ལ་བག་མར་བྱིན་ཅིང༌། ༡༩༣༩ ལོར་ཚེ་འཕོས་པ་བཅས་གསལ་པོར་ཤེས། བུ་མོས་སྨྲས་པའི་སྐྱེ་བ་སྔ་མའི་ལོ་རྒྱུས་རྣམས་དང་ཁྱིམ་ཚང་དེའི་མི་དག་གིས་བཤད་པ་རྣམས་མ་བསྒྲིགས་རང་འགྲིགས་སུ་གྱུར། ཁྱད་པར་དུ་བུ་མོས་སྐྱེ་བ་སྔ་མའི་ཁྱིམ་ཚང་དེའི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་དགུ་ཙམ་བཤད་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་འགྲིགས། དེས་ཚོད་བགམ་པའི་ཕྱིར་རྫུན་གྱིས་མགོ་བསྐོར་ཀྱང་བུ་མོས་མ་ནོར་མ་འདྲེས་པར་སྐྱེ་བ་སྔ་མའི་ཉེ་འབྲེལ་ཉི་ཤུ་ལྷག་གི་མིང་ནས་སྨྲ་ཞིང་གཞན་ཡང་སྐྱེ་བ་སྔ་མའི་ལོ་རྒྱུས་མང་དུ་སྨྲས་པ་ཐམས་ཅད་བདེན་པ་ཉག་གཅིག་ཏུ་བྱུང་ངོ༌། །ཚུལ་དེ་ཐོས་པས་ཕ་ཧྲ་ཁུའི་ཁྱིམ་མི་དང་བུ་མོ་པུས་ཡའི་ཁྱོ་གའི་ཁྱིམ་མི་དག་ལོ་དེའི་དབྱར་དུས་སུ་ཆེད་དུ་ཅུས་ཧ་ཏ་ཕོས་སུ་བུ་མོར་ལྟ་བར་འོང༌། བུ་མོས་དེ་དག་མཐོང་བ་དང་སུས་ཀྱང་ངོ་སྤྲོད་མ་བྱས་པར་རེ་རེ་བཞིན་མི་དེ་རྣམས་ཀྱི་མིང་ནས་བརྗོད་པར་མ་ཟད་མི་དེ་དག་ཕན་ཚུན་ཇི་ལྟར་ཉེ་འབྲེལ་ཡིན་ཚུལ་དང་རང་ཉིད་པུས་ཡ་ཡིན་པའི་ཚེ་ན་མི་དེ་རྣམས་དང་མཉམ་དུ་བྱ་བ་ཅི་ཞིག་བྱས་པ་རྣམས་དང་ཐ་ན་པུས་ཡའི་མདུན་སོ་ལ་གསེར་སོ་ཞིག་སྤྲད་པ་བཅས་ཞིབ་པར་སྨྲས། ཉེ་འབྲེལ་རྣམས་ན་རེ། བུ་མོས་སྨྲས་པ་ཐམས་ཅད་པུས་ཡ་དང་ཉེ་འབྲེལ་རྣམས་ཁོ་ན་ལས་མི་གཞན་གྱིས་མི་ཤེས་པའི་བྱ་བ་དག་སྟེ་བདེན་གཏམ་ཁུངས་ཐུབ་ཁོ་ནར་འདུག་ཅེས་ཟེར་ཞིང་བུ་མོ་དེ་པུས་ཡའི་ཡང་སྲིད་ཡིན་པར་གཏིང་ནས་ཡིད་ཆེས། དེ་རྗེས་བུ་མོ་དང་དེའི་ཁྱིམ་མི་རྣམས་ཡུལ་ཁ་ཐི་ནུ་དང་མེས་ཧ་གཉིས་སུ་བུ་མོའི་སྔ་མའི་ཕ་ཡུལ་དུ་ལྟར་ཕྱིན། བུ་མོས་ཡུལ་མེས་ཧ་ནས་ཀྱང་ཡུལ་ཕྱོགས་དང་སྐྱེ་བོ་མང་པོ་ངོས་ཟིན་ཅིང་མོ་རང་ཤི་རྗེས་སུ་བྱུང་བའི་རྣམ་པ་གསར་བ་དག་ལ་བལྟས་ཏེ་སྲིད་པ་ལ་སྐྱོ་བའི་དབུགས་རིང་ནར་ནར་དུ་འབྱིན། དེ་ནས་བཟུང་སུ་ཝན་ན་ཐ་རྒྱུན་དུ་ཡུལ་དེར་པུས་ཡའི་གཅེན་གཅུང་རྣམས་དང་ཕྲུ་གུ་རྣམས་ལ་འཕྲད་དུ་འགྲོ་ཞིང་དེ་རྣམས་ལ་བྱམས་སེམས་ཟོལ་མེད་བྱེད་དོ། །དོན་འདི་ལ་ཨ་རིའི་རབ་འབྱམས་པ་ཧྲི་ཐུས་ཝེན་ཧྲེན་ ༡༩༦༡ ལོར་རྒྱ་གར་དུ་ཕྱིན་ཏེ་བརྟག་དཔྱད་བྱས་ལ་དེའི་སྔོན་ནས་ཀྱང་གོང་སྨྲས་ལྟར་པན་ལེ་ཅུས་ཀྱིས་ཞིབ་ཏུ་བརྟགས་ཏེ་གཏན་ལ་ཕབ་ཟིན་ཏོ། །ཡང༡༩༥༦ལོའི་ཟླ་དང་པོར་ཐུར་ཁེTurkeyརྒྱལ་ཁབ་ཀྱི་ཡུལ་ཡུས་ཏ་ན་ཞེས་པར་སྐྱེས་པ་ཨ་པེས་ཞེས་བགྱི་བ་ཞིག་ཡོད་པ་དེ་ཉིད་ཀྱི་བཟའ་ཤིང་རྭ་བའི་ལས་གཡོག་པ་འགའ་ཞིག་གིས་མགོ་བོ་བཅོམ་སྟེ་རྟ་རྭའི་ནང་དུ་བསད། དེས་སྐད་ངན་བརྒྱབ་པ་ཐོས་ནས་ཆུང་མ་དང་བུ་དག་དེར་ཕྱིན་པས་དེ་རྣམས་ཀྱང་སྲོག་དང་ཕྲལ། གསོད་མཁན་དག་གཟའ་འཁོར་གཅིག་གི་རྗེས་ནས་ཟིན་ཏེ་བཙོན་དུ་བཅུག དེ་རྗེས་ཨ་པེས་ཀྱི་ཆུང་མ་སྔ་མ་ཤཱ་ཏིས་སུ་ཞེས་པའི་མོ་གཤམ་ཞིག་ཡོད་པ་དེ་དང༌། ཨ་པེས་དང་ཆུང་མ་ཕྱི་མའི་བུ་མོ་ག་ལོས་ས་ལེན་ཞེས་པ་དང་བུ་སན་ལྗེ་ཞེས་པ་རྣམས་ཀྱིས་ཁྱིམ་གཞིས་བསྐྱངས་ཏེ་གནས་སོ། །དེ་ནས་མི་རིང་བར་ཡུལ་དེ་གའི་སྐྱེས་པ་མིས་ཧྥེ་མོ་ཐུ་ཁྱོ་ཤུག་གཉིས་ལ་བུ་ཞིག་བཙས་ཏེ་མིང་དབྱི་ཧྲི་མེ་ཞེས་བཏགས། དེ་ལོ་གཅིག་དང་ཕྱེད་ཀྱི་དུས་སུ་ཉིན་ཞིག་ཕ་དང་མཉམ་དུ་མལ་ཁྲི་གཅིག་གི་སྟེང་དུ་ཉལ་ནས་སྡོད་ཚེ་དེ་ན་རེ། ང་ཁྱིམ་འདི་ནས་དེ་ཙམ་ལས་སྡོད་པར་མི་འདོད་དེ། རང་ཁྱིམ་དུ་སོང་ནས་ཕྲུ་གུ་རྣམས་དང་མཉམ་དུ་སྡོད་དགོས་ཟེར། ཕ་ཡ་མཚན་ཞིང༌། དབྱི་ཧྲི་མེ་ཁྱོད་ཀྱི་ཁྱིམ་ནི་འདི་ཡིན་ནོ། །ཡང་བྱིས་པ་ན་རེ། ང་ནི་གཞན་དག་གིས་སྲོག་དང་ཕྲལ་བའི་ཨ་པེས་ཡིན་ཏེ། ལོ་ལྔ་བཅུར་སོན་ཚེ་མགོ་བོ་བཅོམ་ནས་ཚེ་དུས་བྱས་པ་རེད་ཟེར། མིས་ཧྥེ་མོ་ཐུས་དེ་མ་ཐག་གཏམ་དེ་ཆུང་མ་ལ་སྨྲས་པས། ཆུང་མས་དེ་ལྟ་ན་དབྱི་ཧྲི་མེ་བཙའ་ཚེ་མགོ་ན་རྨ་ཤུལ་ནག་པོ་ཞིག་འདུག་པ་རྨས་སྐྱོན་ཕོག་པ་ཡིན་རྒྱུར་འདུག་ཟེར། འོན་ཀྱང༌། ཁོང་གཉིས་ཚེ་སྔ་ཕྱི་ཁས་མི་ལེན་པའི་ཆོས་ལུགས་པ་ཡིན་པས་འཕྲལ་དུ་ཡིད་མ་ཆེས་ལ་གཞན་གྱིས་ཤེས་པར་ཡང་མི་འདོད་དོ། །དབྱི་ཧྲི་མེས་ང་ངེས་པར་དུ་ཕྲུ་གུ་དག་གི་དྲུང་དུ་འགྲོ་དགོས་ཞེས་ཕ་མ་གཉིས་ལ་ཞུ་བ་ཡང་ཡང་བྱས། དེའི་ཕས་འདི་སྨྱོན་པ་རེད་འདུག་ཅེས་སྤྱོས་ཏེ་མ་བཏང༌། དེའི་ཕ་སོགས་ཀྱིས་དེ་ལ་དབྱི་ཧྲི་མེ་ཞེས་པའི་མིང་ནས་བོས་ཚེ་ཁ་ལན་གཏན་ནས་མི་བྱེད། ཨ་པེས་ཞེས་པའི་མིང་ནས་བོས་ཚེ་གདོད་ཁ་ལན་བྱེད་དོ། །དབྱི་ཧྲི་མེ་ཉལ་བའི་ཚེ་སྐབས་སྐབས་སུ་གཉིད་བཤད་ལྟ་བུས་སྔོན་གྱི་བུ་མོའི་མིང་ནས་བོས་ཏེ། ག་ལོས་ས་ལེན། ཁྱོད་མ་ངུ་ཨང༌། ཟེར་ཏེ་ཕས་བུ་མོ་ལ་སེམས་གསོ་བྱེད་པ་ལྟར་བྱེད། ལོ་གཅིག་གི་རྗེས་ཀྱི་ཉིན་ཞིག་དེའི་ཕས་ཤི་ཀ་འགའ་ཞིག་ཉོས་ཏེ་ཁྱེར་འོངས་བས། དེ་དག་གི་ནང་ནས་ཆེ་ཤོས་དེ་བླངས་ནས། འདི་ནི་ངས་ག་ལོས་ས་ལེན་ལ་འཁྱེར་དགོས། སུས་ཀྱང་བཟའ་མི་རུང་ཟེར། དེའི་ཕས་འཁྱེར་དུ་མ་བཅུག་པས་སེམས་རབ་ཏུ་སྐྱོ་སྟེ་ངུའོ། །ཨ་པེས་ཆང་སྲེད་ཤིན་ཏུ་ཆེ་བའི་བག་ཆགས་ཀྱིས་དབྱི་ཧྲི་མེས་ཀྱང་རྒྱུན་དུ་ཕ་མས་མ་ཚོར་བར་ཆང་རྒོད་བརྐུས་ཏེ་འཐུང༌། སྐབས་ཤིག་དེའི་ཁུ་བོ་མ་ཧཱ་མོ་ཐུས་མཐོང་ནས་སྤྱོས་པས་དབྱི་ཧྲི་མེ་ན་རེ། དོན་མེད་མ་ཟེར་ཞིག