མེ་ཏོག་གངས་ལྷ་བུམ་པའི་བྱིས་གླུ་སྤྲོ་ཚོགས་སྐབས་བཞི་པ་མཇུག་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2025-06-03 10:22:30 ཀློག་གྲངས།:
       མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་བསྒྲུབས་པའི“མེ་ཏོག་གངས་ལྷ”བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པ་ཟླ་ལྔ་པའི་ཚེས་ཉེར་དགུ་དང་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་། མི་རིགས་ཀྱི་རེ་བ་ཡིན། དེ་རིང་གི་མེས་རྒྱལ་གྱི་ན་ཆུང་བཟང་པོ་དག་ནི་སང་ཉིན་མེས་རྒྱལ་གྱི་འཛུགས་སྐྲུན་པ་བཟང་པོ་ཡིན་པས། བདེ་སྐྱིད་ཀྱི་འཚོ་བ་ནི་ཁོ་ཚོ་ལ་དབང་ཞིང་། མཚར་སྡུག་ལྡན་པའི་ཀྲུང་གོའི་འདུན་མའང་ཁོ་ཚོ་ལ་དབང་།” ཞེས་གསུངས་ཡོད་པས། ཐེངས་འདིའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་ཀྱི་བརྗོད་དོན་གཙོ་བོ“བློ་སེམས་ཏང་ལ་ཕྱོགས། སྤྲོ་དགས་འཚར་ལོངས་འབྱུང་།”ཞེས་པ་དེ་ཡིན་ཞིང་། དུས་རབས་གསར་བའི་ན་ཆུང་བྱིས་པ་རྣམས་ལ་བཅངས་པའི་རེ་ལྟོས་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པར་བཅངས་པའི་སྨོན་འདུན་མཚོན་པར་བྱས་ཡོད།
       ཨ་མདོ་བརྙན་འཕྲིན་གྱིས་བོད་སྐད་ཀྱི་བྱིས་པའི་གླུ་གཞས་ཕུན་སུམ་ཇེ་ཚོགས་དང་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་དང་། ན་ཆུང་བྱིས་པ་རྣམས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྒྱུ་རྩལ་གྱི་འཇོན་ནུས་ལྡན་པའི་ན་ཆུང་བྱིས་པ་མང་པོར་གར་སྟེགས་མཁོ་འདོན་བྱེད་པ་བཅས་ལ་དམིགས་ནས། ཆེད་དུ“མེ་ཏོག་གངས་ལྷ”བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་འདི་སྔ་ཕྱིར་ཐེངས་གསུམ་ལ་བསྒྲུབས་ཏེ་ རྒྱ་ཆེའི་ལྟ་མཁན་མང་པོས་དགའ་བསུ་ཆེན་པོ་ཐོབ་ལ། ལྷག་པར་དུ་བོད་འབྲེལ་ས་ཁུལ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སྡེ་ནས་དགའ་བསུ་དང་གདེངས་འཇོག་ཚད་ཆེན་པོ་གནང་པར་མ་ཟད། སྒྱུ་རྩལ་གྱི་བྱང་ཚད་མཐོ་བའི་ན་ཆུང་གཞས་པ་གཞས་མ་མང་པོ་ཞིག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པའི་ཐད་ལ་ཞབས་ཞུ་གང་འཚམ་བསྒྲུབས་ཡོད་པ་རེད།
       ཐེངས་འདིར་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་བོད་འབྲེལ་ཞིང་ཆེན་གསུམ་གྱི་རྫོང་ཁག་སུམ་ཅུ་ལ་ཉེ་བ་ནས། ན་ཆུང་གཞས་པ་གཞས་མ་བརྒྱ་ལྷག་གི་གླུ་གཞས་བརྩམས་ཆོས་འབྱོར་བ་ལས། ཚིག་དང་དབྱངས་གཉིས་ཀྱི་ཆ་ལ་བྱིས་པའི་གླུ་གཞས་ཀྱི་ཁྱད་ཆོས་དང་རིན་ཐང་ལྡན་ལ། སྐད་ངག་ཁྱད་དུ་འཕགས་པའི་གཞས་པ་གཞས་མ་ཆུང་ཆུང་ཞེ་ལྔ་བསལ་འདེམ་གྱིས“མེ་ཏོག་གངས་ལྷ”བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པའི་སྟེང་ཞུགས་པ་དང་། སྐབས་སྔོན་མའི་རྩེ་གྲ་བཅུའི་གྲས་སུ་ཚུད་ཡོད་པའི་ན་ཆུང་གཞས་པ་གཞས་མ་དག་ཆེད་དུ་ཐེངས་འདིའི་སྤྲོ་ཚོགས་སྟེང་གདན་ཞུ་བྱས་ཡོད་པ་རེད།
       སྐབས་སྔོན་མ་ནས་བཟུང་། “མེ་ཏོག་གངས་ལྷ”བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་འགྲན་ཚོགས་དེ་གླུ་གཞས་སྤྲོ་ཚོགས་སུ་བསྒྱུར་ཡོད་པས། ཐེངས་འདིར་ཡང་ན་ཆུང་གཞས་པ་གཞས་མ་དག་ལ་འགྲན་སྡུར་གྱི་རྣམ་པ་མ་ཡིན་པར། ན་ཆུང་གཞས་པ་གཞས་མ་ཡོངས་ལ་ཁྱབ་མཉམ་གྱིས“གངས་ལྗོངས་ཀྱི་ཁུ་བྱུག་ཆུང་ཆུང”ཞེས་པའི་མཚན་སྙན་སྤྲོད་རྒྱུ་ཡིན་ལ། དེ་ལ་ཡང་ན་ཆུང་གཞས་པ་གཞས་མའི་ན་ཚོད་དང་ཕོ་མོ། སྐད་གདངས་དང་ཉམས་འགྱུར་བཅས་ཀྱི་དབྱེ་བ་ལ་གཞིགས་ནས། “གངས་ལྗོངས་ཀྱི་ཁུ་བྱུག་ཆུང་ཆུང་། དྲི་ཟའི་གླུ”ཡི་མཚན་སྙན་དང་། “གངས་ལྗོངས་ཀྱི་ཁུ་བྱུག་ཆུང་ཆུང་། ཚངས་པའི་དབྱངས”ཀྱི་མཚན་སྙན། “གངས་ལྗོངས་ཀྱི་ཁུ་བྱུག་ཆུང་ཆུང་། དབྱངས་ཅན་ངག་གི”་མཚན་སྙན་དང་། “གངས་ལྗོངས་ཀྱི་ཁུ་བྱུག་ཆུང་ཆུང་། ཁུ་བྱུག་གདངས”ཀྱི་མཚན་སྙན། “གངས་ལྗོངས་ཀྱི་ཁུ་བྱུག་ཆུང་ཆུང་། ཅོ་ཀའི་འགྱུར་གྱི”མཚན་སྙན་བཅས་ཁྱད་པར་མེད་པའི་དབྱེ་བ་ལྔ་རུ་བགར་ནས་གཟི་བརྗིད་མཚན་སྙན་སྤྲད་ཡོད་པ་རེད།
       སྤྲོ་ཚོགས་ཀྱི་གོ་རིམ་ཧྲིལ་པོ་ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་བརྙན་ལམ་དང་འཁྱུག་དབྱངས་འཕྲིན་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་བརྙན་ལམ། གངས་ལྗོངས་མེ་ལོངAPPབཅས་ནས་དུས་མཉམ་ཐད་གཏོང་བྱས་པས། ཕྱོགས་སོ་སོའི་ལྟ་མཁན་འབུམ་བཞི་ལྷག་གིས་དྲ་ལམ་ནས་ཐེངས་འདིའི་སྤྲོ་ཚོགས་ལ་རོལ་མྱོང་བྱས་པར་མ་ཟད། དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།