སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-14 09:02:00 ཀློག་གྲངས།:
   ཡང་ཁང་པ་ཞིག་ནས་རྡིབ་འོག་ཏུ་སོང་ནས་རྣམ་ཤེས་ལུས་ལས་ཐོན་པ་ཞིག་ན་རེ། མི་རྣམས་ཕྱོགས་ཕྱོགས་ནས་བརྒྱུགས་ཏེ་བྱུང༌། ང་རང་ཁང་བར་གྱི་ལམ་དོག་པོ་ཞིག་ཏུ་ལང་ནས་བསྡད། ཁོང་ཚོས་ང་ལ་མིག་གིས་ལྟ་ཙམ་ཡང་མི་བྱེད། མི་རྣམས་ཉེ་བར་འབྱོར་བ་ན། ལམ་གཟུར་དགོས་བསམ་ཚེ་ཐམས་ཅད་ཀྱང་ངའི་ལུས་ལ་ཟང་ཐལ་དུ་བརྒྱུགས་འགྲོའོ། །ཞེས་ཟེར་རོ། །དེ་བཞིན་དུ་ཁང་པའི་ཕྱིར་འགྲོ་བར་འདོད་ནས། ལག་པས་སྒོ་གླགས་ནས་བཟུང་སྟེ་ཤུགས་ཕྱུང་ནས་འཐེན་ཡང་ཟང་ཐལ་དུ་འགྲོ་བ་ལས་སྒོ་ལ་བྱ་བ་ཅི་ཡང་བྱེད་མི་ནུས། འོན་ཀྱང༌། གྱང་དང་རྩིག་པ་དག་ལ་ཟང་ཐལ་དུ་འགྲོ་ཆོག་པས་སྒོ་འབྱེད་མ་ནུས་ཀྱང་ཉེས་པ་མེད་དོ། །མདོར་ན། དངོས་པོ་གང་ལའང་ཐོགས་པ་མི་འདུག་ཅེས་ཟེར་རོ། །
    ཡང་ངོ་སྤྲོད་ལས། ཀྱཻ་རིགས་ཀྱི་བུ༔ ལུས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་ཞེས་བྱ་བ་ནི༔ ཁྱོད་ལ་ད་ལྟ་ཡོན་ཏན་ནམ༔ ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གང་ཡང་མ་ཡིན་ལ༔ ལས་ཀྱི་ཤུགས་ལས་བྱུང་བའི་རྫུ་འཕྲུལ་ལས་དང་མཐུན་པ༔ སྐད་ཅིག་ལ་གླིང་བཞི་རི་རབ་དང་བཅས་པ་འཁོར་ནས༔ གང་འདོད་པའི་ཡུལ་དེ་དྲན་པ་ཙམ་གྱིས་སྐད་ཅིག་མ་ཉིད་དུ་སླེབས་ཟིན་པ༔ སྐྱེས་བུའི་ལག་པ་བརྐྱངས་བསྐུམས་ཙམ་གྱི་ཤུགས་དང༔ རྫུ་འཕྲུལ་ཡ་མ་ཟུང་རྣམ་པ་སྣ་ཚོགས་མ་དྲན་ན་མ་དྲན༔ དྲན་པ་ཐམས་ཅད་འདི་དང་འདི་སྟོན་མི་ནུས་བྱ་བ་མེད་དེ༔ ཐོགས་པ་མེད་པར་སྟོན་ནུས་པ་ཞིག་ད་ལྟ་ཁྱོད་ལ་ཡོད་པས༔ ངོ་ཤེས་པར་གྱིས་ལ་ཞེས་གསུངས་པ་རྣམས་ཀྱང་ཅི་རིགས་པ་བྱུང་ཚུལ་ནི། རྣམ་ཤེས་ལུས་ལས་ཐོན་མྱོང་བའི་བུད་མེད་ཅིག་ན་རེ། རྣམ་ཤེས་ཀྱི་ལུས་དེའི་དབང་པོ་རྣམས་ལ་ཚོད་འཛིན་བྱེད་མཁན་ཞིག་ནི་མེད་པ་འདྲ་སྟེ། གང་དུ་བལྟ་བར་འདོད་པ་དེ་ག་རང་མཐོང་འོང་གིན་འདུག་ཅེས་ཟེར། ཡང་གཞན་ཞིག་གིས་ཀྱང༌། ངེད་ཀྱིས་རྒྱང་རིང་ན་ཡོད་པའི་མི་ཞིག་ལ་བལྟ་བར་འདོད་ཚེ། འཕྲལ་དུ་དེའི་དྲུང་དུ་འབྱོར་ནས་འདུག  འཛམ་བུ་གླིང་གི་ཡུལ་གྲུ་གང་ཡང་རུང་བ་ཞིག་ན་དོན་ཞིག་བྱུང་བའི་ཚེ་ན། ང་རང་འགྲོ་བར་འདོད་པ་ཙམ་གྱིས་དེ་མ་ཐག་ཏུ་དེ་གར་འབྱོར་བར་འདུག་ཅེས་ཟེར། གཞན་དག་གིས་ཀྱང༌། ཕྱོགས་གཅིག་ནས་གཅིག་ཏུ་འགྲོ་དགོས་ཚེ་ཤིན་ཏུ་མྱུར། འགྲོ་འདོད་ན་འགྲོ། འབྱོར་འདོད་ན་འབྱོར་འགྲོ་བ་ཞིག་རེད་ཅེས་ཟེར་ཏེ། ངོ་སྤྲོད་ལས། རྣམ་ཤེས་རྟེན་མེད་པས་འདུན་པ་གར་གཏད་དུ་ཐལ་གྱིས་སླེབས་ཏེ་ཁ་ལོ་བསྒྱུར་སླ་བ་ཞེས་གསུངས་པ་དེ་ག་དངོས་སུ་བྱུང་འདུག་གོ །རྫུ་འཕྲུལ་གཞན་རྣམས་ཐོབ་པ་ནི་རེ་ཞིག་མ་ཐོས་སོ། །ཡང་དེ་ཉིད་ལས། ཀྱཻ་རིགས་ཀྱི་བུ༔ རིགས་མཐུན་ལྷ་མིག་དག་པས་མཐོང༔ ཞེས་བྱ་བ་རིགས་མཐུན་ཞེས་བྱ་བ་ནི༔ བར་དོར་སྐྱེས་པའི་རིགས་མཐུན་པའི་ནང་ཚན་རྣམས་གཅིག་གིས་གཅིག་མཐོང་བ་འོང་ངོ༔ དེ་ཡང་ལྷར་སྐྱེ་བ་རིགས་མཐུན་པ་ཡིན་ན་ནི༔ ལྷ་གཅིག་གིས་གཅིག་མཐོང༔ དེ་བཞིན་དུ་རིགས་དྲུག་གང་དུ་སྐྱེ་བ་དེའི་རིགས་མཐུན་པ་རྣམས་གཅིག་ནས་གཅིག་མཐོང་ནས་འོང་བས༔ ཞེས་དང༌། ཀྱཻ་རིགས་ཀྱི་བུ༔ དེ་འདྲའི་ལུས་ཅན་དེ༔ ཡུལ་དང་ཉེ་དུ་འབྲེལ་བ་རྣམས་དང༔ རྨི་ལམ་དུ་འཕྲད་པ་ལྟ་བུ་འབྱུང་སྟེ༔ ཁྱོད་ཀྱིས་ཉེ་འབྲེལ་ཚོ་ལ་གཏམ་སྨྲས་ཀྱང་གཏམ་ལན་མི་འོང་བས༔ ཞེས་སོགས་གསུངས་པ་དག་དང་མཚུངས་པར་བྱུང་བ་ནི་འཆི་ཁའི་ཉམས་མྱོང་ཅན་གྱི་མི་ཤིན་ཏུ་མང་པོ་དག་གིས་རྣམ་ཤེས་ལུས་ལས་ཐོན་པའི་དེ་མ་ཐག་གམ་དེའི་རྗེས་སུ་རང་གི་ཉེ་འཁོར་ན་རྣམ་ཤེས་གཞན་མང་པོ་མཐོང་ཞིང༌། དེ་དག་འོངས་ནས་རང་ལ་གྲོགས་བྱེད་པའི་སྣང་བ་བྱུང་ཟེར། དེ་རྣམས་ལས་བུད་མེད་ཅིག་ཕྲུ་གུ་བཙའ་དཀའ་བ་བྱུང་སྟེ། རྣམ་ཤེས་ལུས་ལས་ཐོན་ཚུལ་སྨྲས་པ། མོ་ན་རེ། ཁྲག་ཧ་ཅང་མང་པོ་བཞུར་བས། སྨན་པས་ཁྱིམ་མི་རྣམས་ལ་ཤི་རྗེས་ཀྱི་བྱ་བ་རྣམས་སྟ་གོན་གྱིས་ཞེས་བསྒྲགས་སོང༌། འོན་ཀྱང༌། ངས་ནི་དེ་ཐམས་ཅད་ཤིན་ཏུ་གསལ་པོར་ཐོས་འདུག་ཀྱང་ང་འཆི་རྒྱུ་མ་རེད་སྙམ་དུ་བསམས། དེ་ཚེ་མི་མང་པོ་ཞིག་མཐོང་བྱུང་སྟེ། ཐམས་ཅད་ངོ་ཤེས་པའི་ཤི་བོ་འབའ་ཞིག་རེད། ངའི་རྨོ་བོ་དང༌། བུད་མེད་སློབ་གྲོགས་ཡིད་མཐུན་པ་ཞིག་ཡོད་པ་དེ་གཉིས་ཀྱང་འདུག  གཞན་ཡང་ཉེ་འབྲེལ་དང་གྲོགས་པོ་མང་པོ་འདུག  འོན་ཀྱང༌། ངས་དེ་རྣམས་ཀྱི་བྱད་བཞིན་ཁོ་ན་མཐོང་སྟེ། ང་རང་བསུ་མར་འོང་བ་ལྟ་བུའི་སྣང་བ་ཞིག་བྱུང་ཞེས་ཟེར། སྐྱེས་པ་ཞིག་ན་རེ། ངེད་ནད་ཚབས་ཆེན་པོ་དེས་མ་ཐེབས་པའི་གཟའ་འཁོར་འགའ་ཞིག་གི་སྔོན་དུ་ངའི་བློས་ཐུབ་ཀྱི་གྲོགས་པོ་པའོ་པེས་མི་གཞན་གྱིས་འཚོ་བ་དང་ཕྲལ། དེ་རྗེས་ངེད་ལ་རྣམ་ཤེས་ལུས་ལས་ཐོན་པའི་སྣང་བ་བྱུང་ཚེ། པའོ་པེས་ངའི་འགྲམ་དེར་ཡར་ལངས་ནས་འདུག  ཁོ་ལ་ཤ་ཁྲག་གི་ལུས་གཏན་ནས་མི་འདུག  འོན་ཀྱང༌། ལུས་ཤིག་ནི་འདུག་སྟེ། ལག་པ་དང་རྐང་པ་རྣམས་ངས་ཤིན་ཏུ་གསལ་པོར་མཐོང༌། ངས་ཁོ་ལ། པའོ་པེས། ད་ང་གང་དུ་འགྲོ་དགོས་སམ། སྣང་བ་འདི་ཅི་ཞིག་རེད། ང་ཤི་བ་ཡིན་ནམ་ཞེས་ཡང་ཡང་དྲིས་ཀྱང་ཁོས་གཏམ་ལན་ཚིག་གཅིག་ཀྱང་མི་སྨྲ་བར་ཀྲོང་ངེར་འདུག་གོ །ཞེས་ཟེར་རོ། །དེ་ལྟར་གཤིན་པོ་བར་དོ་ན་གནས་པ་ཡིན་ན་འཕྲད་སྲིད་པ་ཡིན་ནོ། །ཡང་དེ་ཉིད་ལས། དྲན་པ་དགུ་འགྱུར་གྱིས་གསལ་བས་ལྐུགས་པ་ཡིན་ཡང་དེའི་དུས་སུ་ལས་ཀྱི་དབང་གིས་རིག་པ་གསལ་དུ་སོང་ནས༔ ཅི་བསླབས་པ་ཐམས་ཅད་སྒོམ་ཤེས་པའི་ཡོན་ཏན་དང༔ ཞེས་གསུངས་པ་དེ་ཉིད་ཀྱང༌། མི་མང་པོ་ན་རེ་རྣམ་ཤེས་ལུས་ལས་ཐོན་རྗེས་མིག་ཤེས་དང༌། རྣ་ཤེས་དང་ཡིད་ཤེས་བཅས་ཤིན་ཏུ་གསལ་ཏེ་ཡ་མཚན་པ་ཞིག་ཏུ་འགྱུར་འགྲོ་བར་འདུག་ཟེར་རོ། ། དེ་ཡང་སྐྱེས་པ་ཞིག་ན་རེ། ད་ལྟ་མི་སྲིད་པ་ཐམས་ཅད་ཀྱང་དེར་སྲིད་པར་འདུག  ཁྱད་པར་དུ་ཡིད་ཀྱི་ཤེས་པ་ཧ་ཅང་གསལ་ཏེ། དངོས་གནས་ཡ་མཚན་པ་ཞིག་རེད། ངེད་ཀྱིས་དོན་མང་པོ་བློ་ལ་བཟུང་སྟེ། དེ་རྗེས་རེ་རེ་བཞིན་བསམས་ཚེ། ཐམས་ཅད་འཕྲལ་དུ་ཇི་བཞིན་དྲན་ཐུབ་པ་འདུག་སྟེ། བསམ་བློ་གཏོང་གཏན་མི་དགོས་ཞེས་ཟེར། འགའ་རེས་ཤི་རྗེས་སུ་མིག་ཤེས་ཇེ་གསལ་དུ་སོང་ནས། ཤིན་ཏུ་རྒྱང་རིང་པོ་མཐོང་སྟེ། དེ་འདྲའི་རྒྱང་རིང་མཐོང་བའི་རྒྱུ་མཚན་ཅི་ཡིན་རང་གིས་ཀྱང་མི་ཤེས། ཞེས་ཟེར་རོ། །ཡང་དེ་ཉིད་ལས། ཡང་ཁྱོད་ཀྱི་དོན་དུ་གཤིན་པོའི་ཆོ་ག་ཀང་ཀ་ནི་འདོན་པ་དང༔ ངན་སོང་སྦྱོང་བ་ལ་སོགས་པ་ཁྱོད་ཀྱི་དོན་དུ་བྱས་ཀྱང༔ དེ་མ་དག་པ་དང༔ གཡེང་བ་ལ་སོགས་པ་བྱས་པ་དང༔ དམ་ཚིག་དང་སྡོམ་པ་མི་གཙང་བ་དང༔ བག་མེད་པའི་སྤྱོད་པ་དེ་ཁྱོད་ཀྱི་མངོན་ཤེས་ཕྲ་མོས་མཐོང་ནས་འོང་གི༔ ཞེས་དང༌། ལས་ཀྱི་མངོན་ཤེས་ཕྲ་མོས་མཐོང་བ་དང་ཐོས་ནས་འོང་སྟེ༔ ཞེས་བར་སྲིད་ལ་མངོན་ཤེས་ཕྲ་མོ་ཡོད་པར་གསུངས་ལ། འཆི་ཁའི་ཉམས་མྱོང་ཅན་རྣམས་ཀྱིས་ཀྱང་མི་ཚོགས་མང་པོའི་ཁྲོད་ནས་དེ་དག་གི་ཡིད་ལ་གང་ཤར་བ་ཐམས་ཅད་ཐད་ཀར་ཤེས་ཐུབ་འདུག་ཟེར་ཏེ། བུད་མེད་ཅིག་ན་རེ། ངས་གང་སར་མི་ཚོགས་ཀྱིས་ཁྱབ་པ་མཐོང༌། མི་དེ་དག་གིས་གང་བརྗོད་པར་འདོད་པ་ཐམས་ཅད་ངེད་ཀྱིས་ཤེས་ཐུབ་པ་འདུག  དེ་ཡང་དེ་དག་གིས་གཏམ་སྨྲས་པ་ཐོས་ཏེ་ཤེས་པ་མ་རེད། སེམས་ཀྱི་ནང་དུ་ཤེས་འོང་གིན་འདུག  ཁོང་ཚོའི་ཁ་མ་གྲགས་གོང་ནས་གང་སྨྲ་བར་འདོད་པ་དེ་ཇི་བཞིན་ཤེས་འོང་བར་སྣང༌། ཞེས་ཟེར། ཡང་གཞན་གཅིག་ན་རེ། ངེད་ཀྱིས་མི་གང་རུང་ཞིག་མཐོང་ནས། དེའི་ཅི་བསམ་ཤེས་པར་འདོད་ཚེ། འཕྲལ་དུ་མི་དེ་རྒྱང་མཐོང་གིས་འཐེན་པ་བཞིན་རང་གི་ཉེ་དྲུང་དུ་འཐེན་ནས་ལྟ་ཆོག་པ་ལྟ་བུའི་སྣང་བ་ཞིག་བྱུང་། ཞེས་ཟེར་རོ། །ཡང་དེ་ཉིད་ལས། ཀྱཻ་རིགས་ཀྱི་བུ༔ མདོར་ན་ཁྱོད་བར་དོའི་རིག་པ་ལ་རྟེན་མེད་པས་ཡང་ཞིང་གཡོ་བ་དེ་ལ༔ ཞེས་བར་དོའི་ལུས་དེ་ཡང་ཞིང་གཡོ་བ་ཞིག་ཡིན་པར་གསུངས་ལ༔ སྣང་བ་འདི་ཉིད་ནི་རྣམ་ཤེས་ལུས་ལས་ཐོན་པའི་ཉམས་མྱོང་བྱུང་བའི་མི་ཕལ་མོ་ཆེ་ལ་བྱུང་འདུག་སྟེ། གཅིག་ན་རེ། ངེད་ཕུ་བོ་སོགས་གྲོགས་པོ་མང་པོ་དང་མཉམ་དུ་རྫིང་བུའི་ནང་ཆུ་རྐྱལ་བྱེད་ཚེ་ཆུར་ནུབ། ཅུང་ཞིག་ནས་བར་སྣང་དུ་ཐོན་ནས་འདུག རང་གི་ལུས་ཆུ་ནང་དུ་ཡོད་པའང་མཐོང༌། འོན་ཀྱང༌། ངེད་ལ་ད་དུང་ལུས་གཞན་ཞིག་འདུག་སྟེ། ཡང་པ་བྱ་སྒྲོ་ལྟ་བུ་ཞིག་ཏུ་འདུག་ཟེར། དེ་བཞིན་དུ་མི་རབ་ཏུ་མང་པོ་དག་གིས་ཀྱང༌། རྣམ་ཤེས་ལུས་ལས་ཐོན་རྗེས་འཕུར་བའི་སྣང་བ་དང༌། བར་སྣང་དུ་བསྐྱོད་པའི་སྣང་བ་དང༌། ལྗིད་ཚད་ཅུང་ཟད་ཀྱང་མེད་པའི་སྣང་བ་བྱུང་ཞེས་ཟེར་རོ། །ཡང་དེ་ཉིད་ལས། ཤ་ཁྲག་གི་ལུས་ནི་མིན་པ་ཡིད་ཀྱི་ལུས་ཡིན་པས༔ ཞེས་གསུངས་པ་འདི་ཡང་ཐམས་ཅད་ལ་མཚུངས་པར་བྱུང་སྟེ། རླངས་འཁོར་འགྱེལ་ནས་རྨས་སྐྱོན་ཆེན་པོ་ཐེབས་ཏེ་རྣམ་ཤེས་ལུས་ལས་ཐོན་པ་ཞིག་ན་རེ། དེ་ཚེ་ང་ལ་ལུས་གཞན་ཞིག་འདུག  འོན་ཀྱང༌། མི་ལུས་མཚན་ཉིད་པ་ཞིག་མ་རེད། ཁྱད་པར་དུ་གདོས་བཅས་ཤིག་གཏན་ནས་མ་རེད། ལུས་དེ་ལ་དབྱིབས་ནི་ཆ་ཚང་འདུག་ལ། ཁ་དོག་ནི་མི་འདུག་ཅེས་ཟེར། ལུས་འདིའི་ཐད་ལ་སྣང་བ་ཅུང་མི་འདྲ་བ་མང་པོ་ཞིག་བྱུང་འདུག  སྤྱིར་ལུས་ཙམ་ཞིག་ཡོད་པར་ཐམས་ཅད་ཀྱིས་ཁས་ལེན། དབྱིབས་ཡོད་པའང་དེ་བཞིན་དུ་ཁས་ལེན་གྱིན་འདུག  དེ་ལྟ་ནའང་མི་འགའ་རེས་ན་བུན་ལྟ་བུ་ཞིག་རེད་ཟེར། འགའ་རེས་སྤྲིན་ལྟ་བུ་ཞིག་འདུག་ཟེར། དེ་བཞིན་དུ་བ་ལྟ་བུ་དང༌། རླངས་པ་ལྟ་བུ་དང༌། ཕྱི་གསལ་ནང་གསལ་དང༌། འཇའ་ཚོན་ལྟ་བུ་དང༌། ནུས་པ་ཁྱད་པར་བ་ཞིག་ཏུ་འདུག་སོགས་ཅུང་ཟད་མི་འདྲ་བ་མང་པོ་མཐོང་འདུག་གོ །ཡང་དེ་ཉིད་ལས། རང་གིས་ཁོང་རྣམས་མཐོང་ཡང༔ ཁོང་རྣམས་ཀྱིས་རང་མ་མཐོང༔ ཁོང་རྣམས་ཀྱིས་རང་ལ་བོས་པ་ཐོས་ཀྱང༔ རང་གིས་ཁོང་རྣམས་ལ་བོས་པ་མ་ཐོས་པས༔ ཞེས་གསུངས་པ་ནི། མི་མང་པོས་དེ་ཇི་ལྟ་བ་བཞིན་བྱུང་བར་བཤད་འདུག་སྟེ། གོང་དུ་སྨྲས་པ་དེ་དག་ལས་ཤེས་ནུས་སོ། །ཡང་ངོ་སྤྲོད་ལས། རང་གི་རོ་ལ་སོགས་པའང་མཐོང་ནས༔ ད་ནི་ང་ཤི་ནས་འདུག་པས་ཅི་དྲག་སྙམ་སྟེ༔ ཞེས་རང་གི་རོ་སོགས་མཐོང་བ་ནི་གོང་དུ་སྨྲས་པའི་ལོ་རྒྱུས་དག་ལས་གསལ་བར་ཤེས་སོ། །གཞན་ཡང་རྒྱུད་ལས། ནག་ལམ་གྱི་སྣང་བ་འབྱུང་བར་གསུངས་པ་དེ་དང་འདྲ་བ་ཞིག་མི་ཕལ་མོ་ཆེ་ལ་བྱུང་འདུག་གོ །འཆི་ཁའི་ཉམས་མྱོང་བྱུང་བ་དེ་རྣམས་ཀྱང་ལ་ལར་ནི་དག་ཞིང་གི་སྣང་བ་དང་ཕྱོགས་མཚུངས་བདེ་ཞིང་སྐྱིད་པ་དག་བྱུང་འདུག་ལ། ལ་ལར་ནི་ངན་འགྲོའི་སྣང་བའི་ཕྱོགས་མཚུངས་པ། འཇིགས་སྐྲག་དང་ཉམས་མི་དགའ་བའང་བྱུང་སྟེ་གཅིག་ཏུ་མ་ངེས་པར་འདུག་གོ །དེ་ལྟར་འཆི་ཁའི་ཉམས་མྱོང་བྱུང་བ་དེ་དག་ནི། ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་སྣང་བ་དག་ལས་འགའ་ཞིག་དང་ཆ་འདྲ་བར་བྱུང་བ་ཡིན་གྱི་བར་དོའི་སྣང་བ་དངོས་ལ་ནི་ད་དུང་གཞན་པ་དུ་མ་ཡོད་དོ། །དེ་ལྟར་བར་དོའི་ངོ་སྤྲོད་དང་མཚུངས་པའི་འཆི་ཁའི་ཉམས་མྱོང་བྱུང་བའི་ལོ་རྒྱུས་དེ་དག་ནི་རབ་འབྱམས་པ་མོས་ཏིས་ཀྱིས་བརྟག་དཔྱད་ཀྱིས་གཏན་ལ་ཕབ་སྟེ། ཡང་སྲིད་ཅེས་པའི་གཞུང་ཞིག་བྲིས་པའི་ནང་དུ་བཀོད་པ་རྣམས་ཡིན། དེ་ཡང་ཁོང་གིས་མི་དེ་དག་ལ་དངོས་སུ་བཅར་འདྲི་བྱས་ཏེ་བདེན་གཏམ་ཁུངས་ཐུབ་ཏུ་ངོ་འཕྲོད་ཚུལ་དོགས་སློང་དང་བཅས་ཏེ་ཞིབ་པར་བཀོད་འདུག  