ཁྱོད་ངས་ཆང་བཏུང་བ་ལ་སྤྱོ་འམ། མ་ཧཱ་མོ་ཐུ། ཁྱོད་ངེད་ཀྱི་བཟའ་ཤིང་ར་བའི་ལས་གཡོག་པ་བྱེད་ཚེ་ངའི་ཆང་བརྐུས་ཏེ་བཏུང་ཡང་ངས་མ་ཚོར་བ་ལྟར་དུ་བྱས། ད་ལྟ་དྲིན་ལན་ལོག་འཇལ་གྱིས་ང་ལ་སྤྱོས་ཤིང་རྡེག་པར་བྱེད་པ་འདི་དུད་འགྲོ་ལས་ཀྱང་དམན་ནོ། །ཞེས་ཟེར་རོ། །དེའི་ཕ་ཤ་འཚོང་པ་ཞིག་ཡིན་པས་ཉིན་ཞིག་ཤ་གཏུབ་ཚེ་དབྱི་ཧྲི་མེས་ཤ་འདི་བསྲེགས་ཏེ་ངའི་ཕྲུ་གུ་ཚོར་འཁྱེར་དགོས་ཟེར། དེའི་ཕས། བྱིས་པ་འདིས་ཀྱང་སྨྱོ་གཏམ་བཤད་ཀྱིན་འདུག ཁྱོད་ཤ་འཚོང་པ་མི་ས་ཧྥེ་མོ་ཐུའི་བུ་དབྱི་ཧྲི་མེ་ཡིན་གྱི་ཨ་པེས་ལྟ་ག་ལ་ཡིན། ཁྱོད་ད་དུང་སྨྱོ་གཏམ་འདི་ཤོད་དང་ངས་གུ་ཡངས་མི་གཏོང་ངེས་པ་ཡིན། ཞེས་ཟེར་བས་དེ་དུས་ཚོད་འགའ་ཞིག་གི་ཡུན་ལ་ངུ་ཞིང་འདུག་གོ །ཉིན་ཞིག་འཁྱགས་ཞོ་འཚོང་མཁན་ཞིག་མཐོང་སྟེ། ཚེ་འདིར་ནི་ད་སྔོན་གཏན་ནས་འཕྲད་མ་མྱོང༌། དེས་དེ་ལ་ཀ་ཡེ་ཞོ་འཚོང་པ། ང་ངོ་ཤེས་སམ། མི་ཤེས་སོ། །འོ་ན། ཁྱོད་ཀྱིས་ང་བརྗེད་དམ། ང་ནི་ཨ་པེས་ཡིན། ཁྱོད་སྔོན་སྔོ་ཚོད་དང་ཤིང་འབྲས་འཚོང་པ་ཡིན་ན། ནམ་བྱ་བ་བརྗེས་པ་ཡིན། ཁྱོད་ཆུང་ངུའི་དུས་སུ་ངས་བྱ་བ་འདི་དང་འདིའི་གྲོགས་བྱས་པ་མ་ཡིན་ནམ། ཞེས་ཟེར་ཏེ། དེ་ལྟར་སྨྲས་པ་ཐམས་ཅད་བདེན་པ་འབའ་ཞིག་ཏུ་བྱུང་ངོ༌། །དེ་ནས་བཟུང་དབྱི་ཧྲི་མེས་སྔོན་གནས་དྲན་པའི་གཏམ་དེ་གང་སར་ཁྱབ་པས། ཕ་མ་གཉིས་ཀྱིས་ཀྱང་གསང་རྒྱ་བྱ་བའི་རེ་ཐག་ཆད་དོ། །དབྱི་ཧྲི་མེ་ལོ་གསུམ་དུ་སོན་ཚེ་ཕ་མ་གཉིས་སོགས་དང་མཉམ་དུ་ཨ་པེས་ཀྱི་ཁྱིམ་དུ་ལྟར་ཕྱིན། ཁྱིམ་དེ་ནི་ད་ལྟའི་ཁྱིམ་ལས་སྤྱི་ལེ་གཅིག་ལྷག་གི་ཕ་རོལ་གྲོང་གི་གསེབ་བགྲོད་དཀའ་བ་ཞིག་ན་ཡོད། དབྱི་ཧྲི་མེ་ཚེ་འདིར་དེར་གཏན་ནས་འགྲོ་མྱོང་མེད་ཀྱང༌། ཤིན་ཏུ་རྒྱུས་མངའ་བས་ལམ་ཁྲིད་དེ་སྔོན་དུ་འགྲོ། གཞན་དག་གིས་ཆེད་དུ་ལམ་ལོག་པར་ཁྲིད་ཀྱང་མཉན་ཙམ་ཡང་མི་བྱེད་པར་ཤར་རེར་ཨ་པེས་ཀྱི་ཁྱིམ་དུ་ཕྱིན། དེར་བུད་མེད་ཅིག་འདུག་པ་མཐོང་མ་ཐག་ཏུ། ཤཱ་ཏིས་སུ་ཞེས་འབོད་ཅིང་དེ་ལ་འཐམས་ནས་སྐྱོ་སྟེ་ངུ་ཞིང༌། ཕྲུ་གུ་དག་ལ་བྱམས་བརྩེ་ཚད་མེད་དང་སེམས་གསོ་བྱེད། དེ་ནས་མི་རྣམས་ཁྲིད་ནས་རྟ་རྭའི་ནང་དུ་ཕྱིན་ནས། གནས་འདི་ནི་གཤེད་མ་ལཱ་ལོ་སང་གིས་ང་གསོད་པའི་ས་དེ་རེད། ཅེས་ཟེར། ཡང་ཐམས་ཅད་ཁྲིད་ནས་ཨ་པེས་ཀྱི་དུར་སར་ལྟར་ཕྱིན། ཨ་པེས་ཀྱི་དུར་ས་དེ་ལ་ཐུན་མིན་གྱི་མཚོན་རྟགས་ཅི་ཡང་མི་འདུག་ཀྱང་ཁོས་མ་ནོར་མ་འཆུག་པར་དེར་ཕྱིན་ཏེ། འདི་ནི་ངའི་སྐྱེ་བ་སྔ་མ་དེའི་མཐར་ཐུག་གི་སྡོད་གནས་རེད། ཅེས་ཟེར། ཨ་པེས་དང་མི་གཞན་གྱི་བར་དངུལ་གཡར་བསྐྱིས་ཀྱི་འབྲེལ་བ་ཡོད་པ་སོགས་ཨ་པེས་ཉིད་ལས་མི་ཕལ་བས་མི་ཤེས་པའི་བྱ་བ་དག་ཀྱང་གསལ་པོར་དྲན་ཏེ་འཆད་ཅིང༌། ཁོང་གི་སྔོན་གྱི་བཟའ་ཤིང་ར་བའི་ལས་གཡོག་པ་རྣམས་ཀྱི་རུས་མིང་དང་ཕ་ཡུལ་དང་བཅས་པ་ཅུང་ཟད་ཀྱང་མ་ནོར་བར་སྨྲ་བས་མི་རྣམས་ཡིད་ཆེས་ཏེ་དབྱི་ཧྲི་མེ་ནི་ཅིས་ཀྱང་ཨ་པེས་ཀྱི་ཡང་སྲིད་ཡིན་ངེས་རེད་ཅེས་གླེང་ངོ༌། །དེ་རྗེས་ཨ་པེས་ཀྱི་བུ་སན་ལྗེ་དབྱི་ཧྲི་མེ་ལ་འཕྲད་དུ་ཕྱིན་པ་ན་དེ་ན་རེ། སན་ལྗེ། ཁྱོད་ལ་ནུ་བོ་གཉིས་ཡོད་དེ་ཡུ་སུ་མ་ཐུ་དང་ཀྲོ་དབྱིན་ཧྥོ་ཞེས་བགྱི། དེ་གཉིས་དང་ང་རང་ཁྱོད་ཀྱི་མ་རྣམས་མཉམ་དུ་བསད་པ་རེད་ཅེས་ཟེར་རོ། །དེ་ནས་ལོ་རྒྱུས་དེས་འཛམ་གླིང་ཧྲིལ་པོ་སྐད་གྲགས་ཀྱིས་ཁྱབ་བོ། ། ༡༩༦༢ ལོ་དབྱི་ཧྲི་མེ་ལོ་དྲུག་ཏུ་སོན་སྐབས་རྒྱ་གར་གྱི་ལ་ཁྲ་ཧྲི་ཏན་སློབ་གྲྭ་ཆེན་མོའི་དགེ་རྒན་ཚད་འདས་སེམས་ཁམས་རིག་པའི་རབ་འབྱམས་པ་པཱ་ནེར་ཅུས་ཆེད་དུ་ཡུལ་ཡ་ཏ་ནར་ཕྱིན་ནས་དབྱི་ཧྲི་མེར་བརྟག་དཔྱད་བྱས་ཏེ་བདེན་པར་གཏན་ལ་ཕབ་བོ། །པཱ་ནེར་ཅུས་ཀྱིས་དབྱི་ཧྲི་མེར་བརྟག་དཔྱད་བྱེད་པ་ནའང་ཨ་པེས་ཞེས་འབོད་པ་ལས་དབྱི་ཧྲི་མེ་ཞེས་བོས་ན་ཁ་ལན་མི་བྱེད་དོ། །དབྱི་ཧྲི་མེ་དབུལ་པོའི་ཁྱིམ་དུ་སྐྱེས་པས་རྒྱུན་དུ་བཟའ་བཅའ་བཟང་པོ་ཆེར་མི་རྙེད་ཀྱང༌། ཕ་མ་དག་གིས་བུ་རམ་སོགས་ཁོས་ཡེ་བཟའ་མ་མྱོང་བའི་ཟས་ཞིམ་པོ་རེ་བྱིན་ཚེ་རང་གིས་བཟའ་མི་བྲ་བར་ཤཱ་ཏིས་སུ་དང་ཕྲུ་གུ་དག་ལ་ཁྱེར་ཏེ་འགྲོ། ནམ་ཤཱ་ཏིས་སུ་མཐོང་བ་ན། བུད་མེད་ལས་ངན་མ་ཞེས་ཟེར་ནས་མིག་ཆུ་ཤར་ཤར་དུ་འོང་ངོ༌། །དབྱི་ཧྲི་མེ་ལམ་དུ་ཞུགས་པ་ན་རྒྱུན་དུ་སྐེ་དཀྲིས་ཤིག་དཀྲིས་ཏེ་འགྲོ། ཡུལ་དེ་གའི་མི་རྣམས་ལ་དེ་འདྲའི་སྲོལ་མི་འདུག་ཀྱང༌། ཨ་པེས་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་ཤིག་ཡིན་འདུག་སྟེ། དེའི་བག་ཆགས་ཡིན་པར་མངོན་ནོ། ། དེ་ཡང་རྒྱ་ནག་ཧྲན་ཤིས་ཞིང་ཆེན་པུན་ཤན་རྫོང་གི་སྐྱེས་པ་ཀྲང་ཧྲེན་ཡེས་ཞེས་པས་སྔོན་གནས་རྗེས་སུ་དྲན་ཏེ། ཚུལ་འདི་པུན་ཤན་རྫོང་དང་ཡུན་ཧྲིག་རྫོང་སོགས་ཀྱི་ཕོ་མོ་རྒན་གཞོན་ཀུན་ལ་རླུང་ལྟར་དུ་གྲགས་པའི་གཏམ་ཡིན་ལ། ཀྲང་ཧྲེན་ཡེས་དང་ལྷན་ཅིག་གནས་པའི་ཡུན་ཧྲིག་རྫོང་གི་རྫོང་དཔོན་ཝེ་མེན་ཙས་ཀྱིས་ཀྱང་གསལ་བར་བསྙད་པས་བདེན་པ་ཁུངས་ཐུབ་རང་དུ་འདུག ཁོའི་སྐྱེ་བ་སྔ་མའི་མིང་ལ་ཐེན་སན་ཉོས་ཞེས་བྱ་སྟེ་པུན་ཤན་རྫོང་གྲོང་གི་ལྷོ་ནུབ་ལེ་དབར་བཅུ་གསུམ་མཚམས་ཀྱི་གྲོང་བརྡལ་ཞིག་ཏུ་གནས། ཡུལ་དེ་གའི་མི་རྣམས་ས་ཕུག་བྲུས་ཏེ་དེར་སྡོད། སྐབས་ཤིག་ཆར་བ་ཡུན་རིང་བབས་པས་ཆུའི་འཇིགས་པ་བྱུང་ཞིང༌། ཐེན་སན་ཉོས་སྒོ་དྲུང་དུ་འདམ་མང་པོ་བསགས་འདུག་པ་ཕྱིར་དབོ་བའི་ཆེད་དུ་ཕྱིན་ཚེ་ཆར་གྱིས་རླན་པའི་ཕུག་པ་རྡིབ་སྟེ་རྡིབ་འོག་ཏུ་ཤི དེ་ལྟ་ནའང་ཁོས་རང་ཉིད་ཤི་བ་མ་ཤེས་ཏེ། རྡིབ་འོག་ཏུ་སོང་ཕྲལ་རང་གིས་ཤུགས་ཕྱུང་པས་ས་འོག་ནས་སླར་ཐོན་སྙམ་བྱེད། རང་ལ་རྨས་སྐྱོན་མ་བྱུང་བས་དགའ་སྟེ་ཁྱིམ་དུ་ལོག་པས་རང་གི་ཆུང་མ་མཐོང་སྟེ་དེ་ལ་དེ་རིང་ཆག་སྒོ་ཆེན་པོ་བྱུང་ནས་ཅུང་ཙམ་མ་གཏོགས་ངེད་ས་འོག་ནས་ཤི་སོང་ཞེས་སྨྲས། འོན་ཀྱང་ཆུང་མས་མ་ཚོར་བ་ལྟར་གཏམ་ལན་ཅི་ཡང་མི་བྱེད་པས་ཁྲོས་པར་གྱུར། དེ་ནས་རང་གི་བུ་མཐོང་སྟེ་དེ་ལ་སྨྲས་པ། ཁྱོད་ཀྱིས་ཐོས་སམ། ད་ཅི་ས་ཞིག་སྟེ་རི་ཉིལ་བ་བཞིན་དུ་བྱུང༌། ངས་ས་དེ་དག་བསལ་ནས་ཕྱིར་ཐོན་པས་སྲོག་ལན་ཅིག་ཐར་ཙམ་བྱུང་སོང༌། བུས་ཀྱང་མཉན་ཙམ་ཡང་མི་བྱེད་པར་མ་ཐོས་པ་ལྟར་དུ་འདུག་པས་ཤིན་ཏུ་ཁྲོས་ཏེ་ང་དེ་རིང་སྲོག་གི་འཇིགས་པ་དང་འཕྲད་ཀྱང་མ་ཤི་བར་སླར་འོང་པ་ལ་ཡང་ཆུང་མ་དང་བུ་གཉིས་ཀྱིས་སྣང་མེད་དུ་འཇོག་པས་ང་ལ་མཛའ་གཅུགས་ཀྱི་བསམ་པ་ཅུང་ཟད་ཀྱང་འཆང་མི་འདུག་སྙམ་སྟེ་འཕྲལ་དུ་ཁྱིམ་དེ་ནས་ཐོན་ཏེ་པུན་ཤན་རྫོང་དུ་སོང་ངོ༌། །ཚུལ་འདི་ནི་རང་རེའི་གཞུང་དག་ལས་བར་དོའི་སེམས་ཅན་གྱི་རང་བཞིན་བཤད་པ་དེ་ཇི་མ་ཇི་བཞིན་བྱུང་འདུག་གོ །རྫོང་གྲོང་གི་ཤར་ཕྱོགས་སུ་མུན་ཡུས་ཚི་ཞེས་པའི་སྐྱེད་ཚལ་ཡིད་དུ་འོང་བ་ཞིག་ཡོད་པ་དེར་འགྲོའོ་སྙམ་དུ་ཕྱིན་ཏེ་དྲུང་དུ་འབྱོར་བ་དང་སྒོ་བཅད་འདུག་པས་ནང་དུ་མི་ཐར་བའི་སྣང་བ་ཞིག་བྱུང་སྟེ་སྒོ་གླེགས་ཕྱི་ལོགས་ནས་ཤུགས་ཕྱུང་སྟེ་ནང་དུ་འདེད་ཅིང་བསྡད་པས། ཡུན་ཅི་ཙམ་འགོར་རང་ཉིད་ཀྱིས་ཀྱང་མ་ཤེས་སོ། །ཅི་ཞིག་ནས་སྒོ་ཕྱེས་ཏེ་སྒོ་ནང་ནས་ཐར་བ་དང་མའི་མངལ་ནས་བཙས་ཏེ་ས་ལ་ལྷུང་ནས་ངུ་བཞིན་འདུག འདི་ཡང་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་པ་ཇི་ལྟ་བ་བཞིན་ནོ། །མལ་ཁྲིའི་འགྲམ་ན་བུད་མེད་འགའ་ཞིག་གིས་བྲེལ་ཚུབ་ངང་དངོས་པོ་རྣམས་ཡར་སྒྱུར་མར་སྒྱུར་བྱེད་ཅིང་གྲི་གང་དུ་བཞག གྲི་གང་དུ་བཞག་ད་གྲི་མ་རྙེད་ན་ཅི་བྱ་ཞེས་ཟེར། ཐེན་སན་ཉོས་ཀྱིས་གྲི་གྱང་ངོས་སུ་བཀལ་ཡོད་པ་མཐོང་སྟེ། ཕ་ཀི་གྱང་ངོས་སུ་བཀལ་བ་དེ་གྲི་མ་ཡིན་ནམ་ཞེས་ཟེར་ཞིང་མཛུབ་མོས་བསྟན། དེ་འཕྲལ་ཡང་ཨ་ཙི་ངའི་ལག་པ་ཅིའི་ཕྱིར་འདི་འདྲའི་ཆུང་ངུར་གྱུར་ཅེས་ཟེར་བས་དེར་ཡོད་ཐམས་ཅད་ཤིན་ཏུ་སྐྲག་ཅིང་ཧ་ལས་ཏེ། བྱིས་པ་འདི་འདྲེ་ཕྲུག་རེད། མི་གཙང་པའི་དོང་དུ་འཕོངས་ཤིག་ཟེར། ཐེན་སན་ཉོས་ཤིིན་ཏུ་སྐྲག་ཀྱང་འབྲོ་མི་ནུས་པས་ཐབས་ཟད། དེ་ཚེ་ཉལ་ཁྲིའི་སྟེང་དུ་ལོག་ནས་ཡོད་པའི་ཐེན་སན་ཉོས་ཀྱི་མས་བུ་དོང་དུ་འཕེན་པ་ཅིས་ཀྱང་མི་འདོད་པས་གཞན་རྣམས་བྱ་ཐབས་བྲལ། བུད་མེད་དེ་དག་ལས་གཅིག་གིས་གྲི་བླངས་ཏེ་བུའི་ལྟེ་ཐག་བཅད་ཅིང་འདྲེ་བསྐྲད་པའི་ཆེད་དུ་ཁྲག་ཁྱོར་བ་གང་བུའི་གདོང་ལ་བྱུག དེ་ནས་བཟུང་ཐེན་སན་ཉོས་ཀྱིས་ཁ་གྲག་ན་གསོད་པར་ཤེས་ཏེ་ལྐུགས་པར་བརྫུས། ཟླ་འགའ་སོང་བའི་ཉིན་ཞིག་ཁྱིམ་མི་རྣམས་ཀྱིས་ཐེན་སན་ཉོས་གོས་ཀྱིས་གཡོགས་ཏེ་མལ་ཁྲིའི་སྟེང་བཞག་སྟེ་ཁོང་རྣམས་ཞིང་ནང་དུ་སོ་ནམ་ལ་ཕྱིན། ཐེན་སན་ཉོས་ཀྱི་མདུན་ཕྱོགས་སྒོ་འགྲམ་ན་འབྲུ་རིགས་ཉི་མར་བསྐམས་ཕྱིར་ཐང་མར་བརྡལ་ཏེ་ཡོད་པ་བྱ་ཁྱུ་ཞིག་འོངས་ནས་བཟའ་བར་རྩོམ་པ་ན་ཁོས་ལག་པ་གཡུགས་ཏེ་མི་ཆེན་པོ་རྣམས་ཀྱིས་བྱ་ལ་སྐད་གཏོང་ཚུལ་ལྟར་བྱས་ཏེ་བྱ་སྐྲོད་པ་ཁྱིམ་མིས་མཐོང་སྟེ་བྱིས་པ་འདི་ཁྱིམ་ཚང་ལ་བཀྲ་མི་ཤིས་པའི་ལྟས་ངན་དངོས་ཤིག་ཡིན་ངེས་སྙམ་སྟེ་བཟུང་ནས་མི་གཙང་བའི་དོང་དུ་འཕེན་པར་ཆས་པ་ན་ཁོའི་མས་མཐོང་སྟེ་འཕེན་དུ་མ་བཅུག དེ་ནས་བཟུང་ལོ་དྲུག་བདུན་ཙམ་ལ་མ་ཐོན་པར་ཁ་གྲག་མ་ཕོད་པས་ཀུན་ཀྱིས་ལྐུགས་པ་ཞེས་འབོད། མིང་དངོས་ལ་ཀྲང་ཧྲན་ཡོས་ཞེས་བཏགས། ཉིན་ཞིག་དེའི་མེས་པོས་དེ་ས་སྟོང་ཞིག་ཏུ་ཁྲིད་ནས་ལོ་རྒྱུས་ནན་གྱིས་དྲིས་པས་བྱིས་པས་མིག་ཆུ་གཏོང་བཞིན་ཞིབ་པར་བཤད། མེས་པོས་དེ་འདྲ་ཡིན་ན་ད་ནས་བཟུང་སྐྲག་མི་དགོས་ཁྱོད་ལ་གནོད་པ་བྱེད་དུ་མི་འཇུག་ཟེར། དེ་ཕྱིན་ཐེན་སན་ཉོས་བྱིས་པ་རྣམས་དང་མཉམ་དུ་མི་རྩེ་ཞིང༌། མི་ཆེན་པོ་རྣམས་དང་གཏམ་སྨྲ་ཞིང་སྡོད་རྒྱུར་ཤིན་ཏུ་དགའ། དེ་ནས་ཚུལ་དེ་རྣམས་པུན་ཤན་རྫོང་ཡོངས་ལ་གྲགས་ཏེ་གོང་སྲིད་གཞུང་ནས་འོག་འབངས་ཀྱི་བར་ཀུན་ཀྱིས་ཤེས་པར་གྱུར་ཀྱང་ཐེན་སན་ཉོས་ཀྱི་ཁྱིམ་མིས་ནི་རྫུན་ཡིན་སྙམ་སྟེ་འདྲི་རྩད་ཡེ་མ་བྱས་སོ། །དེ་རྗེས་སྐབས་ཤིག་ཐེན་སན་ཉོས་ཀྱི་སྔོན་གྱི་ཁྱིམ་ཚང་དང་ཁྱིམ་མཚེས་གཉིས་ཀྱི་ཞིང་སའི་མཐའ་མཚམས་ལ་རྩོད་གླེང་བྱུང་སྟེ་མཐར་སྲིད་གཞུང་ལ་ཞུ་གཏུག་བྱས། ཐེན་ཚང་གི་ཞིང་སའི་འཛིན་ཡིག་དེ་ཐེན་སན་ཉོས་ཀྱིས་གང་དུ་བཞག་པ་ཁྱིམ་མི་གཞན་གྱིས་མ་ཤེས་པས་ཇི་ལྟར་བཙལ་ཀྱང་མ་རྙེད། གལ་ཏེ་འཛིན་ཡིག་དེ་མ་རྙེད་ན་ཞུ་གཏུག་བྱས་པ་ཕམ་པར་ངེས་པས་ཉེ་འབྲེལ་ཀུན་འཚོགས་ནས་གྲོས་བྱས། ཐེན་སན་ཉོས་ཀྱི་སྲིང་མོའི་ཁྱོ་གས་སྨྲས་པ། ད་ལྟ་ཐེན་སན་ཉོས་མུན་ཡེས་ཚིར་སྐྱེས་འདུག་ཅེས་ཡོངས་གྲགས་རེད། ང་ཚོས་ཁོ་ལ་དྲིས་ན་དེ་ཐེན་སན་ཉོས་ཡིན་མིན་ཡང་ཤེས་ཐུབ། གལ་ཏེ་ཡིན་ན་འཛིན་ཡིག་གར་ཡོད་ཀྱང་ཤེས་འོང་ངོ༌། །ཀུན་ཀྱིས་དེར་གྲོས་འཆམས། དྲིར་ཕྱིན་པས་ས་ཕུག་གི་ཕྱོགས་ག་ཤེད་ཀྱི་རྡོ་གསེབ་ཏུ་བཅུག་ཡོད་ཟེར། དེར་བལྟས་པས་འཛིན་ཡིག་རྙེད། བུ་དང་ཆུང་མ་ཡིད་ཆེས་ཏེ་ཐེན་སན་ཉོས་ལ་འཕྲད་དུ་འོང༌། ཁོང་གཉིས་ཀྱིས་ཅིས་ཀྱང་སླར་རང་ཁྱིམ་དུ་ལོག་ནས་སྡོད་དགོས་ཟེར། ད་ལྟའི་ཕ་མས་གནང་སྟེ་སྔོན་གྱི་ཁྱིམ་དུ་སོང་ནས་རེ་ཞིག་བསྡད་ཀྱང་བྱིས་པ་ལོ་བརྒྱད་ཅན་ཞིག་བུད་མེད་ལོ་སུམ་ཅུ་ལྷག་དང་སྐྱེས་པ་ལོ་ཉི་ཤུར་སོན་པ་གཉིས་ཀྱི་ཁྱོ་ག་དང་ཕ་བྱ་བ་མི་བདེ་བས་ད་ལྟའི་ཁྱིམ་དུ་ཕྱིར་ལོག དེ་ནས་བཟུང་ཐེན་སན་ཉོས་རེས་འགའ་སྔོན་གྱི་ཁྱིམ་དུ་སྡོད། རེས་འགའ་ནི་ད་ལྟའི་ཁྱིམ་དུ་སྡོད་དེ་ཕྱོགས་གཉིས་ཀ་ནས་ཀྱང་ཤིན་ཏུ་སྙིང་བརྩེ་བར་བྱེད་དོ། །ཡང་འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས་སུ་གཡུལ་དུ་ཤི་བའི་དབྱིན་ཇིའི་དམག་མི་ཞིག་རྒྱ་གར་རྡེ་ལི་གྲོང་ཁྱེར་དུ་སྐྱེས་ཏེ། བཙའ་བའི་སྐབས་སུ་ལུས་ལ་སྐྱེ་བ་སྔ་མར་མེ་མདའ་ཕོག་པའི་རྨ་ཤུལ་ཡོད་ཅིང༌། རྒྱ་གར་གྱི་ཡུལ་སྲོལ་རྣམས་དང་དུ་ལེན་འདོད་གཏན་མེད། ཟས་བཟའ་བའི་ཚེ་ནའང་ནུབ་ཕྱོགས་པ་རྣམས་ཀྱི་ལུགས་ལྟར་བྱེད། རྒྱུན་དུ་དམག་ཆས་བྱ་རྒྱུར་དགའ་ཞིང་སུས་ཀྱང་མ་བསླབས་བཞིན་དུ་དབྱིན་སྐད་ཤར་མར་སྨྲ་ལ་སྐྱེ་བ་སྔ་མར་གཡུལ་འགྱེད་བྱས་ཚུལ་དང་གཡུལ་དུ་ཤི་ཚུལ་རྣམས་ཀྱང་ཇི་བཞིན་དུ་འཆད་དོ། །ཚུལ་འདི་ནི་རྒྱ་གར་གྱི་སེམས་ཁམས་རིག་པའི་ཞིབ་འཇུག་ཁང་ཞིག་གི་མགོ་དཔོན་རབ་འབྱམས་པ་པོས་ལ་ཧྲ་ཏི་སོགས་སྐྱེ་སྲིད་ཞིབ་འཇུག་ཚོ་ཆུང་ཞིག་གིས་བརྟག་དཔྱད་བྱས་ཏེ་གཏན་ལ་ཕབ་ནས་གསར་ཤོག་ཐོག་བཀོད་པ་ཡིན་ནོ། །ཡང་བྷར་མ་རུ་བུ་མོ་ལོ་བདུན་ལོན་པ་ཞིག་གིས་མོའི་སྐྱེ་བ་སྔ་མ་སྐྱེས་པ་ཞིག་ཡིན་ཏེ་ཆུང་མ་ཐེངས་བཞི་བླངས། ཆུང་མ་གསུམ་པ་དེ་ཤིན་ཏུ་གཏུམ་པས་དེས་གྲི་བཙུགས་པའི་རྨ་ཤུལ་ད་དུང་དཔུང་པའི་སྟེང་དུ་མངོན། སྐྱེ་བ་སྔ་མར་ཤིང་གི་མི་གཟུགས་ཐག་པས་བསྒུལ་ཏེ་གར་འཁྲབ་ཏུ་འཇུག་པའི་བྲོ་གར་ཁང་ཞིག་བདག་གིར་བྱས་ནས་འཚོ་བ་ཡིན་ཟེར་ཞིང༌། ད་ལྟའང་སུས་ཀྱང་མ་བསླབས་བཞིན་དུ་ཤིང་གཟུགས་ཐག་པས་བསྒུལ་ཏེ་གར་སྣ་ཚོགས་འཁྲབ་ཏུ་འཇུག་པ་དང་དེ་དང་འབྲེལ་བའི་གཞས་ཚིག་མང་པོ་ངང་གིས་ཤེས་སོ། །འདི་ནི་དབྱིན་ཇིའི་རྣམ་ཤེས་རིག་པའི་མཁས་པ་ཆེན་པོ་ཧྥེར་ཏུན་ཧུ་ཨེར་གྱིས་བྷར་མ་ནས་བརྟག་དཔྱད་བྱས་ཏེ་གཏན་ལ་ཕབ་ཅིང་དེ་ཉིད་ཀྱིས་བརྩམས་པའི་མིའི་རྣམ་ཤེས་ཞེས་པའི་དེབ་ཀྱི་ནང་དུ་བཀོད་དོ། ། ཡང༡༩༥༣ལོའི་ཟླ༡༢ཚེས༢༦ཉིན་བྷར་མའི་ཐ་མཱན་གྲོང་དུ་བུ་མོ་ཞིག་བཙས་པ་ལ་མིང་མ་ཏིན་ཨན་མུས་ཡོས་ཞེས་སུ་བཏགས། དེ་ལོ་བཞིར་མ་སོན་བར་དུ་གཏམ་མ་སྨྲས་ལ། སྨྲ་ཤེས་མ་ཐག་ཏུ་མོའི་ཚེ་སྔ་མ་དེ་བྷར་མ་ནས་གཡུལ་དུ་ཤི་བའི་འཇར་པན་གྱི་དམག་མི་ཞིག་ཡིན་ཞེས་ཟེར་ཏེ། ཕ་མ་གཉིས་པོ་ལ་ངུ་བཞིན་དུ་མོ་རང་འཇར་པན་དུ་སླར་ལོག་འདོད་ཅེས་ཡང་ཡང་ཞུའོ། །དེ་ཡང་མོ་ན་རེ། ངའི་ཚེ་སྔ་མ་དེ་འཇར་པན་གྱི་དམག་གི་ཇ་མ་ཞིག་ཡིན། ཉིན་ཞིག་མེ་བུས་ནས་ཟས་གཡོ་བའི་ཚེ་ན། གློ་བུར་དུ་གནམ་གྲུ་ཞིག་བྱུང་སྟེ་མེ་མདའ་མང་དུ་བརྒྱབ་བྱུང་བས་ངེད་རི་སུལ་དུུ་བྲོས། འོན་ཀྱང༌། དཔྱི་མགོའི་མཚམས་ཤུར་དུ་མདེའུ་ཞིག་ཕོག་སྟེ། དེ་ཉིད་དུ་ཚེ་དུས་བྱས། ཤི་བའི་གནས་དེ་ནི་ད་ལྟའི་ཁྱིམ་འདིའི་ཉེ་འདབས་སྨིས་བདུན་ཅུ་དོན་ལྔའི་མཚམས་རང་དུ་རེད། འཇར་པན་དུ་ཕྲུ་གུ་ལྔ་ཡོད་ཅེས་ཟེར་རོ། །འདི་ལ་སྔ་མའི་བག་ཆགས་འཐུག་པོ་དག་ད་དུང་ཡོད་དེ། ནམ་གནམ་གྲུ་བར་སྣང་དུ་འཕུར་བ་མཐོང་ན། དངངས་སྐྲག་ཆེན་པོ་སྐྱེས་ཏེ་སྐད་ངན་རྒྱག་སྟེ། ཕ་མ་དག་གིས་སྤྱོས་པའི་ཚེ། ང་གནམ་གྲུས་བསད་པ་ཡིན། ཞེས་ཟེར། བྷར་མའི་ཟས་གྱི་བྲོ་བ་མི་འདོད་ཅིང་མངར་པོ་བཟའ་བར་དགའ། བུ་མོ་ཆུང་ངུའི་གོས་དག་གྱོན་པར་མི་འདོད་ཅིང་སྐྱེས་པའི་གོས་བགོ་བར་སྤྲོ། རྩེད་ཆས་ཀྱང་མེ་མདའ་སོགས་མཚོན་ཆའི་རིགས་ལ་བྱེད་ཅིང་རྒྱུན་དུ་དམག་གི་རྩེད་མོ་དག་བྱེད་དོ། །སྔར་མེ་མདའ་ཕོག་པའི་གནས་སུ་མདོག་དམར་སྨུག་ཏུ་གྱུར་པའི་རྨ་ཤུལ་ལག་པ་སོགས་ཀྱིས་རེག་ན་ཟུག་གཟེར་དང་བཅས་པ་ཞིག་སྐྱེས་མ་ཐག་པ་ནས་ལོ་གཉིས་གསུམ་ཙམ་ལ་མ་སོན་བར་དུ་གནས་སོ། །དེ་ལྟར་ཚེ་སྔ་མ་དྲན་ཚུལ་ལ་གོང་སྨྲས་ལྟར་དང་པོ་ཉིད་ནས་དྲན་པ་དང༌། དང་པོ་མི་དྲན་ཡང་ཚེ་སྔ་མའི་གནས་དང་ཡོ་བྱད་སོགས་མཐོང་བ་ན་དེའི་རྐྱེན་གྱིས་གློ་བུར་དུ་དྲན་པའང་ཡོད་དེ། བདག་ཅག་གི་སྟོན་པའི་སྐུ་དུས་སུ་བྱུང་བ་ནི། འདུལ་བ་ལུང་ལས། ཚེ་དང་ལྡན་པ་གང་གྷི་གིའི་སྤུན་གྱ་ཚེ་རབས་ལྔ་བརྒྱར་དམྱལ་བར་སྐྱེས་པ་ཞིག་མིར་སྐྱེས་ཏེ། ཁྱིམ་པའི་གནས་སྐབས་ན་རྩེ་དགའ་དང་ཆ་པ་ལ་བརྩོན་པས་དམྱལ་བ་མ་དྲན། ཕྱིས་རབ་ཏུ་བྱུང་ནས་དམྱལ་བའི་གཏམ་ཐོས་པས་དྲན་ཏེ། བ་སྤུའི་ཁུང་བུ་ནས་ཁྲག་བྱུང་ཞིང༌། ཆོས་གོས་རྣམས་ཁྲ་བོར་གྱུར་ཏེ། དྲི་མི་ཞིམ་ནས། གསོལ་བས། ལུས་ཕྱིས་བཅང་བར་བྱའོ། །ཞེས་སྟོན་པས་ལུས་ཕྱིས་གནང་བར་གསུངས་སོ། །དེ་བཞིན་དུ་ཨ་རིའི་གསོ་རིག་རབ་འབྱམས་པ་ཝེ་ཧྲིBrian