ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།
སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-14 09:02:00
ཀློག་གྲངས།:
མཁྱེན་གཉིས་ཡེ་ཤེས་དཀྱིལ་འཁོར་གཅིག་གིས་ཀྱང༌། །
བདེན་གཉིས་ཤེས་བྱའི་དེ་ཉིད་མངོན་སུམ་གཟིགས། །
སྒྲིབ་གཉིས་དྲི་མ་ཡོངས་སུ་སྤོང་མཛད་དེ། །
དོན་གཉིས་མཐར་སོན་ཐུབ་པའི་དབང་པོ་རྒྱལ། །
དེ་ཡི་ལེགས་པར་གསུངས་པ་བདུད་རྩིའི་གཏེར། །
སྐལ་བཟང་སྐྱེ་བོ་ཀུན་ཏུ་དགའ་བའི་དཔྱིད། །
ལོག་རྟོག་མུན་ནག་དཀྲིགས་པ་དུས་ཀྱི་མཐར། །
སྲིད་ལམ་དུབ་པ་དག་གི་མིག་གཅིག་ལགས། །
འཇིགས་རུང་འཁོར་བའི་རྒྱ་མཚོ་ཆེན་པོ་ན། །
སྐྱེ་འཆི་རླབས་ཀྱི་གདེངས་ཀ་འཕྱོ་བའི་ཀློང༌། །
དབང་མེད་ལས་རླུང་དྲག་པོས་བདས་པའི་འགྲོ། །
ཇི་ལྟར་འཁྱམས་པའི་ངང་ཚུལ་འདིར་བརྗོད་བྱ། །
ཞེས་མཆོད་བསྟོད་སོགས་སྔོན་དུ་བཏང་ནས། །འདིར་བོད་གངས་ཅན་གྱི་ལྗོངས་ཞེས་བྱ་བ། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། འཕགས་པ་བོད་ལ་སོཊ་རྣམས་ལ། །ཞེས་དང༌། འདུལ་བ་ལུང་ལས། དེ་ལ་ཁྱིམ་གཅིག་དང་ལྡན་པའི་གྲོང་གང་ཞེ་ན། འདི་ལྟ་སྟེ། རི་ཁྲོད་པ་རྣམས་དང༌། བོད་རྣམས་དང༌། ཀླ་ཀློ་རྣམས་ཀྱི་གྲོང་ངོ༌། །ཞེས་གསུངས་པ་བཞིན་དུ་ལོ་སྟོང་ཕྲག་མང་པོའི་གོང་ནས་འགྲོ་བ་མིའི་རིགས་ཀྱིས་བདག་གིར་བཟུང་བ་གང་དུ་ཆོས་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རིའི་སྐུ་དུས་ནས་བཟུང་རིམ་བཞིན་སྟོན་པ་ཐུགས་རྗེ་ཅན་མཉམ་མེད་ཐུབ་པའི་དབང་པོའི་གསུང་གི་བདུད་རྩིའི་ཟེར་གྱིས་ཁྱབ་སྟེ་བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་ཡོངས་སུ་གྲགས་པ་ཆོས་འབྱོར་སྟོབས་གསུམ་གྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་གྱི་མི་རིགས་ཤིག་ཏུ་གྱུར་ཏོ། །དེ་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་མཁས་གྲུབ་རིམ་བྱོན་དག་གིས་བོད་མི་དམངས་ཀྱི་བསམ་བློའི་འཁྱེར་སོ་ཡང་དག་པའི་ལམ་དུ་བཀྲི་བར་མཛད་པས། དད་པ་ཤེས་རབ་སྙིང་རྗེ་སོགས་ནང་སེམས་ཀྱི་ཡོན་ཏན་ནི་གཞན་ཀུན་ལས་ཁྱད་དུ་འཕགས་པ་ཞིག་བྱུང་ངོ༌། ། དེ་ཡང་འདས་པའི་ལོ་སུམ་བརྒྱ་ཙམ་གྱི་རིང་ལ་འཛམ་གླིང་ནུབ་ཕྱོགས་པ་དག་གིས་རིགས་པ་གསར་བའི་ཤུགས་ལ་བརྟེན་ནས་ཕུང་འཚེང་གཉིས་ཀ་བློས་མི་འཁྱུད་པ་ཙམ་བྱས། ད་ལྟ་དུས་རབས་ཉི་ཤུ་པའི་མཇུག་རྫོགས་པ་ལ་ཉེ་བའི་སྐབས་སུ། ཕྱིའི་དངོས་པོ་ཡར་རྒྱས་བཏང་བ་ཙམ་གྱིས་བློ་མ་ཚིམས་ནས་ནང་སེམས་ཀྱི་གནད་གསང་དག་དང༌། སྐྱེ་འཆི་སོགས་མི་ཚེའི་དཀའ་གནས་རྣམས་རྟོགས་སུ་རེ་ནས་རྟོག་པ་ལ་ཞུགས་པའི་ཚེ་ན། ཕྱོགས་འདི་ལ་ནི་སའི་གོ་ལ་ཧྲིལ་པོའི་ཐོག་གི་མི་རིགས་ཡོད་དོ་ཅོག་ལས་བོད་མི་རིགས་ཀྱི་རིག་གཞུང་དེ་ཟབ་པའི་རྩེར་སོན་པ་མཐོང་ནས་མཁས་པ་གཟུ་བོར་གནས་པ་དག་གིས་བསྟོད་བསྔགས་ཡང་ཡང་མཛད་དེ་འོག་ཏུ་འཆད་དོ། །དཀའ་བའི་གནས་འདི་དག་དང་འཕྲད་པའི་ཚེ། ནུབ་ཕྱོགས་ཀྱི་རིགས་གསར་སྨྲ་བ་ཤིན་ཏུ་མཁས་པ་དག་གི་གྲོས་མོལ་དང་བགྲོ་གླེང་གི་ཡུལ་ནི་བོད་ཀྱི་མཁས་གྲུབ་རྣམས་སུ་གྱུར་ཡོད་དེ། ༡༩༨༧ ལོར་ནུབ་ཕྱོགས་ཀྱི་སྔོན་ཐོན་རིགས་གསར་པ་ཁྱུ་གཅིག་དང་བོད་ཀྱི་མཁས་གྲུབ་དག་ཉིན་དྲུག་གི་བར་དུ་བགྲོ་གླེང་བྱས། ༡༩༨༩ ལོར་ཨ་རིར་ཉིན་གཉིས་སུ་བགྲོ་གླེང་བྱས། སླར་ཡང ༡༩༩༠ ལོ་དང ༡༩༩༢ ལོར་བགྲོ་གླེང་བྱས་ཏེ། རིགས་གསར་པ་དེ་རྣམས་ཀྱིས། ཁོང་ཚོ་ལ་རྒྱ་མཚོ་ནས་གླིང་གསར་པ་རྙེད་པ་ལྟ་བུའི་བློ་སྐྱེད་བྱུང་ཞེས་ཟེར་རོ། །བགྲོ་གླེང་དེ་དག་ནི་རང་རྒྱལ་གཞན་ཕམ་དུ་རེ་ནས་རྩོད་པ་མ་ཡིན་གྱི། ཕན་ཚུན་གུས་བཀུར་དང་སློབ་སྦྱོང་གི་ཆེད་དུ་བྱས་པའི་བགྲོ་གླེང་ཤིན་ཏུ་ཉམས་སྤྲོ་བ་ཞིག་ཡིན་ནོ། །དེས་ན་འགའ་རེས། རང་ཅག་གི་ཆོས་འདི་རྙིང་པ་དང་རྗེས་ལུས་ཡིན་པས་དེང་རབས་ཀྱི་རིགས་པ་དར་བའི་ཡུལ་དག་ཏུ་དེ་ཙམ་གོ་མི་ཆོད་སྙམ་པ་ཡོད་སྲིད་ཀྱང༌། དེ་ནི་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་ཕ་རོལ་པོའི་གྲུབ་མཐའི་འཕོ་འགྱུར་གྱི་རྗེས་མ་སླེབས་ནས་ད་དུང་སྔོན་གྱི་མི་འགའ་རེའི་བསམ་ཚུལ་རྗེས་ལུས་དེ་ཉིད་ལ་ཞེན་ལྟས་འཇུས་ཏེ། རང་གི་ཕ་མེས་ཀྱི་རིག་གཞུང་གི་གཏིང་མ་དཔོག་པ་ཙམ་དུ་ཤེས་པར་བྱའོ། །དེས་ན་རང་གི་ཕ་མེས་ཀྱི་རིག་གཞུང་གི་རིན་ཐང་ཤེས་པར་བྱ་བའི་ཕྱིར་དང༌། དེ་ལས་བསྟན་པ་དག་དེང་དུས་སུ་ཇི་ལྟར་མངོན་སུམ་དུ་བྱུང་བ་དང༌། དེང་རབས་ཀྱི་རྟོག་གེ་པ་དག་གིས་དེ་ལ་ཇི་ལྟར་ལྟ་བ་དག་ཤེས་པར་བྱ་བའི་ཕྱིར་དུ་གནའ་དང་ད་ལྟའི་དུས་ཀྱི་བཤད་ཚུལ་དང་བྱུང་ཚུལ། ཤར་དང་ནུབ་ཀྱི་མིའི་འདོད་ཚུལ་དང་མཐོང་ཚུལ། གསུང་རབ་དང་རིགས་གསར་བར་གྱི་རྒྱང་ཐག་རིང་ས་དང་ཉེ་ས་བཅས་མདོར་བསྡུས་ཙམ་ཞིག་བརྗོད་པར་འདོད་དོ། །དེ་ཡང་སློབ་དཔོན་ཨརྱ་དེ་བཱའི་ཞལ་ནས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར། །ཞེས་གསུངས་པ་བཞིན་དུ་མི་ཐམས་ཅད་ལ་ལྟ་བ་ཡང་དག་ཅིག་ཡོད་དགོས། གལ་ཏེ་མེད་ན་ཚེ་འདི་ཕྱི་གཉིས་ཀ་བརླག་པར་འགྱུར། ལྟ་བ་དེ་ཡང་འདིར་སྐབས་སུ་བབས་པ་ནི། ཇི་སྐད་དུ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བ་མ་ཡིན་ནོ། །ཞེས་གསུངས་པའི་འཇིག་རྟེན་ཡང་དག་གི་ལྟ་བ་སྟེ། ཚེ་སྔ་ཕྱི་དང་ལས་དགེ་སྡིག་དང་དེའི་འབྲས་བུ་ལ་ཡིད་ཆེས་བྱ་རྒྱུ་དེ་ཡིན། ཡང་དག་པའི་ལྟ་བ་འདི་ནི་སྤྱིར་གལ་ཆེ་ལ། ཁྱད་པར་དུ་དེང་དུས་སུ་ལྟ་བ་འདི་མེད་ན། མིའི་རིགས་ཀྱི་ཚེ་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་རྫོགས་ཡུད་ཙམ་ཞིག་གིས་ཐལ་བ་རྡུལ་དུ་རློག་པ་ཆེས་ལས་སླ་བོར་གྱུར་ཡོད། སྒོས་རང་ཉིད་ཀྱི་ཚེ་རབས་འབུམ་ཕྲག་ནས་འབུམ་ཕྲག་བར་གྱི་མདུན་ལམ་བརླག་པ་ལ་དཀའ་ཚེགས་གང་ཡང་མེད་པས་འདི་ནི་ཆེས་དོན་ཆེ་བའི་གནས་ཏེ། དཔེར་ན། འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ་རྒྱལ་ཁབ་སོ་ལྔའི་དམག་བྱེ་བ་དྲུག་ཙམ་ཞིག་གཡུལ་དུ་ཞུགས། ལོ་བཞིའི་རིང་ལ་གཡུལ་བཤམས་ཏེ། མི་ས་ཡ་གཅིག་དང་འབུམ་ཐེར་བདུན་ཙམ་དམར་གསོད་བྱས། མི་ས་ཡ་དྲུག་རྐང་བཅད་ལག་རྡུམ་སོགས་ཀྱིས་གཏན་དུ་མི་ལུས་ཕྱེད་པར་གྱུར། བྱེ་བ་གཅིག་ལྷག་ལ་རྨས་སྐྱོན་ཅི་རིགས་ཐེབས། ས་ཡ་བདུན་ལྷག་གར་སོང་ཆ་མེད་དུ་གྱུར་པ་དང་དགྲའི་ལག་འོག་ཏུ་ཚུད། མི་ས་ཡ་དགུ་ལྷག་ཅིག་གཡུལ་འགྱེད་ཀྱི་རྐྱེན་ལས་བྱུང་བའི་རིམས་ནད་དང་མུ་གེས་ཤི་བར་གྱུར་ཏོ། །དེ་བཞིན་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཨ་རིས་འཇར་པན་གྱི་གྲོང་ཁྱེར་དབུས་སུ་རྡུལ་ཕྲན་འབར་མདེལ་འཕངས་ཏེ། མི་འབུམ་ཚོ་གཉིས་ཙམ་གྱི་ཚེ་སྲོག་དུས་གཅིག་ལ་བརླགས། ད་ལྟ་ནི་སྐྱེ་འགྲོའི་སྲོག་འཕྲོག་པའི་ཐབས་ཤེས་སྔར་བས་ཀྱང་བརྒྱ་འགྱུར་གྱིས་ཇེ་ཐུ་རུ་སོང་བས་ཆེས་ཡ་ང་བའི་གནས་སུ་གྱུར་ཡོད་དོ། །དེ་ལྟར་ལོ་རྒྱུས་ཐོག་ཏུ་བྱ་བ་ཡ་ང་ཞིང་ཡི་མུག་པ་གང་ཇི་སྙེད་ཅིག་བྱུང་བ་དེ་རྣམས་ཐམས་ཅད་འཇིག་རྟེན་ཡང་དག་གི་ལྟ་བ་དེ་མེད་པ་ལས་བྱུང་བ་ཡིན་ནོ། །ལྟ་བའི་སྙིགས་མར་སོང་བས་ལོག་པར་རྟོག་པ་ཅིར་ཡང་འབྱུང་བའང་ཆོས་ཉིད་ཡིན་ལ། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་ཡིན་མོད། དུས་རབས་གསར་པའི་སྐབས་སུ་རིགས་པ་གསར་པ་དང་བསྟུན་པའི་ཚེ་སྔ་ཕྱིའི་རྣམ་བཞག་ཅིག་དགོས་པའང་སྐབས་སུ་བབ་ལ། དེ་ཡང་མིག་མཐོང་ལག་ཟིན་དུ་བྱུང་བའི་དཔེར་བརྗོད་དག་གིས་བསྙད་ན་སྐྱེ་བོ་ཕལ་བ་དག་ལའང་ངེས་པ་སྐྱེ་སླ་ལ། བླུན་པོ་གཟུ་ལུམ་མཁན་དང་གཡམ་རྒྱུག་མཁན་དག་གིས་བསྙོན་ཡང་མི་ནུས་སོ། །ནུབ་ཕྱོགས་པའི་རིགས་གསར་སྨྲ་བའི་མཁས་པ་སྔོན་དང་ད་ལྟར་བྱུང་བ་དག་གི་འདོད་པ་ཤེས་ན། རང་རེ་བོད་ཀྱི་ཐོས་བསམ་པ་དག་ལའང་དགོས་པ་ཕྲན་བུ་རེ་ཡོད་ངེས་སྙམ་དུ་སེམས་སོ། །དེ་ཕྱིར་ཚུལ་དེ་ཅུང་ཟད་ཅིག་འཆད་པ་ལ་གསུམ་སྟེ། གཞན་ལུགས་དགག་པ། འཐད་ལྡན་རང་ལུགས་གཞག་པ། དེའི་དོན་བསྡུ་བའོ། །དང་པོ་ལ་འདོད་པ་བརྗོད་པ་དང༌། དེ་གཤིས་ཕྱིན་པར་དགག་པ་གཉིས་ལས། དང་པོ་ནི། སྔོན་གྱི་དུས་སུ་མུ་སྟེགས་རྒྱང་འཕེན་པ་དག་གིས་རིགས་པ་ལྟར་སྣང་ལ་བརྟེན་ནས་ཚེ་སྔ་ཕྱི་མེད་པར་བསྒྲུབས་པ་ནི་རང་ཉིད་ཀྱི་ངན་གཡོའི་སྤྱོད་པ་རེ་འགྲུབ་པའི་ཆེད་དུ་བྱས་པ་ཙམ་ཡིན་ལ། དེ་ཡང་གཞུང་ཆེན་པོ་རྣམས་ལས་ཡང་དག་པར་བཀག་ཟིན་པས་སླར་ཡང་མི་བརྗོད་དོ། །འདིར་ནི་དེང་དུས་སུ་བྱུང་བ་འགའ་རེས་ཤིན་ཏུ་མ་ངེས་པའི་སྒྲུབ་བྱེད་ལྟར་སྣང་ཙམ་ལ་བརྟེན་ནས་ཚེ་སྔ་ཕྱི་མེད་པར་མགྲིན་པ་གཟེངས་སུ་བསྟོད་དེ་སྒྲོག་པ་དག་གི་ལུགས་བརྗོད་དེ། དེ་ཡང་དབྱིན་ཇིའི་འཕྲུལ་ཆས་དངོས་གཙོ་རིང་ལུགས་པའི་མཚན་ཉིད་རིགས་པ་སྨྲ་བ་ཧཱོ་པོ་ཧྲི་ན་རེ། བེམ་པོ་དང་འགུལ་བསྐྱོད་ནི་མཐར་ཐུག་གི་བདེན་གྲུབ་གཅིག་པུ་ཡིན་ལ། སེམས་ཁམས་དང་རྣམ་ཤེས་ཀྱི་འགུལ་སྐྱོད་ཐམས་ཅད་ཀྱི་རྨང་གཞི་དངོས་ནི་མིའི་ཀླད་པའི་ནང་གི་བདེན་གྲུབ་ཀྱི་དངོས་པོ་ཞིག་རེད། ཅེས་ཟེར་རོ། །འཕྲུལ་ཆས་དངོས་གཙོ་པ་འདིས་ནི་མིའི་ལུས་འཕྲུལ་ཆས་དང་འདྲ་བར་འདོད་དེ། རྣམ་ཤེས་སྔ་མ་ནས་འདིར་དང་འདི་ནས་ཕྱི་མར་འགྲོ་མཁན་ཡོད་པར་ཁས་མི་ལེན་ནོ། །ཧྥ་རན་སེའི་དངོས་གཙོ་ཕལ་བའི་སྲོལ་འབྱེད་པ་ཁཱ་པ་ནེ་སུ་ན་རེ། ཡིད་ཀྱི་རྣམ་ཤེས་ནི་ཀླད་ཆེན་འགུལ་སྐྱོད་བྱས་པ་ལས་སྐྱེས་པའི་དངོས་པོ་ཞིག་སྟེ། དཔེར་ན། མཆིན་པ་ལས་མཁྲིས་ཁུ་ཐོན་པ་ལྟ་བུ་ཡིན། ཞེས་ཟེར་རོ། །ཧྥོས་ཀི་ཐུ་ན་རེ། རྣམ་ཤེས་ནི་མིའི་ཀླད་པའི་ནང་གི་བེམ་པོ་ཞིག་གི་འགུལ་སྐྱོད་དང་ནུས་པ་རེད། དེ་ནི་འོད་དང་དྲོད་དང་རྫས་འགྱུར་རྣམས་ཀྱི་འགུལ་སྐྱོད་དང་སྤྱིར་མཚུངས་ལ། ཁྱད་པར་ནི་རྣམ་ཤེས་འདི་ཧ་ཅང་རྙོག་དྲ་ཆེ་བའི་མཐོ་རིམ་གྱི་འགུལ་སྐྱོད་ཅིག་རེད། ཅེས་ཟེར་རོ། །དེས་ན་འདི་རྣམས་ཀྱིས་ཀླད་ཆེན་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་སྔ་མ་ཁ་ཅིག་ལ་རྟེན་བརྟེན་པའམ་ཕན་བྱ་ཕན་བྱེད་ཀྱི་འབྲེལ་བ་ཡོད་པ་མཐོང་ནས་དེ་ཙམ་རྒྱུ་མཚན་དུ་བྱས་ནས་རྣམ་ཤེས་རིལ་བོ་ཀླད་ཆེན་ལས་གསར་དུ་བྱུང་སྙམ་པའི་ལོག་རྟོག་དེ་བྱུང་བ་ཡིན་ཏེ། དབྱིན་ཇིའི་ཚན་རིག་པ་ཡེ་ཧན་ཐུ་ལིས་བརྩམས་པའི་རང་བྱུང་ཆོས་ཉིད་ལས་འདས་པའི་སྣང་ཚུལ་ལ་བརྒལ་བ་ཞེས་པའི་དེབ་ཆུང་ཞིག་འདུག་པ་ལས། ཕན་ཚུན་བརྟེན་པའི་རྒྱུ་མཚན་དེའི་ཕྱིར། གལ་ཏེ་ཀླད་ཆེན་མེད་ན་རྣམ་ཤེས་ཀྱི་འགུལ་སྐྱོད་ལྟ་ཅི། རང་གི་ངོ་བོ་གྲུབ་པ་ཙམ་ཡང་མི་སྲིད་དོ། །དེས་ན་ཤ་ཁྲག་གི་ལུས་དང་མ་འགྲོགས་པའི་རྣམ་ཤེས་ཡོད་པ་ནི་མི་སྲིད་དོ། །ཞེས་ཟེར་བ་བཞིན་ནོ། །དེ་བཞིན་དུ་སྔོན་གྱི་སྲོལ་རྒྱུན་གྱི་ཚན་རིག་པའི་ལྟ་བའི་རྗེས་སུ་འབྲངས་པའི་གསོ་རིག་སྨྲ་བ་དང༌། སྐྱེ་དངོས་རིག་པ་སྨྲ་བ་ཐམས་ཅད་ཀྱིས་རྣམ་ཤེས་ནི་ཀླད་ཆེན་གྱི་ཆ་ཤས་སམ་དེ་ལས་བྱུང་བ་ཙམ་ཞིག་ཡིན་པས་ཤ་ཁྲག་གི་ལུས་འདི་མེད་ན་མཐོང་ཐོས་སོགས་ཀྱང་མེད། ཤི་བའི་རྗེས་སུ་རྣམ་ཤེས་རྒྱུན་མ་ཆད་པ་ནི་དེ་བས་ཀྱང་ག་ལ་སྲིད་སྙམ་དུ་བསམ་མཁན་ཤ་སྟག་ཡིན། དེས་ན་འདོད་པ་དེ་དག་ནི་སྤྱིའི་ཆ་ནས་ལོ་སྟོང་ཕྲག་དུ་མའི་སྔོན་དུ་བྱུང་བའི་ཆད་ལྟ་རྙིང་རུལ། རང་རེའི་གཞུང་བརྒྱ་སྟོང་དུ་མས་བཀག་བཀག་པ་དེ་ཉིད་ཡིན་ཏེ། རྣམ་འགྲེལ་ལས། གལ་ཏེ་བློ་ནི་ལུས་རྟེན་ཕྱིར། །གོམས་པ་གྲུབ་པ་མེད་ཅེ་ན། །ཞེས་པའི་ཐད་དུ། སློབ་དཔོན་ལྷ་དབང་བློའི་ཞལ་ནས། དོན་གཞན་ཉིད་ཡིན་ན་བློ་ནི་ལུས་ཀྱི་ཡོན་ཏན་ཡིན་པ་དེ་ལྟར་ན་ལུས་ལ་བརྟེན་པ་ཡིན་ཏེ། དཔེར་ན་རས་ཀྱི་དཀར་པོ་དང་བུ་རམ་གྱི་མངར་བ་ལྟ་བུའོ། །ཡང་ན་ལུས་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་ལུས་ལ་བརྟེན་པ་ཡིན་ཏེ། དཔེར་ན་སྒྲོན་མ་ལ་འོད་ལྟ་བུའོ། །དོན་གཞན་ཉིད་མ་ཡིན་ན་ཡང་ལུས་ཀྱི་བདག་ཉིད་དུ་གྱུར་པའི་ནུས་པ་ཡིན་པ་དེ་ལྟ་ན་བློ་ནི་ལུས་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཡོན་ཏན་གྱི་ལུས་སམ་འབྲས་བུ་ཉིད་ནུས་པར་འདོད་པ་ཞིག་ན་བློའི་མཚན་ཉིད་ཅན་གྱི་ཆོས་སམ། འབྲས་བུའམ་ནུས་པ་མེད་པས་སྐྱེ་བ་དང་འཆི་བའི་རྒྱུན་མེད་པའི་ཕྱིར། སྐྱེ་བའི་རྒྱུན་མང་པོ་དག་ཏུ་གང་ལས་གོམས་པ་ཡིན་ཞེ་ན། ཞེས་ཕ་རོལ་པོའི་ཞེ་འདོད་བཀོད་པ་དང༌། སློབ་དཔོན་ཙནྡྲ་ར་ཧི་ལའི་རིན་པོ་ཆེའི་ཕྲེང་བ་ལས། ཤི་ནས་ལུས་རྟེན་ཞིག་པ་ན། །མར་མེ་ཤི་བ་འོད་མེད་བཞིན། །སེམས་ཀྱང་གཞན་དུ་སྐྱེ་མེད་འདོད། །སྐྱེ་བ་སྔ་ཕྱི་མེད་པས་ན། །སྒྲིབ་སྤངས་ཚོགས་བསགས་མེད་འཕགས་པའི། །སྐྱེ་བ་དུ་མས་བསྒྲུབས་པ་ཡི། །སངས་རྒྱས་མེད་ཅིང་དེས་གསུངས་པའི། །ཆོས་ཀྱང་མེད་ཅིང་དེ་སྒྲུབ་པའི། །དགེ་འདུན་མེད་ཅེས་རྒྱང་འཕེན་ཟེར། ། ཞེས་གསུངས་པ་ཉིད་དོ། །རྒྱང་འཕེན་གྱི་ལྟ་བ་འདི་ནི་ཕྱི་ནང་གི་གྲུབ་མཐའ་ཡོངས་རྫོགས་ལས་ཆེས་ཐ་ཤལ་བ་ཞིག་ཏུ་འཇོག་སྟེ། རང་གི་གྲུབ་མཐའ་སྒྲུབ་བྱེད་ཀྱི་རིགས་པའི་གཙོ་བོ་ནི་མ་མཐོང་བའི་ཕྱིར། ཞེས་པ་ཙམ་ཞིག་ལས་ཅི་ཡང་མེད་པའི་ཕྱིར་རོ། །འོན་ཀྱང་འདི་ལྟར་དུ་བསམ་མཁན་དང་ཟེར་མཁན་ནི་ཤིན་ཏུ་མང་ངོ༌། །