གོང་དུ་སྨྲས་པ་བཞིན་ཁོང་ཡང་མཚན་ཉིད་རིག་པའི་རབ་འབྱམས་པ་དང༌། གསོ་རིག་རབ་འབྱམས་པ་གཉིས་ཆར་ཐོབ་པའི་ནུབ་ཕྱོགས་ཀྱི་མི་མགོ་བོ་དམ་ཧྲིག་གེ་བ་ཞིག་འདུག་པས་རྒྱུ་མཚན་མེད་ན་མི་ཕལ་བ་དག་གིས་གང་སྨྲས་ཡི་གེར་ཕབ་སྟེ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མདུན་སར་སྒྲོག་ག་ལ་སྲིད། འཆི་ཁའི་ཉམས་མྱོང་འདི་ལ་བརྟག་དཔྱད་བྱེད་མཁན་ནི་ཨ་རི་ཁོ་ནར་ཡང་ཆེད་ལས་ཀྱི་མཁས་པ་བརྒྱད་ཅུ་ལྷག་ཅིག་དང༌། དེ་བཞིན་དུ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཏུའང་མང་པོ་ཡོད་མོད། ཁོང་ཚོས་བརྟག་དཔྱད་བྱས་པའི་གྲུབ་དོན་མཐར་ཐུག་ནི་རང་རེའི་བར་དོའི་ངོ་སྤྲོད་དུ་སྔོན་ནས་ཤིན་ཏུ་གསལ་བར་གསུངས་ཟིན་པ་དེ་ག་ཁོ་ན་རེད། དེའི་ཕྱིར་མོས་ཏིས་ཀྱི་ཡང་སྲིད་ཅེས་པའི་གཞུང་ལས་ཀྱང༌། མདོར་ན། བོད་ཀྱི་བར་དོ་ཐོས་གྲོལ་ལས་ཤི་བའི་ཉམས་མྱོང་གི་ཐོག་མའི་སྣང་ཚུལ་རྣམས་གསལ་བར་བསྟན་པ་མ་ཟད་ཐ་མའི་སྐབས་ཀྱི་སྣང་བ་དག་ཀྱང་ཞིབ་པར་བསྟན་ཡོད་ལ། དེབ་འདིར་བཀོད་པའི་ལོ་རྒྱུས་སྣ་ཚོགས་པ་འདི་དག་གིས་ནི་ཐོག་མའི་དུས་ཀྱི་སྣང་ཚུལ་ཙམ་ཞིག་བརྗོད་པ་ཡིན། ལོ་སྟོང་གི་སྔོན་དུ་བྱུང་བའི་གནའ་བོའི་དཔེ་རྙིང་དེ་ནས་བསྟན་པའི་ཤི་བའི་ཉམས་མྱོང་ཐོག་མའི་སྐོར་འདི་དག་དང༌། དུས་རབས་ཉི་ཤུ་བའི་ཨ་རིའི་མི་རྣམས་ཀྱིས་སྨྲས་པ་གཉིས་བསྡུར་ན། ཕན་ཚུན་གཅིག་མཚུངས་སུ་བྱུང་བའི་ཚད་ནི། མི་རྣམས་ཧ་ལས་དགོས་པ་ཙམ་དུ་གྱུར་འདུག  ཅེས་དང༌། བོད་ཀྱི་སྔོན་བྱོན་དམ་པ་དག་གི་ཤེས་རབ་དང་དེང་རབས་གཉིས་འདི་འདྲའི་གཅིག་མཚུངས་སུ་བྱུང་བ་འདི་ཅི་ཞིག་ཡིན་ཞེས་ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ལེགས་པར་འདྲི་འོས་པ་ཞིག་ཏུ་འདུག་གོ །ཞེས་བྲིས་སོ། །ངོ་སྤྲོད་ལས་གསུངས་པའི་རྣམ་བཞག་དེ་དག་ནི་ཆོས་མངོན་པའི་གཞུང་ལས་ཀྱང་གསུངས་པས་ཕལ་མོ་ཆེ་ཞིག་མདོ་སྔགས་ཐུན་མོང་གི་དགོངས་པ་ཡིན། དེ་ལྟར་འཛམ་གླིང་ཧྲིལ་པོ་ནས་མི་ཁྲི་ཁྲི་འབུམ་འབུམ་མང་པོས་མངོན་སུམ་གྱི་མྱོང་བས་རང་རེ་ནང་པའི་སྐྱེ་བ་སྔ་ཕྱིའི་གྲུབ་མཐའ་འདིར་བདེན་དཔང་བགྱིས་པ་ཡིན། འོན་ཀྱང༌། འགའ་ཞིག་ནི་ད་དུང་ཡིད་མི་ཆེས་མོད་ཀྱི། ཡིད་མི་ཆེས་པ་ཙམ་དུ་ཟད་དོ། །ས་སྟེང་གི་མི་རིགས་གཞན་རྣམས་ནི་སྣང་བ་འདི་དག་གིས་ཡིད་གཡོས་ཏེ་འུར་འུར་ཟང་ཟིང་བྱེད་བཞིན་ཡོད་ཀྱང༌། རང་ཅག་བོད་རྣམས་ནི་ཆོས་རྒྱལ་དང་ལོ་པཎ་སོགས་དམ་པ་གོང་མ་དག་གི་སྐུ་དྲིན་ལས་ཚེ་སྔ་ཕྱི། ལས་རྒྱུ་འབྲས། མཆོག་གསུམ་ལ་ངེས་ཤེས་ཁྱད་པར་བ་ཞིག་བདོག་པས་གུ་ཡངས་བག་ཕེབས་ཀྱི་ངང་དུ་གནས་པས་ཆོག་སྟེ། དུས་ཀྱི་མར་གཤམ་འདིར་རང་རེའི་བསོད་ནམས་ཀྱི་བགོ་སྐལ་ནི་དེ་ཙམ་དུ་འཁུམས་སོ། །ཚུལ་དེ་ནི་འོག་ནས་འབྱུང་བའི་རྒྱ་ནག་གི་འཆི་ཁའི་ཉམས་མྱོང་སྟོན་པའི་གཞུང་དེ་ལས། བོད་མི་རིགས་ནི་འཛམ་གླིང་གི་མི་རིགས་ཡོད་དོ་ཅོག་གི་ནང་ནས་ཤི་བའི་ངོ་བོ་ངོས་འཛིན་ཆེས་ཟབ་པ་ཅན་དེ་ཡིན་ལ། ཆེས་བག་ཕེབས་པའི་མི་རིགས་དེའང་ཡིན་ནོ། །ཞེས་དང༌། ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་དཀའ་གནས་རབ་ཀྱི་མཐར་ཐུག་པར་བརྩི་བ་དེ་ཉིད་བོད་ཀྱི་མི་རྣམས་ཀྱི་མིག་ལམ་དུ་ནི་དཀྱུས་མའི་ཤེས་བྱ་ཙམ་ཞིག་རེད་ཅེས་ཟེར་རོ། །དཔྱད་གཏམ་དེ་དག་ནི་གཟུ་བོར་གནས་པའི་གཏམ་ཁོ་ནར་སྣང་ངོ༌། །རང་རེའི་ཡུལ་ན་མདོ་རྒྱུད་ཀྱི་བཀའ་དང་དགོངས་འགྲེལ་ཟབ་ཅིང་རྒྱ་ཆེ་བ་ཧ་ཅང་མང་དྲག་པས་བར་དོའི་ངོ་སྤྲོད་འདི་མི་མང་པོ་ཞིག་གིས་གྲོང་ཆོག་པ་དག་གིས་ཀློག་རྒྱུ་ཙམ་དུ་འཛིན་མོད། ནུབ་ཕྱོགས་སུ་ནི་སྙན་གྲགས་ཤིན་ཏུ་ཆེ་སྟེ། ༡༩༢༧ ལོར་དབྱིན་ཡིག་ཏུ་བསྒྱུར་བ་ནས་བཟུང་ནུབ་ཕྱོགས་དེང་རབས་ཀྱི་མཁས་པ་ཆེས་ཕུལ་དུ་བྱུང་བ་དག་གིས་ཀྱང་ཤིན་ཏུ་གཙུག་ཆེན་མཛད་འདུག་སྟེ། སེམས་ཁམས་རིག་པའི་མཁས་པ་སྐད་གྲགས་ཅན་ཅོང་ཀིའི་བར་དོ་ཐོས་གྲོལ་ཆེན་མོའི་སེམས་ཁམས་དཔྱད་གཏམ་ལས། གཞུང་འདི་ངའི་ཡུན་གྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན། ངེད་ཀྱིས་མི་རྣམས་སྤྲོ་བ་འཕེལ་བར་འོས་པའི་ལྟ་བ་དང༌། གསར་རྙེད་བྱུང་བ་མང་པོ་ཞིག་ཁོ་ལ་བརྟེན་ནས་བྱུང་བར་མ་ཟད། རྩ་བའི་གསར་མཐོང་བྱུང་བ་མང་པོ་ཞིག་ཀྱང་འདི་ལ་བརྟེན་ནས་བྱུང་བ་ཡིན་ཞེས་ཤིན་ཏུ་འགེང་ཆེན་བྱེད་དོ། །༡༩༩༩ལོར་པེ་ཅིང་དུ་ཕྱི་ཡིག་དཔེ་སྐྲུན་ཁང་གིས་པར་བཏབ་པའི་རྒྱ་ནག་ཏུ་འཆི་ཁའི་ཉམས་མྱོང་ཆ་ཚང་ངོ་སྤྲོད་བགྱིད་པའི་གཞུང་ཆེས་ཐོག་མར་གྱུར་པ་དེ་ལས་ཀྱང༌། བོད་ཀྱི་བར་དོ་ཐོས་གྲོལ་འདི་ལོ་སྟོང་གཅིག་ལྷག་གི་སྔོན་དུ་བྱུང་མོད་ཀྱི། འོན་ཀྱང་ད་ལྟ་ཆེས་དེང་རབས་ཀྱི་ཤི་བ་ཞིབ་འཇུག་བགྱིད་པའི་གཞུང་ཤིན་ཏུ་སྔ་ཤོས་དེར་གྱུར་ཡོད། ནུབ་ཕྱོགས་སུ་ཤི་བར་ཞིབ་འཇུག་བྱེད་པའི་མཁས་པ་ཡོད་དོ་ཅོག་གིས་གཞུང་འདི་དང་ཨེ་ཅིབ་གཤིན་སྒྲོལ་གྱི་གཞུང་དེ་གཉིས་ཆེས་འགངས་ཆེ་བའི་གཞུང་གཉིས་སུ་བཀུར་བཞིན་ཡོད། བོད་ཀྱི་བར་དོ་ཐོས་གྲོལ་ལས། བར་སྲིད་ཀྱི་སྐོར་བསྟན་པ་དེ་རྣམས་ནི་དེ་བས་ཀྱང་དེང་རབས་ཀྱི་འཆི་ཁའི་ཉམས་མྱོང་ཞིབ་འཇུག་ལས་བྱུང་བའི་སྣང་བ་སྣ་ཚོགས་པ་དེ་དག་དང་མ་བགྲོས་གཅིག་མཐུན་དུ་གྱུར། དེའི་ཕྱིར་བོད་ཀྱི་བར་དོ་ཐོས་གྲོལ་འདི་ནི་བོད་མི་རིགས་ཀྱིས་འགྲོ་བ་མིའི་རིགས་སྤྱི་ལ་ཆེས་གལ་ཆེ་བའི་མཛད་རྗེས་ཤིག་རེད། ཅེས་བསྔགས་བརྗོད་བྱས་སོ། །གཟུར་གནས་རྣམ་དཔྱོད་ཅན་ཞིག་གིས་བརྟགས་ན་ནང་པའི་མདོ་རྒྱུད་གང་ལའང་འདི་ལྟ་བུའི་ཟབ་ཁྱད་རེ་ངེས་པར་ཡོད། དེས་ན་རང་ཅག་བོད་ཀྱི་རིག་གཞུང་དག་གིས་འཛམ་གླིང་གི་འགྲོ་བ་མིའི་རིགས་སྤྱི་ལ་ཕན་འདོགས་པར་བྱེད་ཅེས་སྨྲས་པ་དེ་ཡང་སྟོང་གཏམ་ཙམ་མ་ཡིན་པ་ཚུལ་འདི་ལྟ་བུའི་སྒོ་ནས་ཤེས་དགོས་སོ། །འགའ་ཞིག་གིས་ནང་བའི་ཆོས་འདི་རྗེས་ལུས་དང་རྙིང་པའི་བསམ་བློ་ཞིག་དང་། སྒྲུབ་བྱེད་མེད་པར་ལུང་ཙམ་སྐྱབས་སུ་འཛིན་པ་ཞིག་ཡིན་ཞེས་སྨྲ་བར་བྱེད་མོད། དེང་དུས་བྱུང་བའི་འཆི་ཁའི་ཉམས་མྱོང་གི་ཞིབ་འཇུག་འདི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ན་ཆེས་གསར་བའི་ཚན་རིག་ཅིག་དང༌། འཛམ་གླིང་ཚེ་སྲོག་ཚན་རིག་གི་དྭངས་རྩེ་ཉིད་དུ་བརྩི་བར་འདུག་པ་དེའི་ཞིབ་འཇུག་གི་ཆ་རྐྱེན་བདེན་དཔང་མཆོག་ཏུ་གྱུར་པ། ཞིབ་ཅིང་ཆ་ཚང་བ་འདི་འདྲ་བ་ནི་ནང་པའི་གཞུང་ལས་གཞན་འཛམ་བུ་གླིང་འདི་ན་བྱུང་མི་འདུག་པ་འདི་ཤེས་པར་གྱིས་ལ། བག་མེད་ཀྱི་སྨྲ་བ་ཕྱིན་ཅི་ལོག་དེ་དག་སྤང་བར་བྱས་ན་མཛེས་སོ། །
    ད་ནི་བོད་ཀྱི་འདས་ལོག་པ་དག་ལ་བར་དོའི་སྣང་བ་བྱུང་ཚུལ་ཅུད་ཟད་འཆད་དེ། དེ་ཡང་འདས་ལོག་པ་ཞེས་པ་ནི། རྣམ་ཤེས་གཤིན་ཡུལ་དུ་ཕྱིན་ནས་སླར་ཡང་ལུས་དེ་ཉིད་ལ་ཞུགས་ཏེ་གསོན་པོར་གྱུར་པའི་མི་ཁྱད་པར་བ་ཞིག་ཡིན། བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་གི་ཞུས་པའི་མདོ་ལས། དཔེར་ན། སྐྲ་བཅད་དེ་བོར་ཟིན་པ་རྣམས་མགོ་ལ་སླར་མི་སྐྱེ་བ་བཞིན་དུ་མི་ཤི་ནས་སྔར་གྱི་ལུས་དེ་སླར་མི་ལེན་པར་གསུངས་མོད། སྨན་མདོ་བརྒྱད་བརྒྱ་པ་ལས། མི་ཤི་བའི་འོག་ཏུ་སླར་གསོན་རུང་བར་ཡང་གསུངས་ཏེ། སྔ་མ་སྤྱིར་བཏང་དང༌། ཕྱི་མ་དམིགས་བསལ་ལ་གོ་དགོས་སོ། །འདས་ལོག་པའི་རྣམ་ཤེས་གཤིན་ཡུལ་དུ་ཕྱིན་པའི་ཤུལ་དུ་ཉིན་མང་པོའི་རིང་ལ་ལུས་གཡོ་འགུལ་མེད་པར་རོ་ལྟར་དུ་གྱུར་ཏེ་གནས། དབྱར་དུས་སུ་ཡུན་རིང་དྲགས་ན་ལུས་ཀྱི་ཆ་ཤས་འགའ་རུལ་ནས་འོང་ཞེས་ཀྱང་ཟེར། འདས་ལོག་བདེན་རྫུན་བརྟག་པའི་ཕྱིར་སྣ་བུག་སོགས་ལ་མར་གྱིས་ཞལ་ཞལ་དང༌། གདོང་ལ་རྗེན་བྱུགས་ཏེ། མར་ཞུ་མ་ཞུ་དང་རྗེན་ལ་གས་སྲིབ་བྱུང་མིན་ལྟ་བའི་སྲོལ་ཡང་ཡོད་མཆི། དེ་དག་གིས་ཤི་གསོན་བར་གྱི་ཕྲིན་པ་བགྱིས་ཏེ་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེར་འབྱུང་ངོ༌། །དེས་ན་སྤྱིར་ཤི་ནས་ཡུན་རིང་སོང་རྗེས་སླར་གསོན་པ་ཙམ་ནི་འཛམ་གླིང་གི་ཡུལ་གྲུུ་གཞན་དག་ནས་ཀྱང་མང་པོ་བྱུང་ཡང་དེ་རྣམས་དང་མི་འདྲའོ། །འོ་ན། དེ་དག་ལ་བར་དོའི་སྣང་བ་ཇི་ལྟར་བྱུང་ན། འདས་ལོག་པ་ཀུན་བཟང་ཆོས་སྒྲོན་གྱི་འདས་ལོག་རྣམ་ཐར་ལས། དེ་ནས་སྲིད་པ་བར་དོ་འཆར་ཚུལ་ནི། རང་ཉིད་ལུས་གཅེར་བུ། དབང་པོ་ཀུན་ཚང་བ། ལུས་སྔ་མ་ལྟ་བུ་ཞིག་ཀྲོང་ངེ་སྐྱེས་སོ། །དེ་ནས་གཡོ་བ་ལས་ཀྱི་རླུང་དམར་གྱིས་སྡོད་པའི་དབང་མེད་པར་རིག་པ་རྟེན་མེད་པ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུར་དབུགས་ཀྱི་རྟ་ལ་ཞོན་ནས་ལང་ལོང་དུ་རྒྱུ་ཞིང་བར་དོའི་ཕྲེང་ལ་སོང་ངོ༌། །དེ་ན་ལུང་པ་ཁ་བྱང་བསྟན། ཕུ་ཐག་ཤིན་ཏུ་རིང་བ། རྫ་རི་སྔོ་ཟེང་ངེ་བ། རྫ་ཆུ་སྔོ་ཁྲ་ལ་ལ། བྱ་རོག་གི་སྐད་དུང་དུང་གྲག་པ། འཇག་མས་ཀི་ཤད་བྱེད་པ། ཤིན་ཏུ་འཇིགས་ཤིང་ཡ་ང་བ། མ་ངེས་པའི་རྟགས་དྲུག་སྟེ། གནས་ལ་ངེས་པ་མེད་པས་གར་འགྲོ་དང་གར་འདུག་གི་གཏད་སོ་མེད་པ། རྟེན་ལ་ངེས་པ་མེད་པས་ཟམ་པའི་རྒྱུ་ཤིང་སོགས་ལ་བརྟེན་འཚལ་རུང་འདུག་དབང་མེད་པ། སྤྱོད་ལམ་ལ་ངེས་པ་མེད་པས་ཅི་བྱེད་དང་འདི་བྱེད་མེད་པ། ཡུད་ཙམ་ཡུད་ཙམ་གྱིས་འགྱུར་པ། ཟས་ལ་ངེས་པ་མེད་པས་ཟས་བཟང་ངན་ཇི་ལྟར་མཐོང་རུང་མ་བསྔོས་ན་སྤྱོད་དབང་མེད་པ། གྲོགས་ལ་ངེས་པ་མེད་པས་འདི་དང་འགྲོགས། འདི་དང་མི་འགྲོགས་ཟེར་བའི་ངེས་པ་མེད། རྣམ་ཤེས་ཡིད་ལུས་ལ་ངེས་པ་མེད་པས་རེས་བདེ། རེས་སྡུག་བསྔལ་ཞིང་ཡིད་ཙམ་གྱིས་འགྱུར་བ། གཞན་ཡང་གནས་ས་རྩ་མེད་པས་རླུང་གར་འདུག་འདིར་འདུག་མེད། ཁམས་དཀར་དམར་ནང་གི་ཉི་ཟླ་མེད་པས་ཕྱིའི་ཉི་ཟླ་མི་གསལ། མུན་ནག་ཆེན་པོ་ལྟར་སྣང༌། རླུང་དམར་དྲག་པོ་ཡང་འཚུབས། གཟའ་སྐར་རྣམས་ཐང་ལ་རྒྱུག་པ་ལྟ་བའི་སྣང་བ་སོགས་སྒྱུ་མའི་འཕྲུལ་བཞིན་དུ་འབྱུང་ངོ༌། །ཞེས་གསུངས་སོ། །
     ཡང་ཤར་དག་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་འདས་ལོག་མཛད་ནས་ཤི་བའི་ལོ་རྒྱུས་སྨྲས་པ། ང་སེམས་རྟོག་པ་འཁྲུལ་བའི་སྣང་བ་ལ། །འོད་དཀར་སེར་དམར་ལྗང་གང་ཡང་མཐོང༌། །དུས་ཐང་རང་ལུས་དང་མི་འདྲ་བའི། །ལུས་འོད་ཀྱི་རང་བཞིན་ཅན་གཅིག་མཐོང༌། །བདེ་མགྱོགས་མ་ལུས་ཚང་བར་མཐོང༌། །ལུས་དང་འོད་གཉིས་མཉམ་འགྲོགས་རེད། །ལུས་མེད་ལུས་དེ་འོད་ཀྱི་ལུས། །གར་བསམ་ས་ཡི་ཡུལ་དུ་ཕེབས་པར་སྣང༌། །ཐོགས་རེག་མེད་པའི་འོད་ལྔ་འདི། །འགྲོ་འདུག་ཅི་བྱས་རང་ལ་འཁོར། །འོད་གཡས་ན་ཡོད་པའི་འོད་ཟེར་དེ། །དཀར་ལམ་ལམ་བྱེད་པའི་འོད་ཅིག་སྣང༌། །གཡོན་ན་ཡོད་པའི་འོད་ཟེར་དེ། །ནག་ལམ་ལམ་བྱེད་པའི་འོད་ཅིག་སྣང༌། །མདུན་དུ་ཡོད་པའི་འོད་ཟེར་དེ། །སེར་ལམ་ལམ་བྱེད་པའི་འོད་ཅིག་སྣང༌། །འོད་དེ་དང་འགྲོགས་ནས་གར་ཡང་མ་སོང་ཁྱིམ་གཅིག་སྣང༌། །དེ་ནས་བསྡད་པའི་སྣང་བ་ལ། །ཁྱིམ་དེ་ལ་སྒོ་བདུན་ཞོ་ཞབ་གཉིས་དང་དགུ་རུ་སྣང༌། །དེ་ལ་ཡིད་མ་ཆེས་འདི་རང་གི་བེམ་པོ་རེད་བསམས་ནས། འཕོ་ལུང་འདི་བྱས་སོ། །ཞེས་དང༌། ཡང་ང་ནི་ཡེངས་པའི་སྣང་བ་ལ། །ལ་མཐོན་པོ་བསམ་གྱིས་མི་ཁྱབ་པ་གཅིག་གི་གངས་ཧེ་ན། མི་མགོའི་ལབ་ཙེ་རི་རབ་ཙམ་བདག་གིས་མཐོང༌། ཞེས་སོགས་གསུངས་སོ། །
     ཡང་འདས་ལོག་མ་གླིང་བཟང་ཆོས་སྐྱིད་ཀྱི་འདས་ལོག་མཛད་ཚུལ། མོས་ཐོག་མར་ཤི་བ་ཡིན་པ་མ་ཤེས། དེ་ནས་རང་ཉིད་ཤི་བར་ཤེས་ཚེ་རང་གི་ལུས་དེ་ཕག་རོ་ཞིག་ཏུ་གྱུར་ཏེ། མོའི་གོས་དག་གྱོན་ནས་མལ་ས་དེ་གར་འདུག་པ་མཐོང༌། མོས་ཁྱིམ་མི་དག་ལ་གཏམ་སྨྲས་ཀྱང་དེ་དག་གིས་མ་ཐོས། ཁྱིམ་མིས་མོའི་ཟས་སྐལ་བཅད་པས་ཁྲོས་པར་གྱུར། བུ་མོ་ངུས་པའི་མཆི་མ་རྣམས་ཁྲག་རྣག་གི་ཆར་དུ་བབས་པས་སྡུག་བསྔལ་མྱང༌། བླ་མ་དག་གིས་ཆོ་ག་མཛད་པས་བདེ་བའི་ཚོར་བ་བྱུང༌། དེ་རྗེས་ཕ་ཡིས་འབོད་སྣང་ཤར་ཏེ། དེའི་རྗེས་སུ་སོང་བས་གཤིན་ཡུལ་དུ་འབྱོར་ཚུལ་སོགས་གསུངས་སོ། །དེ་རྣམས་ནི་ལས་སྨོན་རྣམ་པར་དག་པའི་མཐུས་ཤི་གསོན་གྱི་ཡུལ་གཉིས་བར་ཕན་ཚུན་རྒྱུ་འགྲུལ་བྱེད་པ་ཡིན་ནོ། །གཞན་ཡང་ཐབས་ཁྱད་པར་ཅན་ལ་བརྟེན་ནས་གཟུགས་ཕུང་མལ་དུ་བཞག་སྟེ། རྣམ་ཤེས་ཡུལ་གཞན་དུ་རྒྱུ་ཞིང་ཡུལ་དེ་དག་གི་སྣང་བ་སྣ་ཚོགས་པ་ཉམས་སུ་མྱོང་བ་ཡོད་དེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་རྨི་ལམ་གྱི་སྐབས་སུ་གདོས་བཅས་ཀྱི་ལུས་མལ་དུ་བཞག་སྟེ། རྒྱ་ནག་གླང་ཆེན་འགྱིང་རིར་བྱོན། བར་ལམ་དུ་དར་མདོར་འབྱོར་ཚེ་དེ་གའི་ཤིང་འཐུ་བའི་མི་རྣམས་ཀྱིས་མ་ཎི་པད་དབྱངས་བྱེད་པའང་ཐོས། སླར་ཁྱིམ་དུ་འོང་ཚེ་རང་གི་ཨ་ཕྱིས་ཁང་འོག་ན་ཐབ་ཏུ་འོ་མ་ཞིག་སྐོལ་བཞིན་ཡོད་པ་མཐོང༌། གཉིད་སད་ནས་ཁང་འོག་ཏུ་སོང་ནས་བལྟས་པས་རྨི་ལམ་དུ་མཐོང་བ་ཇི་བཞིན་ཨ་ཕྱིས་འོ་མ་སྐོལ་གྱིན་འདུག་ཅེས་གསུངས་ཏེ། རང་རྣམ་ལས། བྱིས་པ་སྔགས་ཆོས་ཉམས་ལེན་ཤེས་ཙམ་དུས། །རྨི་ལམ་ཡུལ་ནམ་མཁའི་མཐོངས་སུ་འཕུར། །རྒྱ་ནག་གླིང་ཆེན་འགྱིང་རི་མཇལ་དུ་ཕྱིན། །ལམ་དུ་དར་རྩེ་མདོའི་རི་ནག་པོ་རུ། །བབས་ནས་བསྡད་པས་དར་རྩེ་མདོ་པ་ཡི། །ཤིང་འཐུ་འགའ་ཡིས་པད་དབྱངས་བྱེད་པ་ཐོས། །དེ་ནས་གླང་ཆེན་འགྱིང་རིའི་རྩེར་ཕྱིན་པས། །ལྷ་ཁང་གཉིས་ཙམ་འདུག་པ་མཇལ་བ་ཡི། །དཀོན་གཉེར་དེ་ལ་གནས་བཤད་གྱིས་སྨྲས་པས། །མི་གོ་འདུག་པས་འབར་ཤ་འགའ་ཡང་བྱས། །རིའི་རྩེར་ཕྱིན་ནས་ནམ་མཁར་བལྟས་པ་ཡི། །འཇའ་གུར་ནང་དུ་ཀུན་ཏུ་བཟང་པོ་ནི། །སྐུ་མདོག་སྔོན་པོ་མཉམ་བཞག་ཕྱག་རྒྱ་ཅན། །རེས་གསལ་རེས་མི་གསལ་བ་ཅིག་མཇལ་ཏེ། །ཉི་མ་དེ་ཡང་ཤར་ཕྱོགས་ནམ་མཁའ་ནས། །སྔ་བས་འཆར་འདུག་རི་དེ་ཤིན་ཏུ་མཐོ། །དེ་ནས་འཕུར་ཏེ་ཡར་ལ་འོང་བ་ཡི། །ཁྱིམ་དུ་བབས་པས་ང་ཡི་ཨ་ཕྱི་དེས། །ཐབ་ཏུ་འོ་མ་ཞིག་ནི་སྐོལ་ཞིང་སྣང༌། །གཉིད་སད་ཤོད་དུ་སོང་བས་རྨི་ལྟར་འདུག །ཨ་ཕྱིས་ད་བར་གཉིད་ནི་འདུག་ཨང་ཟེར། །ཞེས་གསུངས་སོ། །འདི་འདྲ་བ་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་དེ་མཚོན་བྱེད་ཀྱི་དཔེ་ཙམ་སྨྲས་པའོ། །
    གཞན་ཡང་ཁོ་བོ་ཅག་གི་སྐྱབས་གཅིག་མཚུངས་པ་མེད་པ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་སྔ་ནས། རྨི་ལམ་ལ་བརྟེན་ནས་ཡུལ་གཞན་དུ་བྱོན་ཅིང༌། དེར་ཡང་མི་རྣམས་ཀྱིས་ཁ་འཁོར་ཕྱོགས། བྱ་བ་གང་བྱེད་ཐམས་ཅད་མངོན་སུམ་དུ་མཐོང་ཞིང༌། མཚན་མུན་ནག་གི་ནང་དུའང་ཉེ་འཁོར་ཐམས་ཅད་ཉིན་པར་བཞིན་དུ་མཐོང་བ་ཡིན་ཞེས་ཉིད་ཀྱི་ཉམས་མྱོང་རྣམས་གསུངས་པ་ཡང་ཡང་ཐོས་ཤིང༌། རྗེ་ཉིད་ཀྱིས་མཛད་པའི་ཁྲིད་ཡིག་ལས་ཀྱང༌། སད་པའི་གནས་སྐབས་དང་ཤིན་ཏུ་མཐུན་ཡང་རྐྱེན་སྟོབས་ཀྱིས་སད་དུ་ཡོད་པ་ཞིག་ཡིན་ལ། རེས་འགའ་རྨི་ལམ་ཡང་མ་འགགས་བཞིན་ཉེ་འཁོར་ཀྱི་གཟུགས་སོགས་མཐོང་བ་སད་རྨིའི་སྣང་བ་ལྷན་དུ་སྣང་སྟེ། ཞེས་དང༌། རེས་འགའ་གཉིད་འོད་གསལ་དུ་འཕྱན་སྣང་བ་ཐམས་ཅད་བཀྲ་ལམ་མེར་ཉི་མ་ཤར་ཡོད་པ་བཞིན་སྣང་ནས། གཞན་རྣམས་ཀྱི་ཁ་འཁོར་ཕྱོགས་མངོན་སུམ་སྣང་བ་སོགས་ཤིན་ཏུ་མང་པོ་ཞིག་ཡོད། ཅེས་གསུངས་སོ། །རྨི་ལམ་འདིའི་ངང་ནས་རི་གླིང་རྒྱ་མཚོ་དང་བཅས་པ་བརྒལ་ནས་ཤིན་ཏུ་རྒྱང་རིང་པོར་འགྲོ་ཐུབ་པར་འདུག  འདི་རྣམས་སྒོམ་སྟོབས་ཀྱིས་བྱུང་བ་ཡིན་ལ། གཞན་ཡང་རྐྱེན་དབང་གིས་ཀྱང་དེ་ལྟར་འགྲོ་བ་འདི་དང་ཕྱོགས་མཚུངས་རེ་བྱུང་བ་ནི་སྔར་སྨོས་པ་བཞིན་ནོ། །སྤྱིར་རྨི་ལམ་གྱི་ལུས་དེ་ད་ལྟའི་ལུས་འདི་ལས་ཐ་དད་དུ་ཕྱེ་མ་ཕྱེ་གཉིས་ཡོད་པར་གསུངས་ཀྱང་གོང་སྨོས་འདི་ནི་རགས་ལུས་མལ་སར་བཞག་སྟེ་ཡུལ་གཞན་དུ་སོང་ནས་ཡུལ་དེ་དང་དེའི་སྐྱེ་བོ་སོགས་དངོས་སུ་མཐོང་བ་ཡིན་ནོ། །
      དེང་སང་ནུབ་ཕྱོགས་པ་དག་གིས་རྨི་ལམ་ལ་ཞིབ་འཇུག་བྱས་ཏེ། རྨི་ལམ་དུ་རྨི་ལམ་ངོས་འཛིན་ཀྱང་ཅུང་ཟད་རེ་བྱེད་ཐུབ་པར་འདུག  ངོས་འཛིན་བྱ་ཚུལ་ནི་རང་ཅག་གི་ཁྲིད་ཡིག་དག་ལ་འདྲ་བཟོ་ལྟ་བུར་ཡོད་དོ། ། ད་ནི་གོང་གི་དོན་བསྡུས་ནས་འདི་ལྟར་དུ་ཤེས་པར་བྱ་སྟེ། སེམས་རྒྱུན་བར་མ་ཆད་དུ་འབྱུང་བའི་སྒྲུབ་བྱེད་དུ་སྨྲས་པའི་རིགས་པ་དེ་དག་ནི། གྲུབ་མཐའི་བཞེད་སྒྲོས་ཀྱི་ལུང་ཙམ་དང༌། གང་ཟག་འགའ་རེའི་བསམས་ཚུལ་བརྗོད་པ་ཙམ་མ་ཡིན་པར་འཇིག་རྟེན་མིའི་ཡུལ་དུ་བྱུང་བའི་དངོས་པོ་མི་གསོན་པོ་དག་གི་མིག་གིས་ལྟ་རྒྱུ་ཡོད་པ། ལག་པས་རེག་རྒྱུ་ཡོད་པ་ཤ་སྟག་ཡིན་པས་བསྙོན་དུ་མེད་ལ་དེ་ལྟ་བས་ན་སེམས་ཀྱི་གླང་པོ་མ་རིག་པའི་ཆང་གིས་མྱོས་ཏེ། དགེ་སྡིག་གི་ལས་ཀྱི་རྣམ་པར་སྨིན་པའི་ཁུར་སྣ་ཚོགས་པ་ཐོགས་ཏེ། ལྗོངས་ནས་ལྗོངས་རྣམས་སུ་བརྒྱུད་མར་འཁྱམས་ཏེ། ཇི་སྲིད་མི་མངོན་པའི་དབྱིངས་སུ་ཚེ་མ་འཕོས་པ་དེ་སྲིད་དུ་འགྲོ་བ་ནི། ཇི་སྐད་དུ། གསལ་བར་སྐྱེད་ལ་རྒྱུ་ཚང་ཞིང༌། །གེགས་མེད་ཕྱིར་ན་སྐྱེ་པར་ངེས། །ཞེས་གསུངས་པ་བཞིན་དུ་རྒྱུ་མ་རིག་པ་དང་སྲེད་པའང་ཡོད། གེགས་བདག་མེད་རྟོགས་པའི་ཡེ་ཤེས་མེད་ན་ནི་འཁོར་བ་མཐའ་མེད་དུ་འཁྱམས་ནས་འགྲོ་ཞིང༌། དེར་ཡང་དགྲ་གཉེན་ཕ་མ་སོགས་མ་ངེས་པ་སྣ་ཚོགས་སུ་རེས་མོས་ཀྱི་ཚུལ་དུ་འོང་བར་ཡང་དག་པར་ཤེས་པར་བྱ་སྟེ། ལས་རྣམ་པར་འབྱེད་པ་ལས། འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ཡུལ་མ་ག་དྷཱར་བསོད་སྙོམས་ལ་སོང་སོང་བ་ལས་ཁྱིམ་ཞིག་གི་སྒོའི་ནང་དུ་ཕྱིན་པ་དང༌། ཁྱིམ་དེ་ན་ཁྱིམ་བདག་བུད་མེད་དང་བཅས་པ་ཞིག་པང་ན་བུ་ཐོགས་ཏེ། ཉ་ཤའི་བྱན་དང་བཅས་པའི་ཁ་ཟས་བཟའ་ཞིང་མདུན་ན་ཁྱི་ནག་པོ་ཞིག་འདུག་པ་དེ་ལ་ཉའི་རུས་པ་འདོར་རོ། །དེ་ནས་ཁྱིམ་བདག་དེས་མོའུ་འགལ་གྱི་བུ་ཆེན་པོ་མཐོང་ནས། འཕགས་པ་འདི་ན་སློང་བ་ལ་སྦྱིན་པ་སུ་ཡང་མ་མཆིས་ཀྱིས་སླར་བཞུད་ཅིག་ཅེས་ཏེ་སླར་ལོག་པ་དང༌། ཁྱིམ་དེའི་སྒོ་ན་ཡུལ་གཞན་ནས་འོངས་པའི་སྐྱེས་བུ་མཁས་པ་ཞིག་སྔ་ན་འདུག་པ་དེས། དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཀྱེ་མ་བཙུན་པ་འདི་ནི་རྫུ་འཕྲུལ་ཅན་གྱི་མཆོག་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོ་ནི་བཏུལ། ལྷའི་ཕོ་བྲང་རྣམ་པར་རྒྱལ་བ་ཕྱག་གཡོན་པའི་མཐེ་བོས་བསྒུལ་ཏེ་བརྒྱ་བྱིན་ཡང་ངོ་མཚར་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་མིག་བཙུམས་པ་ཙམ་གྱིས་བསྐོར་བ་ལགས་ན། བསོད་སྙོམས་མ་གསོལ་བར་སླར་བཏང་བ་ནི་ངོ་མཚར་ཆེའོ་ཞེས་བྱས་པ་དང༌། དེ་ནས་གནས་བརྟན་གྱིས་དེ་དག་སྐྱོ་བར་བྱ་བའི་ཕྱིར་སྨྲས་པ། ཁྱེའུ་ངོ་མཚར་མི་ཆེའོ། །མི་དེས་སྨྲས་པ། འོ་ན་ངོ་མཚར་ཆེན་པོ་ཅི་མཆིས། དེས་སྨྲས་པ་འདི་ན་ཁྱིམ་བདག་ཉ་ཤའི་བྱན་དང་བཅས་པའི་ཁ་ཟས་ཟ་བ་དེ། ཉ་དེ་ནི་ཁྱིམ་བདག་དེའི་ཕ་ཡིན་ཏེ། འདི་ནི་ཁྱིམ་གྱི་རྒྱབ་ན་རྫིང་ཉ་མང་པོ་ཞིག་ཡོད་པ་ནས་ཉ་རྣམས་བཅུས་ཤིང་བཅུས་ཤིང་ཟོས་ཏེ། མི་དེ་ཚེ་འཕོས་པ་དང་ཉ་དེ་དག་ཉིད་ཀྱི་ནང་དུ་སྐྱེས་སོ། །དེའི་བུ་འདིས་ཀྱང་ལན་བརྒྱ་ཕྲག་དུ་མར་ཉ་དེ་བཅུས་ཤིང་བཅུས་ཤིང་ཟོས་ཏེ། འདི་ཉིད་དུ་ཡང་དང་ཡང་དུ་ལན་དུ་མར་སྐྱེས་སོ། །ཁྱི་མོ་འདི་ནི་ཁྱིམ་བདག་དེའི་མ་ཡིན་ཏེ། འདི་ཡང་ཆགས་པའི་ཟིལ་གྱིས་ནོན་པས་སུ་ལ་ཡང་སྦྱིན་པའང་མ་བྱིན། ཚུལ་ཁྲིམས་ཀྱང་མ་བསྲུངས་པར་གྱི་ནར་རིགས་དང་རྒྱུད་ཀྱི་དོན་དུ་རྫས་རྣམས་བསྲུངས་ཏེ། དེ་ཡང་ཁྱིམ་འདི་ཉིད་ལ་སེམས་ཆགས་བཞིན་དུ་ཚེ་འཕོས་ནས་ཁྱི་མོ་དེར་སྐྱེས་ཏེ། དེ་ནས་ཚེ་འཕོས་ནས་ཀྱང་ཡང་དང་ཡང་དུ་འདི་ཉིད་དུ་སྐྱེས་ཏེ། ཁྱིམ་འདིར་མི་གཞན་ཞུགས་སུ་དོགས་ནས་མཚན་ཐོག་ཐག་ཀྱང་ཁྱིམ་ཕྱི་སྐོར་རོ། །མི་དེའི་པང་ན་འདུག་པའི་བུ་དེ་ཡང་དེའི་ཆུང་མའི་བྱི་བོ་ཡིན་ཏེ། ཁྱིམ་བདག་འདིས་ཆུང་མ་མི་གཞན་དང་ཉལ་བར་ཐོས་ནས། ཁྱིམ་བདག་དེ་གྲོང་གཞན་དུ་འགྲོ་བ་ལྟར་བྱས་ཏེ་ཁྱིམ་ནས་ཕྱིར་བྱུང་བ་དང༌། བུད་མེད་དེ་ཡང་མི་གཞན་དང་ཉལ་བ་ལ་ཁྱིམ་བདག་འདི་སླར་ལྡོག་སྟེ་མི་དེ་བསད་དོ། །དེ་ཡང་བུད་མེད་དེ་ལ་ཆགས་ཤིང་སྡུག་པའི་རྒྱུས་བུད་མེད་འདིའི་རིམ་དུ་སྐྱེས་སོ། །ཁྱེའུ་ལྟོས། ཕ་གང་ཡིན་པ་དེའི་ཤ་ནི་ཟ། མ་གང་ཡིན་པ་དེ་ལ་ནི་ཉའི་རུས་པ་དང་གྲ་མ་འདོར། བྱི་བོ་བྱེད་བྱེད་པའི་དགྲ་བོ་ཁྲོས་པས་བསད་པ་གང་ཡིན་པ་དེ་ནི་པང་དུ་བླངས་སོ། །དེ་ལྟ་བས་ན་འཁོར་བའི་ཉེས་པ་འདི་ལ་སྐྱོ་བར་བྱ་བའི་རིགས་ཏེ་ངོ་མཚར་ནི་འདི་ཆེའོ། །དེ་ནས་དགེ་སློང་མོའུ་འགལ་གྱི་བུ་དེས་ཕྱི་མའི་སྐྱེ་བོ་ཕལ་བོ་ཆེ་རྣམས་སྐྱོ་བར་བྱ་བའི་ཕྱིར་དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པ། དེ་ཡི་ཕ་ཡི་ཤ་ཟ་ཞིང༌། །མ་ལ་རུས་པ་གྲ་མ་འདོར། །ཆུང་མའི་བྱི་བོ་གསོ་བྱེད་པ། །གཏི་མུག་དང་ནི་ཆགས་པས་བསྒྲིབས། །ཞེས་དང༌། མཉན་དུ་ཡོད་པ་ན་ཁྱིམ་བདག་དབུལ་པོ་གཅིག་ཚེ་འཕོས་པ་ནས། དེའི་ཁྱིམ་སྒོ་ན་གླང་སྒལ་བ་ཅན་ཞིག་ཡོད་དོ། །ཁྱིམ་བདག་དེ་སེམས་ཁྱིམ་ལ་ཆགས་པས་ཚེ་འཕོས་ནས་གླང་དེའི་སྒལ་བའི་སྲིན་བུར་སྐྱེས་ཏེ། སྐྱེས་མ་ཐག་ཏུ་བྱ་རོག་གིས་ཟོས་པ་དང༌། ཡང་དེ་ཉིད་དུ་སྲིན་བུར་སྐྱེས་སོ། །དེ་ལྟར་དེ་ཉིད་དུ་ཉིན་གཅིག་ལ་ལན་བདུན་ཚེ་འཕོས་ཤིང་སྐྱེས། ཞེས་དང༌། གྲོང་ཁྱེར་ཀས་མརྱ་ན་དགེ་སློང་དགྲ་བཅོམ་པ་གཅིག་ཅིག་ཁྱིམ་ཞིག་གི་སྒོ་ན་འདུག་འདུག་ན། ཁྱིམ་དེའི་ཐད་ཀ་ལམ་པོ་ཆེ་ནས་ཕྱུགས་ཤིག་སྒྲ་འབྱིན་ཅིང་ཁྲིད་པ་དགེ་སློང་དེས་མཐོང་ནས། ཀྱེ་ཧུད། ཨེ་མ། ག་ལ་སྲིད་ཅེས་བྱས་པ་དང༌། མི་དག་གིས་དགེ་སློང་དེ་ལ། སློབ་དཔོན། ཅི་ཞིག་དེ་སྐད་དུ་ཀྱེ་ཧུད། ཨེ་མ། ག་ལ་སྲིད་ཅེས་བྱ་བའི་སྒྲ་བརྗོད་ཅེས་དྲིས་ན། དེས་སྨྲས་པ། དེ་ནི་མ་དད་པ་རྣམས་ལ་སྨྲ་བར་ཡང་མི་བྱ་བ་ཞིག་སྟེ་སྒོས་ཀྱིས་སྨྲའོ་ཞེས་ནས། དེས་སྨྲས་པ། ཕྱུགས་ཕ་བི་ལྟར་སྒྲ་འབྱིན་ཅིང་ཁྲིད་པ་ཕ་བིས་སྔོན་ཚོང་པ་ཕྱུག་པོ་ཞིག་ཏུ་རེད་པའི་ཚེ། རྟེན་བཙུགས་ཏེ་ལོ་དུས་ཀྱི་མཆོད་སྦྱིན་བྱས་ནས། དེས་དེར་ཕྱུགས་མང་པོ་དག་ཀྱང་བསད། ཚེ་འཕོས་ཀར་ཡང་བུ་ལ་བོས་ཏེ་སྨྲས་པ། བུ་ཁྱོད་ང་ལ་བྱམས་ཤེ་ན། ཕྱུགས་ཀྱི་མཆོད་སྦྱིན་ལོ་དུས་སུ་བྱ་བ་འདི་ང་ཚེ་འཕོས་ནས་ཀྱང་རྟག་པར་གྱིས་ཤིག་ཅེས་བསྒོ་ནས། བུས་ཀྱང་དེ་ལྟར་བགྱིའོ་ཞེས་ཏེ་དེ་བཞིན་དུ་མཉན་ཏོ། །དེ་ནས་མི་དེ་ཚེ་འཕོས་པ་དང་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་དང་ལྡན་པས་བདག་གི་ཁྱིམ་དུ་ཕྱུགས་སུ་སྐྱེས་ནས་དེ་དེར་ཡང་དང་ཡང་སྐྱེས་ཤིང་བསད་བསད་པ་ལས་ལན་འདི་དང་དྲུག་སྟེ། ད་ཡང་ཁྲིད་པ་ཡིན་ནོ་ཞེས་ནས། དགེ་སློང་དེས་ཕྱུགས་དེ་ལ་སྙིང་བརྩེ་བས་འདི་སྐད་ཅེས་སྨྲས་སོ། །རྟེན་ཀྱང་ཁྱོད་བདག་གིས་བཙུགས། མཆོད་སྦྱིན་ཡང་ཁྱོད་བདག་གིས་བྱས། ཕྱུགས་མང་པོ་ཡང་ཁྱོད་བདག་གིས་བསད་ན། དེ་དེ་སྐད་དུ་དོན་མེད་པ་བོས་པས་ཅི་ཕན་ཞེས་བརྗོད། ཅེས་གསུངས་པ་ལྟར་དུ་ཤེས་ནས་སྲིད་པའི་ཁམས་ལ་སྐྱོ་བར་བྱའོ། །ནུབ་ཕྱོགས་ཀྱི་སྐྱེ་བོ་འགའ་རེས་གོང་གི་འཆི་ཁའི་ཉམས་མྱོང་དེ་དག་ལ་བརྟེན་ནས། ཤི་བ་ནི་ཡིད་དུ་འོང་བ་ཞིག་ཏུ་འདུག་པས་སྐྲག་མི་དགོས་ཞེས་མི་རྣམས་ལ་སེམས་གསོ་བྱེད་མོད། ཉམས་མྱོང་དེ་ཙམ་གྱིས་ཤི་བའི་གཏིང་མི་དཔོག་ལ། དེར་མ་ཟད་ཉམས་མྱོང་ཉིད་ཀྱང་མི་སོ་སོར་བདེ་སྡུག་གི་སྣང་བ་སྣ་ཚོགས་པ་བྱུང་འདུག་པས་གཏམ་དེ་ལ་རྒྱུ་མཚན་ཅི་ཡང་མེད་དོ། །དེས་ན་བཞི་བརྒྱ་པ་ལས། སྲིད་པར་ཁྱོད་ལ་རང་འདོད་ཀྱིས། །འགྲོ་བ་གཞར་ཡང་ཡོད་མིན་ན། །གཞན་གྱི་དབང་དང་འཇིགས་མེད་པར། །བློ་དང་ལྡན་པ་སུ་ཞིག་འགྱུར༌། །ཞེས་དང༌། ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ས་སྟེང་སྡིག་པའི་རྣམ་སྨིན་ནི། །ཅོ་འདྲི་ཁོ་ནར་ཡིན་པར་མཐོང༌། །དེས་ན་སྲིད་པ་གསོད་གནས་དང༌། །མཚུངས་པར་དམ་པ་རྣམས་ལ་སྣང༌། །ཞེས་གསུངས་ཏེ། དོན་ལ་ནི་དེ་ཁོ་ན་ལྟར་ཡིན་པར་ཤེས་དགོས་སོ། །དེ་ཡན་ཆད་ཀྱིས་སེམས་གང་ནས་བྱུང་ཞིང་གང་དུ་འགྲོ་ཚུལ་བཤད་ཟིན་ཏོ། །