L.Weissན་རེ་ཁྲིམས་མཁན་བུད་མེད་ཅིག་གི་སེམས་བྲེལ་ཟང་ངང་ངེད་བཙལ་དུ་འོངས། མོའི་ལོ་བཞི་ལོན་པའི་བུ་མོའི་སྤྱོད་པ་ཡ་མཚན་ཞིག་ཏུ་གྱུར་སོང་ཟེར། དེ་ཡང་བུད་མེད་དེས་གནའ་བོའི་དོང་ཙེ་འགའ་ཞིག་ཁྱིམ་དུ་ཁྱེར་ཏེ་ཕྱིན་པ་བུ་མོས་མཐོང་བ་དང༌། དེ་དག་གི་ཁྲོད་ནས་དོང་ཙེ་ཟུར་མང་པོ་ཅན་ལ་ཡང་ཡང་རྩེ་ཞིང༌། རིགས་མི་གཅིག་པ་དག་སོ་སོར་ཕྱེ་བ་སོགས་བྱེད། བུ་མོ་ན་རེ། འདི་ངས་ངོ་ཤེས་ཏེ། ཨ་མ་ཁྱོད་ཀྱིས་དྲན་ནམ། ང་མི་ཆེན་པོ་དང་ཁྱོད་ཁྱེའུ་ཡིན་སྐབས་ང་ཚོ་ལ་དོང་ཙེ་འདི་འདྲ་ཤིན་ཏུ་མང་པོ་ཡོད་དོ། །ཞེས་ཟེར། མཚན་མོ་དོང་ཙེ་དེ་དག་རུམ་ནས་ཉལ། རྒྱུན་དུ་དུས་རབས་གཞན་ཞིག་གི་ལོ་རྒྱུས་དག་འཆད། ཅེས་ཟེར་རོ། །མས་བུ་མོ་ལ་སྨྱོ་ནད་ཐེབས་སམ་སྙམ་སྟེ་སེམས་ཁྲལ་བྱེད། ངེད་ཀྱིས་བུ་མོ་སྨྱོས་པ་མ་རེད། ཚེ་སྔ་མ་དྲན་པ་ཡིན་པས་སེམས་ཁྲལ་བྱེད་མི་དགོས་ཞེས་སྨྲས། རེ་ཞིག་ནས་བུ་མོའི་སྤྱོད་པའང་སོར་ཆུད། མའི་སེམས་ཁྲལ་ཡང་མེད་པར་གྱུར་ཏོ། །ཞེས་ཟེར་རོ། །དེ་བཞིན་དུ་ཏཱ་ཝེ་ཞེས་པའི་བྱིས་པ་ལོ་བདུན་ལོན་པ་ཞིག་ཡོད། དེ་མས་ཁྲིད་དེ་དབྱི་ཐ་ལིར་ཕྱིན། མ་དེ་ནི་ཚན་རིག་པ་ཞིག་རེད། དབྱི་ཐ་ལི་ནས་སྔོན་གྱི་རོ་མའི་གནའ་ཤུལ་རྙིང་པ་གསར་དུུ་ས་འོག་ནས་རྙེད་པ་ཞིག་ལ་ལྟར་ཕྱིན། དེ་ན་རོ་མའི་དུས་ཀྱི་ཁྲུས་རྫིང་ཞིག་ཡོད། རྫིང་དེའི་ཐོག་ན་རྫ་གཡམ་སྔོན་པོ་ད་དུང་འོད་འབར་བ་དང༌། བརྙན་རིས་དག་ཡོད། དེ་དག་མཐོང་བ་དང་ཏཱ་ཝེ་ཡར་རྒྱུག་མར་རྒྱུག་བྱེད་ཅིང༌། འདི་ནི་ང་ཚོའི་ཁྲུས་རྫིང་དང་ང་ཚོའི་རྫ་གྱོ་རེད་ཅེས་དང༌། ང་ཚོས་སྔོན་ཁྲུས་རྫིང་འདིའི་ནང་ཉ་མཱ་འཇའ་སུ་བཏང་ཡོད། ཅེས་སྐད་རྒྱག་ཉ་མཱ་འཇའ་སུ་ཞེས་པ་དེ་གླེང་བའི་ཚེ་ཡང་སྐྲག་ཅིང་ངུ་སྟེ། ཨ་མ། ང་ཁྲིད་དེ་གཞན་དུ་འགྲོ་རོགས། འདི་ནི་ཤིན་ཏུ་འཇིགས་པའི་གནས་ཤིག་ཡིན་ཞེས་ཟེར་རོ། །དེ་རྗེས་ཏཱ་ཝེ་ལ་ཁྲིས་རྫིང་མཐོང་བ་ན་འཇིགས་པ་སྐྱེ་བ་ཅི་ཡིན་དྲིས་པས་རྒྱུ་མཚན་བརྗོད་མི་ཤེས་པར་འདུག་གོ །ཡང་ཏཱ་ཝེ་ཁྲིད་དེ་ཧྥ་རན་སེའི་ཀྭན་ཤི་ས་ཆར་ཕྱིན་པའི་སྐབས་ཤིག་ན། དེར་ཧྥ་རན་སེའི་དམག་གི་བཙོན་ཁང་མང་པོ་མཐོང༌། ཏཱ་ཝེས་གློ་བུར་དུ་བཙོན་རྭའི་རྩིག་པ་ཞིག་ལ་མཛུབ་མོ་བསྟན་ཏེ། འདི་རེད། འདི་རང་རེད། འདིར་སྔོན་སྐྱེས་པ་ཞིག་རྩིག་པ་འཐུག་པོའི་བར་དུ་བཅུག་སྟེ་བསད་སོང་བས་ཁྱོད་ཚོས་དེ་སླར་བླངས་ཏེ་སྤུར་འཇུག་ལེགས་པར་གྱིས་ཤིག་ཟེར། ཀྭན་ཤི་བཙོན་ཁང་གི་གཞུང་ཕྱོགས་ནས་བྱིས་པ་ཞིག་གི་གཏམ་ལ་ཇི་ལྟར་ཡིད་ཆེས་ཏེ་མ་ཆེས་སོ། །འོན་ཀྱང༌། བྱིས་པས་ཡང་ནས་ཡང་དུ་ཞུ་ཞིང༌། མི་དེའི་མིང་ཡང་སྨྲས་པས། མས་སྔོན་ཡང་བྱིས་པས་དེ་ལྟར་སྨྲས་པ་བདེན་པ་འགའ་རེ་བྱུང་བས་བདེན་ཡང་སྲིད་སྙམ་སྟེ། བཙོན་ཁང་ལ་རྩིག་རྭ་སླར་གསོ་རྒྱུའི་ཁག་ཐེག་བྱས་ཏེ་སོ་ཕག་གི་རྩིག་པ་དེ་བཤིགས་པས་དངོས་གནས་སྐྱེས་པ་ཞིག་གི་རུས་པ་ཆ་ཚང་བྱུང་ངོ༌། །བཙོན་ཁང་ནས་སྔོན་གྱི་བཙོན་པའི་མིང་ཐོ་ལ་ཞིབ་གཤེར་བྱས་པ་ན། བྱིས་པས་སྨྲས་པའི་མིང་དེ་དངོས་སུ་རྙེད། འོན་ཀྱང་ཅིའི་ཕྱིར་རྩིག་པར་བཅུག་པ་ནི་མ་ཤེས་སོ། །ཡང་ཐེངས་ཤིག་ཏཱ་ཝེ་དང་ནུ་བོ་གཉིས་ལོན་ཏོན་གྱི་དངོས་མང་བཤམས་སྟོན་ཁང་དུ་ལྟད་མོ་ལྟར་ཕྱིན། ཨེ་ཅིབ་ཀྱི་རོ་སྐམ་པོ་དག་མཐོང་བ་ན། ཏཱ་ཝེ་མགོ་ཡོམ་འཁོར་ཏེ་འགྱེལ། ཁྱིམ་དུ་བསྐྱལ་ཏེ་མགོ་ཡོམ་དྭངས་པ་ན་ཁོས་ཞན་སྨྱུག་ཅིག་བླངས་ཏེ། ཨེ་ཅིབ་གནའ་རབས་ཀྱི་བྱ་དབྱིབས་ཡིག་འབྲུ་གསུམ་བྲིས་ཏེ་མ་ལ་བསྟན་ནས། འདི་ངའི་མིང་རེད། ཅེས་ཟེར་རོ། །ལོ་རྒྱུས་འདི་དག་ནི་ཏཱ་ཝེའི་མ་ཚན་རིག་པ་དེ་ཡ་མཚན་ནས་ཡི་གེར་བྲིས་ཏེ་རབ་འབྱམས་པ་ལིས་སུ་ལི་ཧྭ་ཏ་ཁུ་ཞེས་པ་དེའི་དྲུང་དུ་བསྐུར། དེས་ལོན་ཏོན་གྲོང་ཁྱེར་ཆོས་ཁང་དུ་བཤད་ཁྲིད་བགྱིད་སྐབས་སུ་བཤད་པ་གསར་ཤོག་ཏུ་བཀོད་པ་ཞིག་གོ །དེ་བཞིན་དུ་རང་རེ་བོད་རྣམས་ཀྱི་ནང་ནའང་གོང་དུ་སྨྲས་པ་ལྟ་བུའི་སྐྱེ་བ་དྲན་མཁན་ནི་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། དགེ་བཤེས་ཤེས་རབ་རྒྱ་མཚོས་སྐྱེ་བ་དྲན་ཚུལ་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས་གསུངས་པ་ཁོང་གི་རྣམ་ཐར་ལས། ཡང་ལན་ཅིག་སྐྱེ་བ་སྔ་ཕྱི་དང་བར་དོའི་སྐོར་ལས་འཕྲོས་ཏེ། བར་དོའི་ལུས་རྟེན་དེ་མཛོད་དང་མངོན་པའི་གཞུང་ནས་བཤད་པ་ལྟར་གྱི་གཟུགས་དབྱིབས་དེ་འདྲ་རང་མཐའ་གཅིག་ཏུ་མེད་པ་འདྲ། དགེ་བཤེས་ཤེས་རབ་རྒྱ་མཚོའི་སྐུ་སྐྱེ་སྔོན་མ་དེ་བུད་མེད་ཅིག་ཡིན་པ་ཁོ་རང་ནས་གསལ་པོར་དྲན་གནང་གིན་འདུག ཁོང་གི་སྐྱེ་བ་སྔོན་མ་དེ་གཤེགས་རྐྱེན་ནི། སྔོན་མའི་བུད་མེད་ཀྱི་ལུས་རྟེན་ཅན་དེ། ས་བྲུ་བའི་སྐབས་གད་པ་བརྡིབས་ཏེ། གད་འོག་ཏུ་ཤི་འདུག་པས། ཁོང་གི་བར་དོའི་ལུས་རྟེན་དེ་བུད་མེད་དེ་རང་གི་རྣམ་པ་ཅན་ཡིན་པ་ལ་གླང་དམར་པོ་ཞིག་ལ་ཞོན་ནས་ད་ལྟའི་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་རང་འཁྲུངས་པའི་མི་ཚང་དེའི་སྒོར་འཛུལ་བའི་སྣང་བ་བྱུང་བ་འདྲ་བ་ཞིག་ལ་དེ་ཉིད་དུ་དྲན་མེད་དུ་སོང་འདུག རྗེས་སུ་ཤེས་རབ་རྒྱ་མཚོ་འཁྲུངས་ནས་སྨྲ་ཤེས་པ་ཙམ་གྱི་རྗེས་ལ་སྔོན་གནས་དྲན་ཏེ། སྔ་མའི་ཁང་ཁྱིམ་སོགས་ངོས་གསལ་ཐག་ཆོད་འཛིན་འདུག་ཅིང་ད་ལྟའང་གསལ་པོར་དྲན་གནང་གིན་འདུག་ཅེས་ཞལ་ལས་དངོས་སུ་ཐོས། ཞེས་གསུངས་སོ། །གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་ནི་སྐྱེ་བ་ཤིན་ཏུ་མང་པོའང་རྗེས་སུ་དྲན་པ་ཡོད་དེ། སོ་སོའི་རྣམ་ཐར་དག་ན་གསལ་བ་ལྟར་ལགས་པས་འདིར་མ་བཀོད་ལ་རེ་རེ་ནས་བརྗོད་ཀྱིས་ཀྱང་ག་ལ་ལང༌། དེ་རྣམས་ནི་མི་ནས་མིར་སྐྱེས་ཤིང་སྐྱེ་བ་སྔ་མ་རང་གིས་དྲན་པའི་སྐོར་ཡིན་ནོ། །ད་ནི་དུད་འགྲོ་ནས་མིར་སྐྱེས་པ་དང་མི་ནས་དུད་འགྲོར་སྐྱེས་པ་འགའ་ཞིག་བརྗོད་དེ། བདག་ཅག་གི་སྟོན་པའི་སྐུ་དུས་སུ་བྱུང་བ་ནི། དགེ་སློང་བ་ལང་བདག་ཅེས་བྱ་བ་སྐྱེ་བ་སྔ་མ་བ་ལང་ནས་ཚེ་འཕོས་པ། བྱད་བཞིན་བ་ལང་དང་འདྲ་བས་སྐྱེ་བོ་རྣམས་འཇིགས་ཏེ་མ་དད་པ་སྐྱེ་བ། བ་ལང་བཞིན་དུ་མིད་པ་གཉིས་ཡོད་པ་ཞིག་བྱུང་སྟེ། དེ་ཡང་ཆུ་བོ་དྲེགས་ལྡན་གྱི་འགྲམ་དུ་གླིང་ཞིག་འདམ་དུ་བྱིང་བ་ཤཱ་རིའི་བུས་འདམ་ནས་ཕྱུངས་ཏེ་ཆོས་བསྟན་པའི་མཐུས་མིར་སྐྱེས་པར་གསུངས་ཏེ། ལུང་ཕྲན་ཚེགས་ལས། ཟླ་བ་དགུ་འདས་ནས་བུ་བ་ལང་གི་ཤ་ཚུགས་དང་ལྡན་པ་ཞིག་བཙས་པ་དང་མིང་བ་ལང་བདག་ཏུ་བཏགས། དེ་ཆེན་པོར་གྱུར་པ་དང་ཤཱ་རིའི་བུ་དེར་བསོད་སྙོམས་ལ་ཕྱིན་པས་བསོད་སྙོམས་ཕུལ་ཏེ། ཁྱེའུ་དེ་ཤཱ་རིའི་བུའི་གདོང་དུ་བསྟན་ནས་དེས་བྲམ་ཟེ་ལ་བརྡ་བྱས་པ་དང༌། བྲམ་ཟེས་ཁྱེའུ་ལ། ཁྱོད་མ་བཙས་པ་ནས་འཕགས་པ་ལ་ཕུལ་གྱིས་སོང་ཞིག སེམས་ཅན་སྲིད་པ་ཐ་མ་པ་དེ་དེའི་ཕྱི་བཞིན་དུ་སོང་ནས་རབ་བྱུང་བརྙེན་རྫོགས་བྱས། བསྒོམས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ལ་ལས་ལས་སྐྱེས་པའི་མིད་པ་གཉིས་ཡོད་དེ། གཅིག་ནས་སྐྱུགས་པ་འབྱིན་ཞིང་ཅིག་ཤོས་ནས་མིད་དོ། །སྟོན་པས་དུས་མིན་པའི་ཁ་ཟས་ཀྱི་བསླབ་པ་མ་བཅས་པའི་ཚེ་སྐྱུགས་ཤིང་མིད་དོ། །བཅས་པ་ན་སྐྱུགས་ཤིང་འདོར་བས་ལུས་རིད་ཅིང་ཉམ་ཆུང་བར་གྱུར་ནས། ཞེས་སོགས་གསུངས་ཏེ། འདི་ལ་བརྟེན་ནས་རྗེས་སུ་སྟོན་པས་བསླབ་པ་འཆའ་བར་མཛད་དོ། །དགེ་སློང་བ་ལང་བདག་གིས་སྔོན་རང་གི་མཁན་པོ་དགྲ་བཅོམ་པ་ལ། ཁྱོད་གླང་རྒན་བཞིན་དུ། ཞེས་ཚིག་མི་སྙན་པ་སྨྲས་པའི་རྣམ་སྨིན་གྱིས་སྐྱེ་བ་ལྔ་བརྒྱར་གླང་དུ་སྐྱེས་ནས་སྲིད་པ་ཐ་མའི་ཚེ་ནའང་གླང་གི་ཤ་ཚུགས་ཅན་དུ་སྐྱེས་པར་གསུངས་སོ། །དེ་བཞིན་དུ་སྦྲུལ་ཤི་བ་མིར་སྐྱེས་ནས་ཁ་ནང་དུ་དུག་ལྷན་སྐྱེས་སུ་ཡོད་པས་སོ་འཁྲུད་པའི་ཤིང་ལམ་ཁར་དོར་བར་བརྟེན་ནས་སྲོག་ཆགས་མང་པོ་ཤི་བས་སྟོན་པས་རྗེས་སུ་དེ་ལྟར་མི་འདོར་བའི་བསླབ་པ་འཆའ་བར་མཛད་དོ། །དེ་དག་དང་མཚུངས་པ་དེང་དུས་སུ་བྱུང་བའི་ལོ་རྒྱུས་ཁུང་ཐུབ། མངོན་སུམ་དུ་མཐོང་བ་པོ་རང་གིས་ཡི་གེར་ཕབ་སྟེ་རྒྱ་ནག་གི་ནང་བསྟན་ཞེས་པ་སོགས་དེབ་མང་པོའི་ནང་དུ་བཀོད་པ་ཞིག་འདུག་པ་འདི་ལྟ་སྟེ། ༡༩༣༧ ལོར་སྐུ་ཞབས་ཡུས་ཉིད་སི་ཁྲོན་ཤིས་ཁྲང་ཆའི་ལོས་ཧྲན་རི་བོའི་ཀྭང་ཧྥོས་དགོན་དུ་སྡོད་སྐབས། ཉིན་ཞིག་གི་ཞོགས་པར་རི་ལས་བབས་ཏེ་གྲོང་དུ་དོན་ཞིག་སྒྲུབ་པར་ཕྱིན། ལམ་བར་དུ་ཆོང་ཧེ་ཞེས་པའི་མཚེའུ་ཞིག་ཡོད་པ་བརྒལ་ཕྱིར་གྲུར་ཞུགས། གྲུ་དེར་ལམ་འགྲུལ་བཅུ་ལྷག་ཅིག་དང་བྱིས་པ་འགའ་ཞིག་ཀྱང་ཡོད། དེ་ལས་བྱིས་པ་གཅིག་གི་ལག་གཡས་གོས་ཀྱིས་བཏུམས་ནས་གཞན་ལ་མཐོང་དུ་མི་འཇུག ཅུང་ཞིག་ནས་བྱིས་པ་གཞན་ཞིག་གིས་གློ་བུར་དུ་དེའི་ལག་པ་གཡས་ནས་བཟུང་སྟེ་ཤུགས་ཀྱིས་ཕྱིར་ཕྱུངས་བས་ལག་མགོ་ནི་ཕག་གི་སུག་པ་དངོས་སུ་འདུག སྐུ་ཞབས་ཡུས་ཉིད་ཀྱིས་དེ་མཐོང་ནས་དངངས་སྐྲག་སྐྱེས་པ་རྒད་པོ་ཞིག་གིས་མཐོང་སྟེ་སྨྲས་པ། བྱིས་པ་འདིས་སྔོན་གྱི་སྐྱེ་བ་གསུམ་དྲན་ཏེ། གསུམ་ཆར་དུའང་ཕག་ཁོ་ནར་སྐྱེས། ཁོས་ད་ལྟའང་སྔོན་ཤན་པས་ཕག་གི་མིད་པར་གྲི་བཙུགས་ཏེ་གསོད་པ་དང༌། ཤ་ཚོང་འདུས་སུ་ཁྱེར་ནས་གྲིས་དུམ་བུར་གཅོད་པ་རྣམས་དྲན་ཚེ་སྙིང་ལ་མཚོན་བསྣུན་པ་ལྟ་བུའི་སྡུག་བསྔལ་མྱོང་གིན་འདུག་ཅེས་ཟེར་རོ། །ཐཱེ་ཝན་གྱི་ཐཱེ་པེ་གྲོང་ཁྱེར་ན་ཕ་ཡུལ་རྒྱ་ནག་ཀྲེ་ཅང་ནས་ཡིན་པའི་རྒན་པོ་ཨོང་ཉིན་ཀྱི་ལག་གཡོན་པའང་ཕག་སུག་ཏུ་ཡོད་ལ། ཁོས་རང་ཉིད་མི་ནས་ཕག་དང་ཕག་ནས་སླར་ཡང་མིར་སྐྱེས་ཚུལ་རྣམས་གསལ་བར་དྲན་གྱིན་འདུག ཚུལ་དེ་རོ་ཡུས་ཞེས་པའི་བཙུན་པ་ཞིག་གིས་མངོན་སུམ་དུ་མཐོང་སྟེ། ༡༩༧༣ལོར་ཡི་གེར་སྤེལ་བ་ལོ་དེར་དཔར་སྐྲུན་བགྱིས་སྣང༌། དེ་ཡང་རྒན་པོ་ཨོང་ཉིད་ཀྱིས་ལག་གཡོན་པ་རས་ཀྱིས་དཀྲིས་ཏེ་སུ་ལའང་མི་སྟོན། ཟས་བཟའ་བའི་ཚེ་ནའང་ཕོར་བ་ཅོག་ཙེའི་སྟེང་བཞག་སྟེ་བཟའ། གོས་འཁྲུ་བ་དང༌། ཟས་གཡོ་བ་སོགས་གཞན་གྱིས་གྲོགས་བྱེད་པ་ཁོ་ནར་བརྟེན་དགོས། ཉིན་ཞིག་རོ་ཡུས་དང་མཉམ་དུ་ཟས་བཟའ་སྐབས་ལག་མགོ་སྦ་བྱེད་ཀྱི་རས་ཐང་ལ་ལྷུང་བས་ལག་མགོ་ཕག་གི་རྨིག་པ་ཅན་དུ་མཐོང་ནས་ཞིབ་ཏུ་དྲིས་པ་ན། རྒད་པོ་ཨོང་གིས་ན་རེ། ངའི་སྐྱེ་བ་སྔ་མའི་སྔ་མ་དེ་མི་དབུལ་བོ་ཞིག་ཡིན། ཐང་ཅིག་ནད་ཀྱིས་བཏབ་ནས་འཆིར་ཉེ་བའི་ཚེ་ན། གློ་བུར་དུ་ལུས་ནི་ཡང་སེང་ངེ་བ་ཞིག་ཏུ་གྱུར་ནས་མིང་མི་ཤེས་པའི་གྲོང་རྡལ་ཞིག་ཏུ་འབྱོར། དེའི་ཚེ་ངའི་ལུས་ལ་གྲང་བའི་སྣང་བ་དཔེ་མེད་པ་ཞིག་བྱུང་ནས་རང་དབང་མེད་པར་གྲང་འདར་རྒྱག་དགོས་པ་ཞིག་བྱུང༌། དེའི་ཚེ་དེ་ན་ཁྱིམ་ཚང་ཞིག་མཐོང་སྟེ། ཁང་བའི་སྒོ་ནི་ཕྱེ་སྟེ་བཞག་འདུག་ནང་དུ་ཕྱིན་པས་མི་གཅིག་ཀྱང་མི་འདུག ཁང་བའི་གྱང་ལོགས་སུ་གོས་ནག་པོ་འགའ་ཞིག་བཀལ་བ་མཐོང་ནས་རྐུ་སེམས་སྐྱེས་ཏེ། གོས་གཅིག་བླངས་ནས་གྱོན་པས་ལུས་ལ་དྲོད་ཀྱིས་ཁྱབ་སྟེ་ཤིན་ཏུ་བདེ་བ་ཞིག་བྱུང་ཞིང༌། ལུས་རང་དབང་མེད་པར་གྱང་ལོགས་དེར་སྡོད་དགོས་པ་ཞིག་བྱུང་ནས་བསྡད་པས་གཉིད་དུ་ཡུར་སོང༌། དུས་ཅི་ཙམ་ཞིག་གཉིད་པ་ནི་མ་ཤེས། གཉིད་སད་ཚེ་ཕག་ཚང་ཞིག་ན་ཕག་མ་ལ་ཕག་ཕྲུག་བདུན་བརྒྱད་ཅིག་བཙའ་བཞིན་འདུག་པ་དེའི་ཁྲོད་ན་སྐྱེས་འདུག རང་གི་ལུས་ལ་བལྟས་པས་རང་ཡང་ཕག་ཕྲུག་ཏུ་གྱུར་འདུག་པས་ཤི་ནས་ཕག་གི་སྐྱེ་བ་བླངས་པ་ཡིན་པ་ད་གདོད་ཤེས། སེམས་ལ་འཇིགས་དངངས་དང་སྐྱོ་བ་ཚད་མེད་པ་ཞིག་བྱུང༌། དེ་ནས་སེམས་སྡུག་དྲགས་ནས་འཆིར་འཇུག་སྙམ་དུ་བསམས་ནས་ཟས་གཅོད་བྱས། འོ་མ་ཡེ་མ་བཏུངས་ཤིང་ཟས་གཞན་ཡང་ཅུང་ཟད་ཀྱང་མ་ཟོས། ཞག་བདུན་གྱི་རྗེས་སུ་སླར་ཡང་སྔོན་བཞིན་ལུས་ཡང་སེང་ངེ་བ་ཞིག་ཏུ་གྱུར་ནས་ཕག་ཚང་ལས་ཐོན་ཏེ་ཡང་གྲོང་ཚོ་གཞན་ཞིག་ཏུ་རླུང་གིས་ཁྱེར་བ་བཞིན་དུ་སོང༌། དེར་ཡང་ལུས་ཤིན་ཏུ་གྲང་ཞིང་གྲང་རླུང་གིས་དེད་ནས་ཁྱིམ་ཞིག་ཏུ་སོང༌། དེ་ནའང་མི་མེད་ཅིང་སྔར་བཞིན་གོས་འགའ་ཞིག་མཐོང་སྟེ། ལག་གཡོན་བརྐྱངས་ཏེ་རྐུ་བར་བརྩམས་ནས་ལག་གཡོན་གོས་ཀྱི་མཐའ་ལ་རེག་ཙམ་གྱི་ཚེ་ན་སྔར་ཡང་འདི་ལྟར་བརྐུས་ནས་ཕག་ཏུ་སྐྱེས་པ་དྲན་ནས་ལག་པ་ཕྱིར་བསྐུམས། འདི་ཉིད་དུ་གྲང་བས་འཆིར་འཇུག་སྙམ་སྟེ། གནས་དེར་བསྡད་པས་གྲང་དྲགས་པས་དེ་ཉིད་དུ་བརྒྱལ་བར་གྱུར། དུས་ཅི་ཙམ་སོང་བ་ནི་མ་ཤེས། བརྒྱལ་སངས་པའི་ཚེ་ན། མི་ཁྱིམ་ཞིག་ཏུ་སྐྱེས་ཏེ་ལུས་ཀྱང་བྱིས་པ་ཆུང་ངུ་ཞིག་ཏུ་གྱུར་ཏེ་གཏམ་སྨྲ་བར་འདོད་ཀྱང་སྨྲ་མི་ནུས་པ་ཞིག་ཏུ་འདུག འོན་ཀྱང་ལག་མགོ་གཡོན་པ་འདི་ནི་འདི་ལྟར་ཕག་སུག་ཏུ་གྱུར་འདུག་ཟེར་རོ། །བཙུན་པ་རོ་ཡུས་ཀྱིས་འདི་མཐོང་དུས་ནི༡༩༥༦ལོ་རེད། རྒན་པོ་ཨོང་ཉིད་ཀྱིས། ངའི་གནས་ཚུལ་འདི་ངེད་ཀྱི་རྩ་བའི་བླ་མ་ནན་ཐེན་དང་ཁྱེད་གཉིས་ལས་གཞན་སུ་ལའང་བཤད་མ་མྱོང༌། ཅིས་ཀྱང་གསང་རོགས་ཟེར། རྗེས་སུ་རྒན་པོ་དེ་གྲོང་ཁྱེར་གྱི་སྨན་ཁང་ནས་ཚེ་འཕོས་རྗེས་ཀུན་ལ་བསྒྲགས་པ་རེད། དེ་བཞིན་དུ༡༩༢༥ལོར་ཧྲང་ཧེ་ན་ཤན་པ་ཞིག་ཡོད་པ་འཆི་ནད་ཀྱིས་ཐེབས་ནས་ཡོད་སྐབས། བཙུན་པ་གནས་སྐོར་ལ་འགྲོ་བ་ཞིག་དང་འཕྲད་པས། བཙུན་པ་ན་རེ། ཁྱོད་ལ་སྡིག་པ་ཆེ་བས་བཤགས་པ་གྱིས་ཟེར། ཤན་པས་ཐལ་མོ་ཡ་གཅིག་བྱས་ཏེ་སངས་རྒྱས་ལ་སྙིང་ནས་གསོལ་བ་བཏབ་སྟེ་ཤིའོ། །དེ་ནས་ཟླ་དགུའི་རྗེས་སུ་ཤན་པའི་ཁྱིམ་མི་རྣམས་ལ་ཐུན་མོང་དུ་རྨི་ལམ་ཡ་མཚན་པ་ཞིག་བྱུང་སྟེ། ཕ་རྒན་ན་རེ། ང་ཁྱོད་ཚོའི་ཁྱིམ་གྱི་ཕ་རྒན་ཡིན། སང་ཉིན་ཁྱིམ་མཚེས་ཀྱི་ཕག་ཚང་དུ་ཕག་ཕྲུག་ཅིག་ཏུ་སྐྱེ་བར་འགྱུར། ཕག་ཕྲུག་གི་ལག་པ་ཡ་གཅིག་མིའི་ལག་པ་ཡིན་པས་ནོར་མི་དགོས། ངའི་སྲོག་སྐྱོབས་ཤིག་ཟེར་རོ། །ཕྱི་ཉིན་བལྟས་པས་ཇི་ལྟ་བ་བཞིན་འདུག་པ་ཧྲང་ཧེའི་ཏ་ཁྲང་པའོ་ཧྭ་དགོན་གྱི་ཚེ་ཐར་ར་བར་བཏང་སྟེ་ཚེ་ཐར་བྱས། ཅིན་ཧྭ་པར་ལེན་ཁང་གིས་འདིའི་བརྙན་པར་བླངས་ཏེ་དུས་དེབ་ཐོག་བཀོད་པས་ཧྲང་ཧེའི་མི་ཕལ་མོ་ཆེས་ཤེས། བརྙན་པར་དེ་ད་དུང་དུའང་འདུག་གོ །མིའི་ལག་པ་དེ་ཐལ་མོ་སྦྱར་བའི་དབྱིབས་སུ་ཡོད་ལ་འགྲོ་བའི་ཚེ་ས་ལ་མི་བརྫི་བར་རྐང་ལག་གཞན་གསུམ་གྱིས་ས་ལ་སྤོས་ཏེ་འགྲོ་བར་འདུག་ཅེས་ཟེར་རོ། །དེ་ལྟར་སྔོན་གནས་དྲན་པ་ནི་འདི་རྣམས་སུ་མ་ཟད་དེ། ད་དུང་ཤིན་ཏུ་མང་པོ་འདུག་ཀྱང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་སོ། །མ་འོངས་པ་ནའང་ད་དུང་འགྲོ་བ་མིའི་རིགས་ཇི་སྲིད་གནས་པ་དེ་སྲིད་རྒྱུན་མི་འཆད་པར་འབྱུང་བ་ནི་གདོན་མི་ཟའོ། །དེ་ལྟར་འཛམ་གླིང་གི་ཡུལ་གྲུ་སོ་སོ་དང༌། ཁྱད་པར་དུ་སྐྱེ་བ་སྔ་ཕྱིའི་རྣམ་བཞག་གཏན་ནས་མ་ཆགས་པའི་ཡུལ་དག་ནས་ཀྱང་སྔོན་གནས་རྗེས་སུ་དྲན་པ་པོ་མང་པོ་བྱུང་ལ། དེ་ཡང་དྲན་ཞེས་ཁོང་ཅག་གིས་སྨྲས་པ་ཙམ་མ་ཡིན་པར་བརྟག་དཔྱད་ཀྱི་ཚོགས་པ་ཆེད་དུ་བཙུགས་ཏེ་ནན་གྱིས་བརྟགས་པས་བདེན་དཔང་ཚད་མ་དང་བཅས་པས་ངེས་ཤེས་རྙེད་པ་དག་ཡིན་ལ། ཁྱད་པར་དུའང་ཕལ་མོ་ཆེ་བྱིས་པ་ཆུང་ངུ་གཏམ་སྨྲ་ཤེས་ཙམ་ནས་སྔོན་གནས་རྗེས་སུ་དྲན་ཏེ། རྒྱལ་ཁབ་གཞན་དང༌། ས་ཕྱོགས་གཞན་དང༌། མི་རིགས་གཞན་སོགས་ཀྱི་ལོ་རྒྱུས་ཕྲ་ཞིང་ཞིབ་པར་སྨྲས་པ་རྣམས་ཕྱིས་བདེན་པ་ཉིད་དུ་གྲུབ་པ་ཡིན་ཞིང༌། དེ་ཡང་བྱིས་པ་དེ་རྣམས་ཚེ་འདིར་ཡུལ་དེ་དག་ཏུ་ཕྱིན་པ་ལྟ་ཅི། ཐ་ན་ཐོས་ཙམ་ཡང་མ་མྱོང་བ་མང་ལ། བྱིས་པ་ཆུང་ངུ་དེ་ཙམ་ཞིག་གིས་གཞན་དག་བསླུ་བར་བྱ་བའི་ཕྱིར་དེ་ལྟར་བཅོས་ཏེ་སྟོན་པར་ཡང་རྔོ་མི་ཐོགས། བཅོས་ཀྱང་དོན་ལ་གནས་པ་དེ་འདྲ་ཞིག་སྟོན་མི་ནུས། ཚེ་སྔ་མའི་ཉེ་དུ་རྣམས་ལ་བརྩེ་གདུང་རྒྱུན་ཆགས་པ་དེ་འདྲའང་འོང་མི་བཏུབ་པས་བྱིས་པས་སྨྲས་པ་དག་ནི་ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་ནོ། །བྱིས་པས་སྔོན་གནས་རྗེས་སུ་དྲན་པ་དེ་ཡང་ལོ་བཞི་ལྔ་ཙམ་མན་ཆད་ལ་ད་དུང་སྔ་མའི་བག་ཆགས་དག་བརྟན་པས་གསལ་པོར་དྲན་ཞིང༌། ལོ་བདུན་བརྒྱད་ཡན་ཆད་ནས་རིམ་བཞིན་སྔ་མའི་བག་ཆགས་དག་སྲབ་ཅིང་ཡལ་ནས། ཚེ་འདིའི་བག་ཆགས་མཐུ་བརྟས་པས་མི་གསལ་བའམ་བརྗེད་འགྲོ་བར་འདུག་གོ །འདི་དག་ནི་མངོན་སུམ་ཚད་མས་གྲུབ་པ་ཡིན་པས་ན་ཚེ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ལ་འདི་ལས་ལྷག་པ་ཅི་ཞིག་དགོས། འགའ་ཞིག་གིས་ད་དུང་ཚན་རིག་གིས་མ་གྲུབ་བར་དུ་ཡིད་མི་ཆེས་ཟེར། ཡིད་མི་ཆེས་པ་ལ་རག་མོད། གཟུགས་མིག་གིས་མངོན་སུམ་དུ་མཐོང་བཞིན་དུ། ད་དུང་རྣ་བས་མ་མཐོང་གི་བར་དུ་ཡིད་མི་ཆེས་ཟེར་བ་དང་མཚུངས་པས་ཤིན་ཏུ་མི་མཛེས་སོ། །འདི་འདྲའི་སྨྲ་བ་ཤིན་ཏུ་མང་བར་ཤེས་པར་བྱའོ། །རིགས་གསར་སྨྲ་བ་རྣམས་ཀྱིས་ད་ལྟའི་བར་དུ་ཁོང་ཚོའི་རིགས་པས་རང་སྟོབས་ཀྱི་སྒོ་ནས་སྐྱེ་བ་སྔ་མ་དྲན་རྒྱུ་ཡོད་པ་ཙམ་ཡང་མ་ཤེས་ལ། བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པས་ནི་སྔོན་ནས་ཡང་ཡང་བཀའ་བསྩལ་ཏེ། མདོ་སྡེ་ས་བཅུ་པ་སོགས་ལས། དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ནོ། །ཚེ་རབས་གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། བཅུ་དང་ཞེས་པ་ནས་བསྐལ་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དུ་རྗེས་སུ་དྲན་ནོ། །ཆེ་གེ་མོ་ཞིག་ནས་བདག་མིང་ནི་འདི་ཞེས་བྱ་བར་གྱུར། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེ་ནི་འདི་ཙམ་ཞིག་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ༌། །བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས་དན་དཔང་དང་བཅས་རྒྱུ་མཚན་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །ཞེས་ཤིན་ཏུ་གསལ་པོར་གསུངས་སོ། །དེ་ལྟར་འགྲོ་བའི་ཚེ་སྲོག་གི་གནད་གལ་པོ་ཆེ་འདིའི་སྟེང་ནས་རིགས་གསར་དང་རྒྱལ་བའི་གསུང་རབ་གཉིས་ཀྱི་བར་ལ་ཁྱད་པར་གནམ་ས་ལྟ་བུ་ཞིག་བྱུང་འདུག་པ་མངོན་སུམ་ཚད་མས་གྲུབ་པ་ཡིན་ལ། དེ་བཞིན་དུ་གཞན་ཡང་གནད་གང་ཟབ་རྣམས་ཀྱི་ཐོག་ནས་ཁྱད་པར་འདི་འདྲ་བ་རེ་འབྱུང་བ་མཁས་པ་རྣམས་ལ་མིག་ལྡན་གྱི་མདུན་ན་གཟུགས་བཞིན་ཤིན་ཏུ་གསལ་བ་ཡིན་པས་བློ་དང་ལྡན་པ་དག་གིས་ཁྱད་འབྱེད་པ་གལ་ཆེའོ། །ཁ་ཅིག་ན་རེ། སྐྱེ་བ་སྔ་ཕྱི་ཞེས་པ་མི་དམིགས་བསལ་བ་རེ་ཟུང་ལས་ཐམས་ཅད་ལ་མེད་དེ། མི་དྲན་པའི་ཕྱིར་ཟེར་ན། ཁྱབ་པ་མེད་དེ། སྔོན་གནས་ཅུང་ཟད་ཀྱང་མི་དྲན་པ་རྣམས་ལའང་འོག་ནས་འཆད་པར་འགྱུར་བའི་གཉིད་འབེབས་ཀྱི་ཐབས་ཀྱིས་སྲིད་པ་ཕྱིར་ཟློག་བྱས་ཚེ་ཐམས་ཅད་ཀྱིས་ཇི་བཞིན་དུ་དྲན་འོང་བའི་ཕྱིར་རོ། །གཞན་ཡང་མི་འགའ་རེའི་སྐྱེ་བ་སྔ་མའི་ཁང་ཁྱིམ་སོགས་ཅུང་ཟད་རེ་ལས་དྲན་མི་འདུག་སྟེ། དེས་མ་དྲན་པ་ཙམ་ཡིན་གྱི་ཁང་ཁྱིམ་སོགས་འགའ་རེ་ལས་སྣང་བ་ཅི་ཡང་མེད་པ་ཞིག་ག་ལ་སྲིད། དེས་ན་མའི་མངལ་དུ་ཡུན་རིང་བརྒྱལ་ནས་བསྡད་པ་དེས་སྐྱེ་བ་སྔ་མ་ཐམས་ཅད་བརྗེད་དུ་བཅུག་པ་ཡིན་ནོ། །མངལ་དུ་ཡུན་ཅི་ཙམ་གནས་ཞེ་ན། མངལ་དུ་གནས་པའི་ཡུན་རིང་ཐུང་ནི་གཅིག་ཏུ་མ་ངེས་ཏེ། སྤྱིར་བཏང་ལ་ཟླ་བ་དགུའམ་བཅུུ་ཙམ་དང་འགའ་ཞིག་དེ་བས་ཡུན་རིང་དུ་གནས་ཏེ། སྲས་སྒྲ་གཅན་འཛིན་ལོ་དྲུག་ཏུ་མངལ་དུ་བཞུགས་ཞེས་རང་རེའི་ལུང་ཕལ་མོ་ཆེ་ལས་གསུངས་པ་དང༌། དགེ་སློང་རྒན་པོ་སྐྱེས་ཞེས་བྱ་བ་ལས་ཀྱི་དབང་གིས་ལོ་དྲུག་ཅུར་མངལ་དུ་གནས་པར་གསུངས་པ་ལྟ་བུའོ། །ཟླ་བ་དགུ་ལས་ཐུང་བའང་ཡོད་མཆི་སྟེ་འོག་ཏུ་འཆད་པར་བྱའོ། །འདི་དག་ལ་ལས་དབང་གིས་ཅིར་ཡང་འབྱུང་བས་ཚད་གཟུང་མི་ནུས་སོ། །དེ་བཞིན་དུ་བར་དོར་གནས་པའི་ཡུན་ལའང་ངེས་པ་མེད་དེ། རང་ཅག་གི་གཞུང་དག་ལས་ཀྱང༌། ཞག་བདུན་ནམ། བདུན་བདུན་ཞེ་དགུའམ། ལུས་ཀྱི་ཚོགས་པ་མ་རྙེད་ཀྱི་བར་དུ་བར་དོར་གནས་པར་གསུངས་ལ། ད་ལྟའི་སྔོན་གནས་རྗེས་དྲན་མཁན་རྣམས་ལའང་མ་ངེས་པ་སྣ་ཚོགས་ཤིག་བྱུང་སྣང་ངོ༌། །འོ་ན། འགའ་ཞིག་གིས་ཅིའི་ཕྱིར་དྲན་ཞེ་ན། སོ་སོའི་ལུས་ཀྱི་རྩ་ཁམས་ཀྱི་ཁྱད་པར་དང༌། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའོ། །ལས་ཇི་ལྟ་བུ་ཞེ་ན། གཞན་ལ་ཆོས་ཀྱི་སྦྱིན་པ་བཏང་བ་ལ་སོགས་པ་སྟེ། རིན་ཆེན་འཕྲེང་བ་ལས། ཆོས་ཀྱི་སྦྱིན་པ་དྲི་མེད་པས། ། ཚེ་རབས་དྲན་པ་འཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།