གཉིས་པ་དེ་དགག་པ་ནི། འདོད་པ་འདི་དག་ནི་མངོན་སུམ་དང་འགལ་བ། སྐྱེ་བོ་ས་ཡ་འབུམ་ཕྲག་དུ་མའི་ཉམས་མྱོང་དང་འགལ་བ། ཚན་རིག་གི་རིགས་པ་གསར་པ་དང་འགལ་བ། སྒྲུབ་བྱེད་ཤིན་ཏུ་མ་ངེས་པའི་སྐྱོན་དང་བཅས་པ་ཡིན་ནོ། །དེ་ཡང་མངོན་སུམ་དང་འགལ་བ་ནི། ཨ་རིའི་ཧྥོ་ཅོ་ནེ་ཡ་གླིང་གི་བྱིས་པ་ཨན་ཏི་ལོས་ཞེས་པ་སྐྱེས་ཙམ་ཉིད་ནས་ཀླད་ཆེན་གཏན་མེད་དེ། སྨན་པ་རྣམས་ཀྱིས་བརྟག་དཔྱད་བྱས་ནས། བྱིས་པ་འདི་ཇི་སྲིད་འཚོའི་བར་དུ་གད་མོ་དགོད་མི་སྲིད་ལ། ཤིན་ཏུ་སྟབས་ལེགས་ཀྱང་གཟའ་འཁོར་འགའ་ཞིག་ལས་ཕན་ལ་འཚོ་མི་སྲིད་ཅེས་ཟེར་རོ། །འོན་ཀྱང་བྱིས་པ་དེ་ལོ་ལྔའི་བར་དུ་འཚོ་བར་གྱུར་ཅིང༌། བརྙན་འཕྲིན་གྱི་ལྟད་མོ་ལ་བལྟས་ཏེ་གད་མོ་གོད་པར་བྱེད་དོ། །སྨན་པ་ཚོས་སླར་ཡང་བརྟགས་པས་ཁོའི་ཀ་ལིའི་ནང་དུ་ཆུ་ཙམ་ལས་ཀླད་ཆེན་དངོས་ད་དུང་སྨིན་མི་འདུག ཀ་ལིའི་ཀླད་པ་ནི་ཤ་སྐྲན་ཙམ་ལས་ཅི་ཡང་མི་འདུག་པས་མགོ་ཡོད་ཀླད་མེད་ཀྱི་མི་མཚན་ཉིད་པ་ཞིག་ཏུ་སྣང་ཟེར་རོ། །དེ་བཞིན་དུ༡༩༨༠ལོར་དབང་རྩའི་ནད་ཁམས་རིག་པའི་དགེ་རྒན་ཆེན་མོ་ལཱོ་པོ་ཞེས་པས་སེ་ཧྥེར་ཏི་སློབ་གྲྭ་ཆེན་མོའི་སློབ་མ་ཀླད་ཆེན་གཏན་ནས་མེད་པ་ཞིག་མཐོང་སྟེ། ཁོའི་མགོ་ནང་དུ་ཀླད་ཆུ་ཙམ་མ་གཏོགས་ཀླད་ཆེན་མི་འདུག་ཀྱང་སྤྱོད་ལམ་ཐམས་ཅད་མི་དཀྱུས་མ་དག་དང་ཁྱད་ཅི་ཡང་མི་འདུག་པར་མ་ཟད་རྩིས་རིག་ལ་ཤིན་ཏུ་མཁས་པས་རྩིས་རིག་གི་ཕུལ་བྱུང་བྱ་དགའ་ཐོབ་མྱོང་བ་ཞིག་རེད་ཟེར་རོ། །དེ་ལྟ་བུའི་ཀླད་ཆེན་མེད་པའི་མི་ད་སྔོན་དངོས་སུ་མཐོང་ཟིན་པ་ཡང་བཅུ་ཕྲག་འགའ་ཞིག་བྱུང་ཡོད་འདུག་གོ །དེ་བས་ན་ཀླད་ཆེན་མེད་ན་རྣམ་ཤེས་རང་གི་ངོ་བོ་ཙམ་ཡང་གནས་མི་སྲིད་ཅེས་པའི་གཏམ་གྱི་རྫུན་མཚང་དམར་རྗེན་དུ་བུད་པ་ཡིན་ནོ། །དེས་ན་བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ལ་མེད་ན་མི་འབྱུང་གི་འབྲེལ་བ་ཡོད་དགོས་ཀྱི། མཐུན་ཕྱོགས་ལ་མཐོང་བ་ཙམ་ཞིག་གིས་དེ་ཁོ་ན་ཡིན་ཞེས་བརྗོད་ན་ཤིན་ཏུ་མ་ངེས་པ་ཡིན་པས་སྔོན་གྱི་ཚན་རིག་པ་དག་གིས་ཁ་ཚོན་གཅོད་པ་སྔ་ཆེས་སོ། །གཞན་ཡང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ལས། འདི་ལྟར་གསུངས་ཏེ། རིམ་གྱིས་ཁམས་ཀྱི་ལི་ཐང་དགོན་དུ་སླེབས། མཆོད་མཇལ་བྱས། རེ་ཞིག་སྡོད་རྩིས་བྱས་ཀྱང་དེ་སྐབས་ཐོ་ཀོ་ཧར་སྒོ་མང་བླ་ཟུར་ལི་ཐང་པའི་མཁན་པོ་ཡིན་སྟབས་ངོ་ཤེས་ཀྱིས་དོགས་ནས་ཞག་གསུམ་ལས་མ་བསྡད། ཡང་སོང་བས་ཉིན་གཅིག་ཁྱིམ་ཚང་ཞིག་ཏུ་བསླེབས་པས། དེ་ན་མི་མགོ་བོ་མེད་པ་ཞིག་འདུག དེའི་གཟའ་བ་སོགས་ལ་རྒྱུ་མཚན་དྲིས་པས། སྐེ་ཕྲེང་བྱུང་ནས་མགོ་ཆད་དེ་ལོ་ངོ་གསུམ་ཙམ་སོང་ཡང་འཆི་མི་འདུག་ཟེར། སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ནས་བལྟས་བསྡད་པས། ཁོས་བྲང་ལ་ལག་པས་རྡུང་གིན་འདུག འདིས་ཅི་བྱེད་ཅེས་དྲིས་པས། མི་ཞིག་གིས་འདི་ལྟོགས་འདུག་ཟེར་ནས་སྐེ་ཆད་པའི་ཤུལ་དུ་བུ་ག་གཉིས་འདུག་པ་གཅིག་གི་ནང་དུ་བུམ་པའི་ནང་ནས་རྩམ་ཐང་དྲོ་འཇམ་ཞིག་ཅུང་ཟད་རེ་བླུགས་ནས་ཚོམ་པ་རེ་བྱེད་སྐབས་རླུང་གིས་ཡར་དེད་དེ་ལྦུ་བ་ལྷོག་ལྷོག་བྱེད་ཅིང་ཅུང་ཞིག་བསྡད་ནས་མར་ཁོག་ཏུ་འབབ་པར་འདུག སེམས་ཅན་གྱི་ལས་བསམ་མི་ཁྱབ་པ་འདི་འདྲའང་བསམས་ནས་ལས་འབྲས་ལ་ངེས་པ་རྙེད་པ་ཞིག་བྱུང༌། མདོ་ལས་སྦྱིན་པའི་ཕར་ཕྱིན་གྱི་ཐད་དུ་རྒྱལ་སྲས་རྣམས་ཀྱིས་སངས་རྒྱས་འཐོབ་པའི་ཕྱིར་དུ་རང་གི་མགོ་བོ་ལན་སྟོང་གཏོང་དགོས་པར་གསུངས་ཤིང༌། དེ་ཡང་མགོ་བོ་ནི་ཡན་ལག་གི་མཆོག་ཡིན་པས་བཅད་ན་སླར་མི་སོས་པར་གསུངས་པ་ནི་སྤྱིར་བཏང་ལ་དགོངས་ནས་གསུངས་པ་ཡིན་གྱི། སེམས་ཅན་བྱེ་བྲག་པའི་ལས་བྱེ་བྲག་པ་ཁྱད་པར་ཉམས་སུ་མྱོང་བ་ནི་ཤིན་ཏུ་དཔག་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ནོ། །ཞེས་གསུངས་སོ། །མདོ་ལས། མགོ་བོ་བཅད་ན་མི་འཚོ་བར་གསུངས་པའི་མདོ་ནི་བློ་གྲོས་མི་ཟད་པ་སོགས་ཡིན་ནོ། །དེས་ན་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ལྟ་བུའི་ཚད་མའི་སྐྱེས་བུས་དགོས་མེད་ཀྱི་རྫུན་གསུངས་པའི་གནས་མེད་པས་མགོ་ཆད་ནས་གཏན་མེད་པའི་མི་གསོན་པོའང་སྲིད་པར་ཁས་བླང་དགོས་ལ། སེམས་ཅན་གྱི་ཁམས་ན་འདི་མེད་བྱ་བ་མི་འདུག་པས་རང་གིས་མ་མཐོང་བ་ཐམས་ཅད་མེད་པའི་ཁོངས་སུ་སྐྱེལ་བ་ནི་བློ་མིག་ཧ་ཅང་དོག་པའི་རྣམ་འགྱུར་ཙམ་དུ་ཤེས་པར་བྱའོ། །གཉིས་པ་སྐྱེ་བོ་ས་ཡ་འབུམ་ཕྲག་དུ་མའི་ཉམས་མྱོང་དང་འགལ་བ་ནི། དེང་དུས་འཛམ་གླིང་ཤར་ནུབ་གཉིས་ཆར་ན་སྔོན་གནས་རྗེས་སུ་དྲན་མཁན་གྱི་མི་སྟོང་ཕྲག་མང་པོ་བྱུང་དང་འབྱུང་བཞིན་པ་སྟེ། དེ་རྣམས་ཕལ་མོ་ཆེ་ཞིག་བདེན་དཔང་ཤིན་ཏུ་སྟོབས་ལྡན་གྱི་སྒོ་ནས་བདེན་པར་ངོ་འཕྲོད་བྱུང་བ་འབའ་ཞིག་ཡིན་ལ། བརྟག་དཔྱད་བྱེད་མཁན་རྣམས་ཀྱང་དེང་དུས་