     གཉིས་པ་ལུས་སྐྱེ་ཚུལ་བཤད་པ་ནི། འོ་ན། སེམས་ཅན་རྣམས་ཀྱི་ལུས་འདི་ཇི་ལྟར་སྐྱེས་པ་ཡིན་ཞེ་ན། ད་ནི་དེའི་རྣམ་བཞག་ཅུང་ཟད་འཆད་པ་ལ། དེ་ཡང་སེམས་ཅན་རྣམས་ཀྱི་ལུས་འདི་འགྲུབ་ཚུལ་ལ་བཞི་ཡོད་དེ། སྒོང་སྐྱེ། དྲོད་གཤེར་ལས་སྐྱེ་བ། མངལ་སྐྱེ། རྫུས་སྐྱེ་སྟེ། མི་དང་དུད་འགྲོ་ལ་སྐྱེ་ཚུལ་བཞི་ག་ཡོད་པར་གསུངས་ཏེ། འཕགས་པ་མྱ་ངན་ལས་འདས་པ་ལས། སོ་སོའི་སྐྱེ་བོ་ཐམས་ཅད་ལ་སྐྱེ་གནས་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པའོ། །སྐྱེ་གནས་རྣམ་པ་བཞི་ནི་མིའི་ནང་ན་ཡང་རྫོགས་པར་མཆིས་སོ། །དཔེར་ན་དགེ་སློང་ཤིང་སཱ་ལ་དང༌། ཨུ་པ་ཤི་པ་ལ་དང༌། ཁྱིམ་བདག་ནི་ཀ་ལའི་མ་དང༌། ཁྱིམ་བདག་ནི་ཀུ་ཏའི་མ་དང༌། ཁྱིམ་བདག་ཕན་ཤ་ལའི་མ་ལ་སོགས་པ་དེ་དག་ལ་སོ་སོ་ནས་བུ་ལྔ་བརྒྱ་ལྔ་བརྒྱ་མཆིས་ཏེ། ཐམས་ཅད་སྒོ་ང་གཅིག་གི་ནང་ནས་སྐྱེས་ཏེ། དེ་བས་ན་མི་ལ་ཡང་སྒོ་ང་ལས་སྐྱེས་པ་མཆིས་སོ། །དྲོད་གཤེར་ལས་སྐྱེས་པ་ནི། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྔོན་བྱང་ཆུབ་སེམས་དཔའ་མཛད་པ་ན་རྒྱལ་པོ་སྤྱི་བོ་སྐྱེས་ཞེས་བགྱི་བར་གྱུར་པ་དང༌། རྒྱལ་པོ་ལག་ན་སྐྱེས་ཞེས་བགྱི་བར་གྱུར་པ་དང༌། ད་ལྟར་གསུངས་པ་བུ་མོ་ཨ་མྲའི་ཤིང་དང༌། བུ་མོ་ཀ་བྱི་ཏའི་ཤིང་ཞེས་བགྱི་བ་མཆིས་པས་ན་མི་ནང་ན་དྲོད་གཤེར་ལས་སྐྱེས་པ་ཡང་མཆིས་སོ། །ཞེས་གསུངས་པ་དང༌། མཛོད་ལས་ཀྱང༌། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །ཞེས་གསུངས་སོ། །དེ་ལས་མི་རྫུས་ཏེ་སྐྱེས་པ་ནི་སྔོན་གྱི་ལོ་རྒྱུས་དག་ལས་བྱུང་བ་ཙམ་ལས་ད་དངོས་སུ་བྱུང་བ་མ་ཐོས། སྒོ་ང་ལས་སྐྱེས་པ་ནི་གོང་དུ་སྨྲོས་པ་བཞིན་ལ། གཞན་ཡང༌། ཚོང་པ་དག་རྒྱ་མཚོའི་ནང་དུ་གྲུ་ཞིག་ཏེ་ཁྲུང་ཁྲུང་མོ་དང་འདུས་པ་ལས། གནས་བརྟན་བྲག་དང་ཉེ་བ་བྲག་ཅེས་པའི་མི་གཉིས་སྒོ་ང་ལས་སྐྱེས་པར་གསུངས་པ་ལྟ་བུས་མཚོན་ནོ། །དེང་དུས་སུ་མཐོང་བ་ནི། ཧིན་རྡུ་ཉི་ཞི་ཡའི་ཕོ་ལོ་གླིང་གི་ནགས་ཀློང་ནས། རབ་འབྱམས་པ་ཨོ་ཧྥེ་ཚུ་དང་ཁོའི་གྲོགས་མི་བཅུ་བཅས་གནའ་མིའི་འཚོ་བར་ཞིབ་འཇུག་ཏུ་ཕྱིན་པ་ན། སྒོང་སྐྱེས་ཀྱི་མི་མང་པོ་དང་འཕྲད་དེ་བུད་མེད་རྣམས་སྒོང་ང་དཀར་ལ་ཆེ་བ་རེའི་སྟེང་དུ་བསྡད་ནས་ལུས་དྲོད་ཀྱིས་སྒོ་ང་དེ་དག་སྐྱོང་ཞིང་འདུག  དེ་དག་མངལ་ཆགས་ནས་ཟླ་བ་དྲུག་གི་མཚམས་སྒོ་ང་དེ་དག་སྐྱེས། དེ་ནས་ཟླ་བ་གསུམ་བསྐྱངས་རྗེས་སྒོང་ཤུན་རྡོལ་ཏེ་ཕྲུ་གུ་དག་ཕྱིར་འབྱུང་ཞེས་གྲག་གོ །དེང་སང་སྒོང་སྐྱེས་ཀྱི་མི་དེ་ཤིན་ཏུ་ཡ་མཚན་པའི་གནས་སུ་བྱེད་ཀྱང༌། རང་ཅག་ལ་ནི་ལོ་སྟོང་ཕྲག་གཉིས་ཀྱི་གོང་ནས་གྲགས་ཤིང་བློ་གྲོས་གསར་བུ་པ་དག་ཡན་ཆད་ཀྱིས་ཁ་ཐོག་འཁོར་ལོ་བྱེད་བྱེད་པ་དེ་ཙམ་ཞིག་ཏུ་བས་སོ། །དྲོད་གཤེར་ལས་སྐྱེས་པ་རང་རེའི་སྟོན་པའི་སྐུ་དུས་སུ་བྱུང་བ་མྱང་འདས་ལས། བུ་མོ་ཨ་མྲའི་ཤིང་ཞེས་པ་དེ་ནི་འདུལ་བ་ལུང་ལས། དེའི་ཚེ་ཡངས་པ་ཅན་ན་ལི་ཙ་བྱི་མིང་ཆེན་གྱི་སྐྱེད་མོས་ཚལ་ན་ཨ་མྲའི་ཚལ་ཡོད་པ་དེར་གློ་བུར་ཆུ་ཤིང་གི་སྡོང་བུ་ཞིག་སྐྱེས་པ་ཀུན་དགའ་ར་བ་སྲུང་བས་མཐོང་ངོ༌། །དེ་མ་ཐག་མེ་ཏོག་ཆགས་པ་དང༌། ངོ་མཚར་ནས་མིང་ཆེན་ལ་སྨྲས་པ་དང༌། དེས་ལྟས་མཁན་བཀུག་ནས་བསྟན་པས། དགུང་བདུན་གྱི་ཉིན་པར་གས་ནས་བུ་མོ་ཞིག་འབྱུང་ངོ༌། །དེས་དེར་སྲུང་མ་རྣམས་བཀོད་ནས་ཉི་མ་བགྲང་བ་ལ་ཞུགས་སོ། །ཉི་མ་བདུན་པ་ལ་ཆུ་ཤིང་སྡོང་པོ་གས་ནས་བུ་མོ་གཟུགས་བཟང་བ་ཞིག་བྱུང་སྟེ། དེ་ཆུང་མ་ལ་གཏད། ཨ་མྲ་སྐྱོང་མ་ཞེས་མིང་བཏགས། ཅེས་གསུངས་ཏེ༑ ཕྱིས་བུ་མོ་ཆེར་སྐྱེས་པ་ན་སྨད་འཚོང་མར་གྱུར་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་འཕྲད་དེ་བུ་གཞོན་ནུ་འཇིགས་མེད་ཅེས་བྱ་བ་ཞིག་སྐྱེས་པ་དེ། སྨན་པ་འཚོ་བྱེད་ཆུང་ངུའི་དུས་སུ་སྐྱེད་སྲིང་བ་པོ་དང་དེའི་ཕུ་བོ་ཡང་ཡིན་ནོ། །མི་དྲོད་གཤེར་ལས་སྐྱེས་པ་འདི་འདྲ་བ་དེང་སང་བྱུང་བ་མ་ཐོས་ལ་དུད་འགྲོ་ནི་ཤིན་ཏུ་མང་ངོ༌། །དེ་རྣམས་ལས་འདིར་མངལ་སྐྱེས་ཀྱི་ལུས་གྲུབ་ཚུལ་ནི། ཚེ་འདིའི་ཕ་མ་གཉིས་ཀྱི་ཁུ་ཁྲག་མའི་མངལ་དུ་འདྲེས་པར་གྱུར་པ་ན། བར་དོའི་སེམས་ཅན་གྱི་རྣམ་ཤེས་དེར་ཞུགས་ནས་བརྒྱལ་ཏེ་སྡོད། དེ་ནས་བཟུང་ཁུ་ཁྲག་དེ་གཉིས་རིམ་བཞིན་སེམས་ཅན་གྱི་ལུས་སུ་འགྱུར་ཏེ། རང་རེའི་གཞུང་དག་ལས། སྐབས་དང་པོ་མེར་མེར་པོ་ཞེས་བྱ་བ་ཕྱི་ནས་སྤྲིས་མ་ལྟ་བུས་གཡོགས་ཤིང་ནང་རླན་པ། སྐབས་གཉིས་པ་ནུར་ནུར་པོ་ཞེས་བྱ་བ་ཞོ་ལྟ་བུ་ལ་ཤ་ཉིད་དུ་མ་གྱུར་པ། སྐབས་གསུམ་པ་ལྟར་ལྟར་པོ་ཞེས་བྱ་བ་ཤ་ཉིད་དུ་གྱུར་ལ་སླ་བ། སྐབས་བཞི་པ་འཁྲང་འགྱུར་ཞེས་བྱ་བ་བསྐ་བར་གྱུར་པ་མནན་བཟོད་པ། དེ་ནས་རྐང་ལག་འགྱུས་པ་ཞེས་བྱ་བ་ཡན་ལག་རྣམས་ཀྱི་མཚན་མ་ཤ་ལྷག་ལྟ་བུ་རེ་འབྱུང༌། དེ་རྣམས་ཡན་ལག་ཏུ་སྨིན་ནས་རིམ་བཞིན་ཕྱིར་བཙའ་འོ། །ཞིབ་པར་ནི་དགའ་བོ་མངལ་འཇུག་གི་མདོ་དང་རྒྱུད་ལས་གསུངས་པ་བཞིན་ནོ། །མངལ་དུ་ལུས་སྨིན་པ་དང་བཙའ་བའི་དུས་ཀྱི་ཚད་ནི་མ་ངེས་ཏེ། རང་རེའི་གཞུང་ལས་གསུངས་པ་སྔར་རྣམ་ཤེས་མངལ་གནས་ཀྱི་སྐབས་སུ་བཤད་པ་ལྟར་ལ། དེང་སང་བྱུང་བ་ནི་པུར་ཀ་རི་ཡའི་བུ་མོ་ཏུས་མེ་ཐུ་ལཱ་ལ་ཞག་སོ་དྲུག་ནས་ཡོངས་སུ་སྨིན་པའི་བྱིས་པ་བཙས་པ་དང༌། དབྱིན་ཇིའི་བུད་མེད་ཧུ་ཏེས་ཁུ་ལ་ཟླ་བ་བཅུ་གསུམ་ལྷག་ཙམ་ནས་བཙས་པ་དང༌། རྒྱ་ནག་ཧུ་པེ་ཨན་གོ་རྫོང་གི་བགྲེས་མོ་ཞིག་གི་ལྟོ་ནས་ལོ་སུམ་ཅུའི་རིང་མངལ་དུ་གནས་པའི་བྱིས་པ་བྱུང་བ་དང༌། གཞན་ཡང་སྔོན་གྱི་ལོ་རྒྱུས་འགའ་ལས་ལོ་བཞི་བཅུའི་རིང་ལ་མ་བཙས་པའི་ཁྱེའུ་ཞིག་བྱུང་ཚུལ་བཤད་པ་བཞིན་ནོ། །དེས་ན་ད་ལྟའི་ལུས་འདི་ནི་དེ་ལྟར་ཕ་མ་གཉིས་ཀྱི་ཁུ་ཁྲག་ལས་གསར་དུ་བྱུང་བ་ཡིན་ནོ། །ལུས་ཀྱི་མདོག་དབྱིབས་ཀྱི་བྱེ་བྲག་དག་ཀྱང་ཁུ་ཁྲག་སོགས་ཀྱིས་བྱེད་དེ། མི་དང་མི་མིན་གྱི་ཁུ་ཁྲག་འདྲེས་པའི་དབང་གིས་མི་མིན་འདྲེ་མིན་གྱི་སྐྱེ་བོ་དག་བྱུང་