ཀྱི་ཚན་རིག་སྨྲ་བ་རྣམས་ཡིན་ཞིང༌། དྲན་པ་པོ་མི་དེ་རྣམས་ཀྱང་རྒྱལ་ཁབ་དང༌། ས་ཕྱོགས་དང༌། མི་རིགས་དང༌། ཆོས་ལུགས་དང༌། རིག་གཞུང་བཅས་མི་གཅིག་པ་སྣ་ཚོགས་པ་ཞིག་ཡིན་པས། དེ་དག་ཐམས་ཅད་ཀྱིས་རྫུན་སྨྲས་པ་ཡིན་ཞེས་པ་དང༌། རྨོངས་དད་ཡིན་ཞེས་པ་ལྟ་བུའི་རང་དགར་སྨྲས་པའི་ཚིག་ཙམ་གྱིས་ཁེག་པ་ནི་གནས་མེད་དོ། །གཞན་ཡང་རྣམ་ཤེས་ལུས་དང་བྲལ་ནས་ལོགས་སུ་རང་སྐྱ་ཐུབ་པར་གནས་ཏེ་རང་གི་ལུས་ཕ་གའི་མལ་ནང་དུ་འདུག་པ་མངོན་སུམ་དུ་མཐོང་བ་སོགས་འཛམ་གླིང་གང་སར་བྱུང་བ་བརྗོད་ཀྱིས་མི་ལང་བ་ཙམ་ཡོད། ཚན་རིག་པ་འགའ་རེས་ཀྱང་འདི་ལ་ཞིབ་འཇུག་ཆེར་བྱས། ཁྱད་པར་དུ་རང་ཉིད་ལ་མྱོང་བ་འདི་མངོན་སུམ་དུ་བྱུང་བས་ཡ་མཚན་སྐྱེས་ཏེ་བརྟག་དཔྱད་ཤིན་ཏུ་རྒྱ་ཆེར་བྱེད་མཁན་ནི་རབ་འབྱམས་པ་མོས་ཏིསR.A.Moodyཡིན་ཏེ། ཁོས༡༩༧༠ལོར་མི་བརྒྱ་དང་ལྔ་བཅུ་ཙམ་ལ་བརྟག་དཔྱད་བྱས་ཏེ། ཚེ་རབས་ནས་ཚེ་རབས་ཞེས་པའི་དེབ་ཅིག་བརྩམས་པའི་ནང་དུ། ཁོ་ན་རེ། ངེད་ཀྱིས་མི་ཤི་བའི་རྗེས་སུ་ད་དུང་རྣམ་ཤེས་གནས་པ་ལ་བདེན་དཔང་བྱ་སྙམ་པ་མིན་ལ། བདེན་དཔང་དེ་འདྲ་ནི་ད་དུང་བྱེད་ཐུབ་སྙམ་དུའང་མི་སེམས་སོ། །ཞེས་བྲིས་མོད། འོན་ཀྱང་དེའི་རྗེས་སུ་བསྟུད་མར་བརྟག་དཔྱད་ཆེས་ཆེར་བྱས་པས་ལྟ་བ་ལ་བོགས་ཐོན་ཏེ། ༡༩༨༨ལོར་རྒྱང་རིང་གི་འོད་ཟེར་ཞེས་པའི་དེབ་ཅིག་བྲིས་པའི་ནང་དུ། ངེད་ཀྱིས་མི་ཤི་བའི་རྗེས་སུ་ད་དུང་དངོས་པོ་ཞིག་གནས་ཡོད་པར་ཡིད་ཆེས་ཐོབ་པ་ཡིན་ཏེ། སྒྲུབ་བྱེད་ཀྱི་གཙོ་བོ་ནི་མི་འཆི་བར་ཉེ་བའི་ཚེ་རྣམ་ཤེས་ལུས་དང་བྲལ་བའི་ཉམས་མྱོངNDEབྱུང་བ་འདི་ཡིན། ཞེས་ཟེར་རོ། །ཕྱིས་སུ་རབ་འབྱམས་པ་མང་པོས་ཀྱང་ཉམས་མྱོང་འདི་ལ་བརྟག་དཔྱད་བྱས་ཏེ་མོས་ཏིས་ཀྱི་ལྟ་བ་དེ་ཡང་དག་ཏུ་བསྒྲུབས་སོ། །དེའི་ཚེ་ན་ཡུས་མོ་ལིས་སློབ་གྲྭ་ཆེན་མོའི་སྙིང་ནད་ཁག་གི་དགེ་རྒན་ཧྲ་མེན (M.B.SOABOM) གྱིས་མོས་ཏིས་ཀྱི་ཚེ་རབས་ནས་ཚེ་རབས་ཞེས་པའི་ཡི་གེ་མཐོང་སྟེ་ཐོག་མར་ཡིད་མ་ཆེས། དེ་རྗེས་བདེན་མིན་བརྟག་པའི་ཆེད་དུ་རང་གི་གསོ་བྱའི་ནད་པ་རྣམས་ལ་བརྟག་དཔྱད་བྱས་པས་བརྟགས་ཤིང་བརྟགས་ཤིང་ཡིད་ཇེ་ཆེས་སུ་གྱུར། སྙིང་ནད་མྱུར་སྐྱོབ་བྱེད་ཚེ་ནད་པ་འགའ་རེའི་རྣམ་ཤེས་ལུས་ལས་ཐོན་ཏེ་ཁང་པའི་ནང་གི་བར་སྣང་དུ་བྱ་སྒྲོ་རླུང་གིས་བཏེགས་པ་ལྟར་སོང་སྟེ་མར་བལྟས་པས་སྨན་པས་རང་གི་ལུས་ལ་སྨན་བཅོས་བྱེད་པ་དང་ཉེ་འཁོར་ན་ཡོད་པའི་ནད་འཆོས་བྱེད་ཀྱི་འཕྲུལ་ཆས་རྣམས་ཀྱི་དབྱིབས་སོགས་ཀྱང་མཐོང་སྟེ་སླར་སོས་ཚེ་དྲིས་པས་ཇི་བཞིན་དུ་འཆད་ལ་འཕྲུལ་ཆས་དེ་དག་ནད་པས་སྔོན་མིག་གིས་མཐོང་མྱོང་མེད་པས་ཁོ་ཤིན་ཏུ་ཡ་མཚན་ཞིང༌། མི་རྣམས་ཀྱིས་ད་སྔོན་ཤེས་ཟིན་པའི་སྐྱེ་དངོས་རིག་པ་དང་སེམས་ཁམས་རིག་པ་དེ་ཙམ་ཞིག་གིས་སྣང་ཚུལ་འདི་དག་ལ་འགྲེལ་བཤད་བྱ་ཐབས་གཏན་ནས་མེད་པར་ངོས་འཛིན་བྱེད་དོ། །འདི་རྣམས་ནི་ནད་དྲག་པོའི་སྟོབས་ཀྱིས་ཤི་བའི་རྟགས་རྣམས་སྨན་པས་མངོན་སུམ་དུ་མཐོང་ཞིང་རེ་ཞིག་རྣམ་ཤེས་ལུས་དང་བྲལ་ཡང་སླར་མྱུར་སྐྱོབས་བྱས་པ་སོགས་རྐྱེན་གྱིས་ལུས་ལ་ཕྱིར་ཞུགས་པ་ཡིན་ནོ། །གཞན་ཡང་ནད་མེད་ཀྱང་འགའ་རེའི་རྣམ་ཤེས་ལུས་ལས་ཐོན་ནས་གྱང་དང་རྩིག་པ་ལ་ཐོགས་མེད་དུ་འགྲོ། མཚན་མོ་མུན་ནག་ནང་དུའང་ཉེ་འཁོར་རྣམས་མཐོང་ཞིང་དངོས་པོ་རྣམས་འོད་དང་ལྡན། མི་གཞན་གྱི་ཁྱིམ་དུ་འགྲོ་ཞིང༌། ཁྱིམ་དེའི་མི་རྣམས་ཀྱིས་བྱ་སྤྱོད་རྣམས་ཇི་བཞིན་དུ་མཐོང༌། རི་དང་རྒྱ་མཚོ་བརྒལ་ནས་རྒྱལ་ཁབ་གཞན་དུའང་འགྲོ་ཞེས་ཟེར་རོ། །འདི་ནི་ངེད་ཅག་གི་གཞུང་འགའ་རེ་ལས་བཤད་པ་ཇི་ལྟ་བ་བཞིན་དུ་བྱུང་འདུག་སྟེ་འོག་ཏུ་འཆད་དོ། ། ཨ་རིའི་ཁ་ལི་ཧྥོ་ཉི་ཡ་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པ་སྨྲ་བ་ཐ་ཐུ་ (C.TarT)ཞེས་པས་བྲིས་པའི་སྙན་ཞུ་ལས། བུ་མོ་གཞོན་ནུ་ཞིག་གིས་མོ་རང་ཆུང་དུས་ནས་བཟུང་གཟའ་འཁོར་རེར་ཐེངས་གཉིས་སམ་བཞི་ཙམ་ལ་རྣམ་ཤེས་ལུས་ཀྱི་ཕྱིར་འགྲོ་སྟེ། མཚན་མོ་རྨི་ལམ་ལས་སད་ཚེ་རྣམ་ཤེས་བར་སྣང་དུ་ཐོན་ནས་འདུག་ལ། རང་གི་ལུས་མལ་དུ་ཉལ་བ་གསལ་བར་མཐོང་ཟེར། ཐ་ཐུ་ཡིས་བུ་མོ་དེ་བོས་ཏེ་ཚོད་ལྟ་ཁང་དུ་ཉལ་བཅུག མལ་ཁྲིའི་སྟེང་གི་བར་སྣང་ལ་སྟེགས་བུ་ཞིག་བྱས་པར་གློག་གི་ཆུ་ཚོད་གང་ཡང་རུང་བའི་ཨང་གྲངས་གནས་ལྔ་ཅན་འཆར་བ་ཞིག་བཞག་སྟེ་བརྟགས་པ་ན་ཉིན་བཞི་པའི་ནུབ་མོ་བུ་མོ་གཉིད་དུ་ཡུར་རྗེས་ཆུ་ཚོད་སྟེང་གི་ཨང་གྲངས་རྣམས། གཉིས། ལྔ། གཅིག