ཞིང༌། མི་དང་དུད་འགྲོའི་ཁུ་ཁྲག་འདྲེས་པས་མི་མིན་ནོར་མིན་དག་བྱུང་བའི་ཕྱིར་ཏེ། འདུལ་བ་ལུང་ལས། དད་པ་ཅན་མང་པོ་མཉན་ཡོད་དུ་འོངས་ནས་ཟང་ཟིང་གི་རྙེད་པ་དང་མཆོད་པས་སྐྱེ་བོའི་ཚོགས་རྣམས་ཚིམས་པར་བྱས་སོ། །དེ་ལྟ་བུའི་འབྱོར་བ་མཆོག་མཐོང་ནས་མི་མ་ཡིན་ཁ་ཅིག་དེ་ཉིད་དུ་མངོན་པར་དགའ་ནས་འདུག་པ་དེ་དག་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་པ་དེའི་ཚེ། བུད་མེད་དག་གི་ཁྱོ་ཕྱི་རོལ་ཏུ་སོང་བའི་ཆ་ལུགས་སུ་བདག་ཉིད་སྤྲུལ་ནས་དེ་དག་དང་དགའ་མགུར་སྤྱད་པས་རྒྱུ་མཐུན་པ་ལས་ཁྱེའུ་དང་བུ་མོ་རྐང་ལག་དང༌། མིག་དང༌། ལུས་མི་སྡུག་པ་སྐྱེས་ཏེ། ཁ་ཅིག་ནག་ལ་མིག་དམར། ཁ་ཅིག་མགོ་ཆེ་ལ་ལུས་ཆུང༌། ཁ་ཅིག་མགོ་སེར། ཁ་ཅིག་སྐྲ་ལྗང་གུའོ། །དེ་དག་མཐོང་བས། མ་དངངས་ཏེ་ཁྱིམ་གྱི་བར་དང༌༑ ཚང་ཚིང་གི་བར་དུ་བོར་བས་མི་མ་ཡིན་གྱི་མདངས་ཀྱིས་གསོའོ། །ཁ་ཅིག་མིའི་གཟུགས་སུ་གསལ་བར་སྐྱེས་ཤིང་ཆེར་སྐྱེས་པའི་ཚེ་འགྱུར་བ་སྟོན་པ་དག་ཀྱང་མས་ལམ་པོ་ཆེའི་ཁར་བོར་བས་མི་མ་ཡིན་གྱི་མདངས་གྱིས་གསོའོ། །ཞེས་དང༌། དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གིས་ཕྱོགས་ཤིག་ཏུ་གཅིན་ཁུ་བ་དང་བཅས་པ་ཞིག་གཅིས་སོ། །གློ་བུར་དུ་རི་དྭགས་མོ་སྐོམ་པས་ཉེན་པ་ཞིག་དེར་འོངས་ཏེ། དེ་འཐུངས་ནས་མོའི་དབང་པོ་ལ་བསྣམས་སོ། །དེ་ནས་དུས་གཞན་ཞིག་ན་ཁྱེའུ་ཞིག་བྱུང་བ་དང༌། དེས་དེ་བསྣམས་པ་ན། སྐལ་བ་མི་མཐུན་པའི་སེམས་ཅན་ཡིན་པར་ཤེས་ནས་བོར་ཏེ་སོང་ངོ༌། །དྲང་སྲོང་དེས། དེ་རང་གི་བུ་ཡིན་པར་ཤེས་ནས་གསོས་པས་ཆེར་སྐྱེས་པ་ན། དེའི་མགོ་རི་དྭགས་འདྲ་བས་རི་དྭགས་མགོ་ཞེས་བཏགས་སོ། །ཞེས་གསུངས་སོ། །རི་དྭགས་མགོ་འདི་ཕྱིས་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་ནས་བསྒོམས་པས་དགྲ་བཅོམ་པ་ཐོབ་བོ། །དེས་ན་དེང་སང་སེམས་ཅན་རིགས་མི་གཅིག་པ་དག་གི་ཁུ་ཁྲག་ཕན་ཚུན་བསྲེས་ནས། གཟུགས་དབྱིབས་མི་སྡུག་པའི་འགྲོ་བ་བསྐྱེད་དེ་དེ་ཉིད་གསར་མཐོང་དང་གསར་རྙེད་ལྟ་བུར་བརྩི་བར་འདུག་མོད། རང་ཅག་གི་གཞུང་ལས་ནི་སྔར་ནས་གསུངས་སོ། །དེ་བཞིན་དུ་སེམས་ཅན་གཞན་གྱི་ལུས་ལས་ཁུ་བ་བླངས་ནས་གཞན་གྱི་མངལ་དུ་བླུགས་ཏེ། རིགས་བརྒྱུད་སྤེལ་བར་བྱེད་པ་དེའང་སྔོན་ནས་གསུངས་ཏེ། འཆར་ཀའི་ཁུ་བ་གོས་ཀྱི་ངོས་ལ་ཆགས་པ་ཞིག་སྦེད་མས་རང་གི་མངལ་དུ་བླུགས་པས་བཅོམ་ལྡན་འདས་ཀྱིས་དེ་ལ་བུ་འབྱུང་བར་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་བྱུང་སྟེ། ཇི་སྐད་དུ། སྦེད་མ་ཆགས་ཤིང་དྲལ་བའི་སེམས་ཀྱིས་ཁུ་བ་དེ་རང་གི་མངལ་སྒོར་བླུགས་སོ། །ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་དེ་ལ་སེམས་ཅན་ཞུགས་པ་དང༌། ཞེས་དང༌། བུ་གཞོན་ནུ་འོད་སྲུང་ཞེས་བྱ་བ་བཙའ་ཞིང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་འཐོབ་སྟེ། ངའི་གཏམ་སྣ་ཚོགས་དང་གཏམ་སྙན་པ་དང༌། སྤོབས་པ་དགེ་བ་ཅན་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏེ། ཕྱིས་ཁྱེའུ་དེ་དེ་ལྟར་བཙས་སོ། །དེ་ལྟར་སེམས་ཅན་རིགས་མི་འདྲ་བའི་ཁུ་ཁྲག་བསྲེས་པས་གདོང་དབྱིབས་སོགས་ཀྱང་སྣ་ཚོགས་པ་འབྱུང་བ་མ་ཟད་སེམས་ཅན་གང་རུང་གཅིག་གི་ལུས་ལས་ཁུ་བའམ་ཁྲག་བླངས་ཏེ་སྐྱེད་བསྲིངས་ན་སེམས་ཅན་དེ་དང་ཤིན་ཏུ་འདྲ་བའང་འབྱུང་སྟེ། ཉེ་ཆར་དབྱིན་ཇིའི་ཚན་རིག་པ་འགའ་ཞིག་གིས་ཐབས་དེ་ལ་བརྟེན་ནས་ལུག་གཅིག་སྐྱེད་བསྲིངས་བྱས། དེ་ཡང་ཁོང་ཚོའི་ཐོག་མར་མོ་ལུག་ཅིག་གི་ལུས་ལས་ཡོངས་སུ་སྨིན་པའི་མངལ་ཁྲག་ཅིག་བླངས་ཏེ། མངལ་ཁྲག་དེའི་ཕྲ་ཕུང་གི་སྙིང་པོ་བསལ། དེ་ལྟར་བྱས་པས་ཕྲ་ཕུང་དེ་སྙིང་པོ་དང་བྲལ་བའི་ཕྲ་ཕུང་སྦྱིན་གཟུགས་ཙམ་དུ་གནས། དེ་ནས་ཡང་མོ་ལུག་གཞན་ཞིག་གི་ནུ་མའི་གཤེར་རྨེན་ལས་དུམ་བུ་ཞིག་བླངས་ནས་སྐྱེད་བསྲིངས་རྗེས་དེའི་ནང་ནས་གཤེར་རྨེན་གྱི་ཕྲ་ཕུང་རྐྱང་བ་བླངས་ཏེ། སྔར་གྱི་སྙིང་པོ་བསལ་བའི་མངལ་ཁྲག་དེར་བསྲེས། ཕྲ་ཕུང་སྔ་ཕྱི་གཉིས་པོ་འདྲེས་སུ་བཅུག་སྟེ་ཞག་དྲུག་བདུན་ཙམ་སྐྱེད་བསྲིངས་ནས་ཕྲ་ཕུང་དུ་མར་གྱུར་པའི་ཚེ་ན། མོ་ལུག་གཞན་ཞིག་གི་མངལ་དུ་བླུགས་ནས་སྐྱེད་བསྲིངས་པས་མཐར་ལུ་གུ་དངོས་སུ་གྱུར་ཏེ་བཙས་སོ། །དེ་ལྟར་ལུག་གཅིག་ལས་མངལ་ཁྲག་གི་ཕྲ་ཕུང༌། གཅིག་ལས་ནུ་མའི་གཤེར་རྨེན་ཕྲ་ཕུང༌། གཅིག་གི་མངལ་དུ་བསྐྱངས་པ་སྟེ་གསུམ་ཆར་ཡང་མོ་ལུག་འབའ་ཞིག་ལས་ཕོའི་ས་བོན་ཡེ་མེད། ལུག་བར་མ་དེ་དང་ལུ་གུ་གཉིས་ནི་ཧ་ཅང་འདྲ་བར་བྱུང་འདུག་པས་ལུ་གུ་དེ་གཤེར་རྨེན་གྱི་ཕྲ་ཕུང་གང་ལས་བླངས་པའི་ལུག་དེའི་འདྲ་བཟོ་ཡིན་ཟེར། རྒྱུ་མཚན་འདིའི་རྗེས་སུ་དཔག་ན་མི་ཡང་དེ་ལྟ་བུ་བྱར་བཏུབ་ཟེར། འོན་ཀྱང་མི་དེ་ལྟར་སྐྱེད་པ་ནི་རེ་ཞིག་བཀག་སྡོམ་བྱས་འདུག་དེ་ལྟ་ནའང་མི་མང་པོས་རང་ཉིད་འདྲ་བཟོ་བྱ་རྒྱུའི་ཞུ་བ་བྱས་ཏེ། སླར་ཡང་མི་ཚེ་གཅིག་རིང་འཚོ་ཆོག་པའི་སྲེད་པ་སྐྱེས་པ་ཡིན་མཆི། འོན་ཀྱང༌། དེ་ནི་སྟོང་བསམ་རང་དུ་འདུག་སྟེ། བདེ་སྡུག་གི་ཉམས་མྱོང་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིང༌། ངའམ་བདག་ཅེས་འཛིན་ས་ནི་སེམས་འདི་ཡིན་གྱི་གཟུགས་ཕུང་ཙམ་ཞིག་ག་ལ་ཡིན། སེམས་ནི་སུས་ཀྱང་བསྐྱར་བཟོ་བྱེད་ཐུབ་པ་མ་བྱུང་ལ་འབྱུང་བར་ཡང་མི་འགྱུར། བྱ་ཡང་མི་དགོས་ཏེ་རང་ཉིད་རྒྱུན་མ་ཆད་པར་འགྲོ་བའི་ཕྱིར་རོ། །དེས་ན་གོང་གི་ཐབས་དེས་རང་དང་འདྲ་བའི་གཟུགས་ཕུང་ཞིག་འོང་དུ་ཆུག་ཀྱང་དེ་བདག་ཉིད་ག་ལ་ཡིན། དཔེར་ན། ཕ་དང་གདོང་དབྱིབས། སྐད་གདངས། སྤྱོད་ལམ་སོགས་ཤིན་ཏུ་འདྲ་བའི་བུ་ཞིག་བྱུང་ཡང་དེ་ཕ་དེ་ཉིད་གཏན་ནས་མ་ཡིན་པ་བཞིན་ནོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།