གསུམ། གཉིས་ཞེས་ཇི་ལྟ་བ་བཞིན་ཀློག་ཐུབ་པ་བྱུང་ངོ༌། །ཞེས་ཟེར་ཏེ། འདི་ནི་བརྟག་དཔྱད་བྱས་ཏེ་བདེན་པར་ངོ་འཕྲོད་བྱུང་བ་ཞིག་ཡིན་ནོ། །དེ་བཞིན་དུ༡༧༧༢ལོར་ཤི་བའི་སུའེ་ཏེན་གྱི་ཕུལ་བྱུང་ཚན་རིག་པ་ཧྲི་ཝེ་ཏེན་པོ་ལའང་རྣམ་ཤེས་ལུས་ལས་ཐོན་པའི་ཉམས་མྱོང་འདི་བྱུང་སྟེ། ཁོང་གིས་ཚེ་སྟོད་དུ་རང་བྱུང་ཚན་རིག་སྐོར་ལ་བྱས་རྗེས་ཁྱད་འཕགས་བཞག་ལ། སྐྱེ་ཁམས་དང་སེམས་ཁམས་རིག་པ་བཤའ་བཅོས་སྐོར་ལ་གཞུང་མང་དུ་བརྩམས་པས་མཁས་པའི་གྲགས་པ་རྒྱས། ཚེ་སྨད་དུ་རང་ཉིད་ལ་གོང་སྨོས་ཀྱི་ཉམས་མྱོང་བྱུང་བ་ཀུན་ལ་ཁྱབ་བསྒྲགས་བྱས་ཏེ། ཁོང་ལ་བྱུང་བའི་ཉམས་མྱོང་བྲིས་པ་ཐམས་ཅད་ཀྱང་ད་ལྟའི་མི་རྣམས་ཀྱིས་སྨྲས་པའི་ཉམས་མྱོང་དེ་ཇི་ལྟ་བ་བཞིན་དུ་འདུག ཁོང་གིས་མིའི་དབུགས་ཆད་པའི་རྗེས་སུ་གཟུགས་ཅན་གྱི་ལུས་འདི་དང་བྲལ་བ་ཙམ་ལས་གཏན་དུ་ཤི་བའམ་ཤེས་པ་རྒྱུན་ཆད་པ་མ་ཡིན། དེས་ན་ཤི་ཞེས་པ་ནི་གནས་གཞན་ཞིག་ནས་གཞན་ཞིག་ཏུ་ཕྱིན་པ་ཙམ་ཡིན་ཞེས་ཟེར་རོ། །དེ་འདྲའི་ཉམས་མྱོང་བྱུང་མཁན་ནི་འཛམ་གླིང་གི་ཡུལ་གྲུ་གཞན་ནས་ཀྱང་མང་དུ་བྱུང་ལ། ༡༩༩༢ ལོར་བསྡོམས་རྩིས་བྱས་པས་ཨ་རི་ཁོ་ནར་ཡང་མི་ས་ཡ་གཅིག་དང་འབུམ་ཕྲག་གསུམ་ཙམ་བྱུང་ངོ༌། །དེ་ཕྱིར་སྣང་ཚུལ་འདི་མེད་ཅེས་སྨྲ་ཐུབ་པ་སུ་ཡང་མ་བྱུང༌། ཡོད་པ་གཞིར་བཞག་པའི་སྟེང་ནས་བཤད་པ་མི་མཐུན་པ་སྣ་ཚོགས་བྱེད་དེ། མྱང་འདས་ཆེན་པོ་ལས། དམུས་ལོང་རྣམས་ཀྱིས་གླང་ཆེན་གྱི་གཟུགས་སྨྲས་ཚུལ་གསུངས་པ་ཇི་བཞིན་དུ་བྱུང་འདུག་སྟེ། རབ་འབྱམས་པ་མོས་ཏིས་ཀྱི་ཡང་སྲིད་ཅེས་པའི་དེབ་ཏུ་འགྲེལ་ཚུལ་གཞན་དག་ལ་གནད་དུ་ཕོག་པའི་དགག་པ་བྱས་འདུག་གོ །སྔོན་གནས་དྲན་པ་དང་འཆི་ཁའི་ཉམས་མྱོང་འདི་གཉིས་ཞིབ་པར་རང་ལུགས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་ཚན་རིག་གི་རིགས་པ་གསར་པ་དང་འགལ་བ་ནི། སྔ་རབས་ཀྱི་ཚན་རིག་རྙིང་པའི་ལྟ་བ་ཙམ་ལ་ཞེན་ལྟས་དམ་དུ་འཇུས་ཤིང་བློ་མིག་དོག་པའི་གཡམ་རྒྱུག་མཁན་མང་པོ་ཞིག་གིས་སྔར་གྱི་དངོས་གཙོ་པ་དག་གིས་སྨྲས་པའི་སྒྲུབ་བྱེད་ལྟར་སྣང་རྣམས་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་མེད་པར་འདོད་མོད། དེང་དུས་ཀྱི་ཆེས་ཕུལ་དུ་བྱུང་བའི་ཚན་རིག་གི་རིགས་པ་དང་འགལ་བ་ཡིན་ཏེ། ༡༩༦༣ ལོར་ནོ་པེ་ཨེར་གསོ་རིག་བྱ་དགའ་ཐོབ་པའི་དབྱིན་ཇིའི་ཚན་རིག་པ་ཡེ་ཧན་ཨེ་ཁུ་ལིས(Sir John Ec-des) ཀྱི་བྱ་དགའ་ཐོབ་པའི་དཔྱད་རྩོམ་དེ་ཉིད་ལས། དབང་རྩའི་ཕྲ་ཕུང་ཕན་ཚུན་བར་གཟུགས་དབྱིབས་མེད་པའི་སྦྲེལ་བྱེད་ཀྱི་དངོས་པོ་ཞིག་འདུག་པ་དེ་ཉིད་རྣམ་ཤེས་ཀྱི་གྲུབ་ཆ་རེད། ཅེས་དང༌། ཡང་ཁོང་གིས། མིའི་ལུས་པོའི་ནང་དུ་བེམ་པོ་མ་ཡིན་པའི་བསམ་བློ་དང་སེམས་ཤུགས་ཀྱི་ངའམ་བདག་ཅིག་ཡིབས་ནས་ཡོད། དེ་ནི་མངལ་ཆགས་པའི་གནས་སྐབས་སམ་ཆེས་ན་ཕྲ་བའི་གནས་སྐབས་སུ་མིའི་ལུས་ཀྱི་ཀླད་ཆེན་ནང་དུ་ཞུགས་པ་སྟེ། དེས་ཀླད་ཆེན་ལ་དབང་སྒྱུར་བར་བྱེད་དེ། དཔེར་ན། མིའི་ཀླད་པས་གློག་གི་ཀླད་པ་ལ་བཀོད་འདོམས་བྱེད་པ་བཞིན་ནོ། །མིའི་གཟུགས་མེད་བེམ་མིན་གྱི་རྣམ་ཤེས་དེས་གདོས་བཅས་ཤ་ཁྲག་གི་ལུས་ཀྱི་ཀླད་ཆེན་ལ་དངོས་སུ་སྐུལ་འདེད་བྱེད་པ་སྟེ། ཀླད་ཆེན་ནང་གི་ཀླད་པའི་དབང་རྩའི་ཕྲ་ཕུང་རྣམས་ལ་བྱ་བ་བྱེད་དུ་འཇུག་པ་ཡིན་ནོ། །བེམ་མིན་རྣམ་ཤེས་ཀྱི་ངའམ་བདག་འདི་ནི་ཀླད་ཆེན་ཤི་བའི་རྗེས་སུ་ད་དུང་གནས་ལ་ཚེ་སྲོག་གི་བྱེད་ལས་ཀྱི་རྣམ་པའང་ཡོད་དེ། ནམ་ཡང་རྒྱུན་མི་འཆད་པར་གནས་རུང་ངོ༌། །ཞེས་ཟེར་རོ། །དེ་བཞིན་དུ། ཉོས་ཅུན་སློབ་གྲྭ་ཆེན་མོའི་སྐད་གྲགས་ཅན་གྱི་སྐྱེ་དངོས་རིགས་པ་སྨྲ་བ་ཁྲ་ལུས་ཧྲི་ཤས་ལུན(SircharlesSherrington) ཏོན་གྱིས་ཀྱང༌། མིའི་ཤ་ཁྲག་གི་ལུས་ཀྱི་ནང་དུ་བེམ་མིན་གྱི་ངའམ་བདག་ཅིག་གནས་ཏེ། དེས་ཀླད་པ་ཆེ་ཆུང་ཁ་ལོ་སྒྱུར་ཅིང་ཡོད། ཅེས་ཟེར་རོ། །ཁ་ན་ཏའི་སྐད་གྲགས་ཅན་གྱི་དབང་རྩའི་སྐྱེ་དངོས་རིག་པ་སྨྲ་བ་རབ་འབྱམས་པ་ཕན་ཧྥེ་ཐུ་ནས་ཀྱང་མིའི་རིགས་ལ་ཤ་ཁྲག་བེམ་པོའི་ལུས་ཤིག་ཡོད་པར་མ་ཟད། དབྱིབས་མེད་བེམ་མིན་གྱི་རྣམ་ཤེས་ཀྱང་ངེས་པར་ཡོད་དོ། །ཞེས་དང༌། ཨ་རིའི་ཁ་ལི་ཧྥོ་ཉི་ཡ་བཟོ་སློབ་ཆེན་མོའི་སྙན་གྲགས་ཆེ་བའི་དབང་རྩའི་སྐྱེ་དངོས་རིག་པ་པ་རབ་འབྱམས་པ་ཧྲི་ཕེ་ལིས་(Dr.Roger sperry)ཀྱིས་མིའི་རིགས་ཀྱི་ཀླད་ཆེན་ཕྱོགས་གཉིས་པོའི་ནུས་པ་ལ་དབྱེ་བ་ཞིབ་པར་ཕྱེས་ཏེ་བཤད་པས། ༡༩༨༡ལོར་ནོ་པེ་ཨེར་གསོ་རིག་གསར་བཏོད་ཀྱི་བྱ་དགའ་ཐོབ། དེ་ལ་ཁོ་ན་རེ། མི་རྣམས་ཀྱི་ངའམ་བདག་དེ་ནི་ཁྱད་དུ་འཕགས་ཤིང་དགོས་གལ་ཆེ་བའི་བེམ་མིན་ཞིག་སྟེ། ཆགས་ཚུལ་རིམ་པ་རྙོག་དྲ་ཆེ་བའི་ལུས་ཀྱི་ཀླད་ཆེན་ནང་དུ་མངོན་ཞིང༌། ཀླད་ཆེན་གྱི་ཆ་ཤས་རེ་རེ་བཞིན་དབང་སྒྱུར་བར་བྱེད། ཅེས་དང༌། དབྱིན་ཇིའི་ཅུས་ལེ་སློབ་གྲྭ་ཆེན་མོའི་རབ་འབྱམས་པ་མེ་ཁསdr་donaid་ mackayཞེས་པས་ཀྱང༌། རྣམ་ཤེས་ཀྱི་ངའམ་བདག་དེས་ལུས་ཀྱི་ཀླད་ཆེན་ཁ་ལོ་སྒྱུར་ཅིང༌། ཀླད་ཆེན་ཤི་བའི་རྗེས་སུ་ད་དུང་རྣམ་ཤེས་དེ་རྒྱུན་མི་འཆད་དུ་གནས་པར་འདོད་དོ། །འཛམ་གླིང་ཧྲིལ་བོར་སྙན་གྲགས་རབ་ཏུ་འབར་བའི་རྩིས་རིག་རབ་འབྱམས་པ་ཡེ་ཧན་ཧྥང་ཉེས་མནDrJOHNYOnNeUMann ཞེས་པས་ཀྱང༌། མིའི་ལུས་ཀྱི་ནང་དུ་བེམ་མིན་རྣམ་ཤེས་ཀྱི་ངའམ་བདག་ཅིག་ཡོད་ཚོད་འདུག དེས་ལུས་ཀྱི་ཀླད་ཆེན་ལ་དབང་སྒྱུར་བར་བྱེད་ཅིང་དངོས་པོ་དག་ལའང་རྒྱང་མ་ནས་ཚོད་འཛིན་བྱེད་དོ། །ཞེས་ཟེར། ཧྥང་ཉེས་མན་འདི་ནི་ཚན་རིག་པ་ཤིན་ཏུ་མང་པོས་འཛམ་གླིང་གི་མི་ཀུན་ལས་ཆེས་རིག་པ་རྣོ་བར་བསྔགས་ཤིང༌། ནོ་པེ་ཨེར་དངོས་ཁམས་རིག་པའི་བྱ་དགའ་འཐོབ་མཁན་ཧན་སུ་པེ་ཐུHans Betheཞེས་པ་ན་རེ། ངེད་ལ་སྐབས་འགར་ཡེ་ཧན་ཧྥང་ཉེས་མན་ལྟ་བུའི་ཀླད་པ་རྣོན་པོ་འདིས་འཇིག་རྟེན་གྱི་ཁམས་འདིར་རང་རེ་མིའི་རིགས་ལས་ཀྱང་བརྒལ་བའི་ཆེས་ཕུལ་དུ་བྱུང་བའི་རིགས་ཤིག་ཡོད་ཅེས་ང་ཚོ་ལ་བརྡ་སྟོན་པ་མིན་ནམ་སྙམ་དུ་དོགས་པ་ཞིག་འགོག་མེད་དུ་འཆར་འོང་གིན་འདུག་ཅེས་ཧྥང་ཉེས་མན་ལ་བསྟོད་བསྔགས་ཆེར་བྱས། དེ་བཞིན་དུ༡༩༦༣ལོར་ནོ་པེ་ཨེར་དངོས་ཁམས་རིགས་པའི་བྱ་དགའ་འཐོབ་མཁན་རབ་འབྱམས་པ་ཡོས་ཅུན་ཝེ་གུ་ནDr. EUgeme wignorཞེས་པ་འདི་དུས་རབས་འདིའི་ཆེས་རླབས་ཆེ་བའི་ཚན་རིག་པའི་གྲས་ཤིག་རེད། འདིས་ཀྱང་ཧྥང་ཉེས་མན་གྱིས་མི་ལ་བེམ་མིན་རྣམ་ཤེས་ཀྱི་ནུས་ཤུགས་ཞིག་ཡོད་པ་དང་དེས་དངོས་པོ་རྣམས་ལ་འགྱུར་བ་སྐྱེད་ཐུབ་ཅེས་སྨྲས་པའི་ལྟ་བ་དེར་ཡི་རངས་ཤུགས་ཆེན་བྱེད་པར་འདུག་གོ །ཕུལ་དུ་བྱུང་བའི་ཀླད་པའི་ཚན་རིག་པ། ནོ་པེ་ཨེར་བྱ་དགའ་འཐོབ་མཁན་མཁས་དབང་ཨེ་ཁུར་སུ་དགེ་རྒན་ཆེན་མོས་ལོ་མང་པོར་ཀླད་ཆེན་ལ་ཚན་རིག་གིས་བརྟག་དཔྱད་བྱས་ཏེ། རྣམ་པར་ཤེས་པ་ནི་བེམ་པོ་བཞིན་དུ་རང་སྐྱ་ཐུབ་པའི་དངོས་པོ་ཞིག་སྟེ། ཀླད་ཆེན་གྱི་ཕྱོགས་གཅིག་ལ་བརྟེན་ནས་གནས་ལ། ཀླད་ཆེན་ནི་རྣམ་ཤེས་དེའི་ཉེར་སྤྱོད་ཙམ་ཞིག་ཡིན་པར་ཤེས། དེ་ཉིད་ཀྱི་ཕྱིར་ཁོང་གིས་མི་ཤི་བའི་འོག་ཏུ་རྒྱུན་འཆད་པར་སྨྲ་བ་ལ་རྒྱུ་མཚན་མེད་པར་འདོད་པའི་ཚུལ་ཡང༌། ཀླད་ཆེན་ཚན་རིག་པ་འདི་དང་ཕུལ་དུ་བྱུང་བའི་མཚན་ཉིད་རིག་པ་སྨྲ་བ་པོ་ཕེས་རྣམ་གཉིས་མཉམ་འབྲེལ་གྱིས་བརྩམས་པའི་གཞུང༌། བདག་དང་དེའི་ཀླད་ཆེན་ཞེས་པ་ལས། རྣམ་ཤེས་འདི་གཟུགས་སོགས་བེམ་པོ་རྣམས་བཞིན་དུ་ལོགས་སུ་རང་རྐྱ་ཐུབ་པའི་དངོས་པོ་ཞིག་ཡིན་གྱི་བེམ་པོའི་གནས་སྐབས་ལ་བཏགས་པ་ཙམ་ཞིག་མ་ཡིན་པར་བཤད། དེང་རབས་ཀྱི་ཕུལ་དུ་བྱུང་བའི་སེམས་ཁམས་རིག་པ་སྨྲ་བ(Jung) ཅོང་ཀིས་བརྩམས་པའི་རྣམ་ཤེས་འཚོལ་མཁན་དེང་རབས་ཀྱི་མི་ཞེས་བྱ་བ་ལས། ཀླད་ཆེན་དང་འབྲེལ་བ་ཡོད་པ་ཙམ་གྱིས་རྣམ་ཤེས་ཀྱི་ངོ་བོ་ཞར་ལ༼བེམ་པོའི་གནས་སྐབས་ལ་བཏགས་པ་མཆན།༽ ཐོན་པའི་སྣང་བ་ཙམ་ཞིག་ཡིན་པའི་བདེན་དཔང་བྱེད་མི་ནུས་ཏེ། ཞེས་དང༌། ཀླད་ཆེན་གྱི་ཆགས་ཚུལ་དང་སེམས་ཁམས་རིག་པས་ནི་རྣམ་ཤེས་ཀྱི་བྱུང་ཚུལ་ལ་འགྲེལ་བཤད་ཅི་ཡང་བྱས་མེད་དོ། །སེམས་ཀྱི་རང་གཤིས་ནི་གཞན་གྱི་ངོ་བོར་འགྱུར་མི་སྲིད་པའི་ཐུན་མིན་ཞིག་ཡིན། ཞེས་དང༌། དེང་རབས་ཀྱི་ཁྱད་དུ་འཕགས་པའི་ཚན་རིག་གསར་གདོད་མཁན་གྱི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་པ་ཨེ་ཏིས་ཧྲན་གྱིས། སེམས་ཅན་གྱི་སྲོག་ནི་དངོས་པོ་གཞན་རྣམས་བཞིན་དུ་རྒྱུན་མི་འཆད་པར་གནས་ཤིང༌། མི་ཤི་བའི་རྗེས་རྣམ་ཤེས་ནི་ལུས་གཞན་ཞིག་ལ་ཞུགས་ནས་བར་མེད་དུ་འཁོར་བ་ཡིན་པར་ངེད་ཡིད་ཆེས་ཀྱིན་ཡོད། ཅེས་དང༌། ནུབ་ཕྱོགས་ཀྱི་མཁས་པ་མུས་ཏིས་ཀྱིས་བརྩམས་པའི་ཤི་བའི་ཞིབ་འཇུག་ཅེས་པ་ལས། རྣམ་ཤེས་ཀླད་ཆེན་དང་བྲལ་ནས་རང་རྐྱ་ཐུབ་པར་མ་ཟད། ཀླད་ཆེན་ཉེར་སྤྱོད་དུ་བྱས་ཏེ་ནུས་པ་སྣ་ཚོགས་འདོན་ཐུབ་བོ། །ཞེས་དང༌། ཧྥོ་ལ་མན་ལོན་གྱིས་བརྩམས་པའི་ཤི་བ་དང་དེའི་གསང་བ་ཞེས་པ་ལས། སེམས་ནི་རང་རྐྱ་ཐུབ་པ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་རྒྱུན་མི་འཆད་པའང་ཡིན་ནོ། །ཞེས་དང༌། འཇར་མན་གྱི་སྙན་གྲགས་ལྡན་པའི་མཚན་ཉིད་རིག་པ་པ་ཧྲོས་པེན་ཧ་ཡིས་ཀྱང༌། ཤི་བ་ནི་གཟུགས་ཕུང་གི་ཐ་མ་ཡིན་གྱི་རང་ཉིད་གནས་པའི་ཐ་མ་ནི་མ་ཡིན་ནོ། །ཞེས་བཤད་དོ། །དེ་ལྟར་ད་ལྟའི་ཚན་རིག་པའི་ནང་ནས་བློ་རྣོ་བའི་ཡང་རྩེར་སོན་པ་དག་གིས་ཆེས་སྔོན་ཐོན་གྱི་འཕྲུལ་ཆས་རྣམས་ཀྱིས་བརྟགས་པ་ན་སེམས་ཀླད་ཆེན་གྱི་ཆ་ཤས་ཙམ་ཡིན་པར་འདོད་པའི་ལྟ་བ་དེ་ནི་དཔྱད་མི་བཟོད་པར་མཐོང་ནས་དེ་ཁོ་ནའི་རྗེས་ཟློས་མ་བྱས་པར་རང་ཉིད་ཀྱི་ལྟ་བ་གསར་པ་བཟུང་ངོ༌། །སྔོན་དུས་སུ་ཚན་རིག་པ་ཕལ་མོ་ཆེ་ཉེས་ཏུན་གྱི་ལྟ་བ་ལ་གཙིགས་ཆེན་བྱེད། དེ་རྗེས་ཨེ་དབྱིན་སུ་ཐན་བྱུང་ནས་ལྟོས་གྲུབ་སྨྲ་བའི་རིགས་པ་བསྟན་པས་ཐམས་ཅད་དེའི་རྗེས་སུ་འབྲངས་ནས་སྔ་མ་ལ་ཡིད་ཆེས་མཁན་མ་བྱུང༌། ཚན་རིག་གི་ལོ་རྒྱུས་ཐོག་འདི་ལྟ་བུ་མང་པོ་བྱུང༌། དེ་བཞིན་དུ་ད་ལྟ་ཡང་རྣམ་ཤེས་ལུས་ཀྱི་ཆ་ཤས་སུ་སྨྲ་བ་དག་གི་ལྟ་བ་ནི་ཕལ་ཆེར་མེ་ཤི་བའི་དུད་པ་ལྟ་བུར་གྱུར་པའི་གནས་སྐབས་མངོན་དུ་འགྱུར་བ་ལ་ཉེ་བར་བསླེབས་འདུག་སྟེ། ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོའི་དགེ་རྒན་རབ་འབྱམས་པ་ལོ་ཕེ་ཏོས་ལོས་མེན་ན་རེ། དེང་རབས་ཀྱི་སེམས་ཁམས་རིག་པ་ནི་མདུན་ལམ་ཟད་པར་གྱུར་པའི་ལམ་ཞིག་གི་ཐོག་ཏུ་གཏན་སྡོད་བྱས་འདུག་ཅེས་ཟེར་བ་བཞིན་ནོ། །མདོར་ན། འགའ་ཞིག་གིས་སྐྱེ་བ་སྔ་ཕྱི་མེད་པ་འདི་ཚན་རིག་གིས་གྲུབ་པ་ཡིན་ཞེས་ཚན་རིག་ལ་རྒྱུས་མེད་པ་དག་གི་མདུན་དུ་སོང་སྟེ། ཧ་ཅང་མཐིལ་ཕྱིན་པར་ཤེས་ཁུལ་གྱིས་སྨྲ་བར་བྱེད་ཀྱང༌། ཞིབ་ཏུ་བརྟགས་ན་ཚན་རིག་གིས་སྐྱེ་བ་སྔ་ཕྱི་མེད་པ་གཏན་ནས་མི་འགྲུབ་པ་ཤེས་དགོས། ཚན་རིག་གི་འབྱུང་ཁུངས་ནུབ་ཕྱོགས་ཡིན་པས་ད་ལྟ་ནུབ་ཕྱོགས་པའི་མཁས་པ་གཟུ་བོར་གནས་པ་དག་གི་ཅི་ཟེར་ཤེས་པར་གྱིས་ཤིག དེས་ན་རིགས་པས་གང་གྲུབ་པའི་རྗེས་སུ་འབྲངས་ན་མཛེས་པ་ཡིན་གྱི། ཨུ་ཚུགས་ལ་མིང་སྙན་པོ་ཇི་ལྟར་བཏགས་ཀྱང་སྙིང་པོ་མེད་དོ། །བཞི་པ་ནི། ཀླད་ཆེན་དང་རྣམ་ཤེས་ཀྱི་བྱེ་བྲག་འགའ་རེ་ལ་ཕན་བྱ་ཕན་བྱེད་ཀྱི་འབྲེལ་བ་མཐོང་བ་ཙམ་གྱི་རྒྱུ་མཚན་གྱིས་རྣམ་ཤེས་རིལ་པོ་ཀླད་ཆེན་ལས་སྔོན་མེད་གསར་དུ་སྐྱེས་པར་སྒྲུབ་པ་ནི་ཤིན་ཏུ་མ་ངེས་པ་སྟེ། འདི་ལྟར་རྟེན་གྱིས་དང༌། གནས་སྐབས་ཀྱིས་དང༌། རྣམ་པས་མ་ངེས་པ་དང༌། སྔར་མེད་མི་འགྲུབ་པས་མ་ངེས་པའི་ཕྱིར་རོ། །དང་པོ་ནི། གལ་ཏེ་རྟོག་དཔྱོད་ཀྱི་བློ་འདི་ཀླད་ཆེན་འགུལ་སྐྱོད་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ཡིན་ན་ཀླད་ཆེན་མེད་པའི་མི་རྣམས་ལ་རྟོག་དཔྱོད་ཀྱི་བློ་གཏན་མེད་དགོས་ཏེ། ཀླད་ཆེན་མེད་ན་དེའི་འགུལ་སྐྱོད་ཡོད་མི་སྲིད་ལ། དེ་མེད་ན་རྣམ་ཤེས་མེད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ནའང་ཀླད་ཆེན་ཡེ་མེད་པ་རྣམས་ལ་རྟོག་དཔྱོད་ཀྱི་བློ་ཤིན་ཏུ་རྣོ་བ་ཡོད་པ་གོང་དུ་སྨྲས་པ་བཞིན་ནོ། །དེས་ན་རྣམ་ཤེས་ཀླད་ཆེན་གྱི་གནས་སྐབས་ཡིན་པ་ལྟ་ཅི་དེ་ལ་བརྟེན་པ་ཙམ་ཡང་ཐམས་ཅད་ལ་ངེས་པ་མ་ཡིན་པ་མངོན་སུམ་ཚད་མས་གྲུབ་བོ། །གཉིས་པ་ནི། གང་ཟག་གི་རྒྱུད་གཅིག་ལའང་སྤྱིར་བཏང་དུ་ཀླད་ཆེན་གྱིས་སེམས་ཀྱི་ཁྱད་པར་གྱི་ཆོས་འགའ་རེ་སྐྱེད་དུ་ཆུག་ཀྱང༌། གནས་སྐབས་ཐམས་ཅད་དུ་དེར་མ་ངེས་ཏེ། ཤི་ནས་བར་སྲིད་གྲུབ་པའི་ཚེ་དང༌། མ་ཤི་བར་རྣམ་ཤེས་ལུས་ལས་ཐོན་ཏེ་ལོགས་སུ་སོང་བའི་ཚེ་ན་ཤ་ཁྲག་གི་ལུས་རིལ་པོ་ཤུལ་དུ་བཞག་པ་ལས་ཀླད་ཆེན་ཁྱེར་ཏེ་སོང་བ་ལྟ་ག་ལ་ཡོད། རྟོག་དཔྱོད་ཀྱི་བློ་ནི་སྔར་ལས་ཀྱང་གསལ་ཞིག་ཡོད་པ་འཛམ་གླིང་ཡོངས་ལ་གྲགས་ཤིང་གྲུབ་པ་ཉིད་དོ། །གསུམ་པ་ནི། མིག་ལ་སྐྱོན་བྱུང་བས་མིག་ཤེས་འགགས་པ་བཞིན་ཀླད་ཆེན་ལ་ཕན་གནོད་བྱས་པ་ལས་རྣམ་ཤེས་བྱེ་བྲག་འགའ་རེ་ལ་འགྱུར་བ་བྱུང་བ་ཡོད་དུ་ཆུག་ཀྱང༌། དེ་ནི་རྣམ་ཤེས་རགས་པ་དེ་དག་ལ་ཀླད་ཆེན་གྱིས་ལྷན་ཅིག་བྱེད་རྐྱེན་བྱེད་པའི་དབང་གིས་བྱུང་གི་ཀུན་གཞི་ལྟ་བུའི་རྣམ་ཤེས་བརྟན་པ་དག་ནི་ཀླད་ཆེན་ལ་ཕན་གནོད་ཇི་ལྟར་བྱས་ཀྱང་ཡོད་མེད་དུ་འགྱུར་བར་བསྒྲུབ་མི་ནུས་སོ། །དེས་ན་འདི་རྣམས་ནི་ཕྲུ་བའི་ནང་གི་འབྲས་གཅིག་ཚོས་པར་མཐོང་བས་ཐམས་ཅད་ཚོས་པར་སྨྲས་པ་བཞིན་ཁྱབ་པ་གཏན་མེད་ཀྱི་སྒྲུབ་བྱེད་ལྟར་སྣང་ཁོ་ན་ཡིན་པར་ཤེས་པར་བྱའོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།