ངོས་དང་པོ > ཆོས་ལུགས། > ཆོས་ལུགས་རིག་གནས། > དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།
དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།
རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-19 10:51:00
ཀློག་གྲངས།:
སྙིང་མགྲིན་དཔྲལ་གསུམ་ཆོས་ལོངས་སྤྲུལ་སྐུའི་རྟེན་དུ་འགྲོ་བ་ཡང་སྐུ་དེ་གསུམ་གྱི་རྟེན་གྱི་ཡོན་ཏན་རླུང་མེ་ཆུ་གསུམ་ཡིན་པའི་ཕྱིར་རོ། །དེས་ན་གཙོ་བོའི་ཞལ་བཞིའི་རྒྱུ་མཚན་ཡང་དེས་གྲུབ་བོ། །གཉིས་པ་ནི། འཁོར་ལོ་དྲུག་པོ་དེ་ཐབས་ཤེས་ཀྱི་རིགས་དྲུག་ཏུ་ཡང་འགྱུར་ཏེ། མ་ལས་ཐོབ་པ་རྡུལ་གྱི་ཆོས་ས་མེ་ཡེ་ཤེས་ཀྱི་འགྱུར་བ་གསུམ་པོ་ནུབ་ལྷོ་འོག་གསུམ་གྱི་འཁོར་ལོ་རིན་ཆེན་གྲི་གུག་སྟེ་གཙོ་མོའི་སྐུ་གསུང་ཐུགས་གསུམ་པོ་ལྟེ་མགྲིན་གསང་བ་གསུམ། ཕ་ལས་ཐོབ་པ་ཁུ་བའི་ཆོས་ཆུ་རླུང་ནམ་མཁའི་འགྱུར་བ་གསུམ་བྱང་ཤར་སྟེང་གི་པདྨ་རལ་གྲི་རྡོ་རྗེ་སྟེ་གཙོ་བོའི་སྐུ་གསུང་ཐུགས་གསུམ་པོ་དཔྲལ་སྙིང་གཙུག་ཏོར་གསུམ་མོ། །གསུམ་པ་ནི། སྟེང་དུ་ཟླ་ཉི་སྒྲ་གཅན་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ་རོ་རྐྱང་དབུ་མའི་ཡས་སྣ་གསུམ་དང་མས་སྣ་གསུམ་ཡིན་ལ། དེ་ཡང་སྟེང་མ་གསུམ་པོ་ཆུ་མེ་ནམ་མཁའ། འོག་མ་གསུམ་པོ་ས་རླུང་ཡེ་ཤེས་སུ་བཤད་པ་ལས་འོག་ཏུ་བཤང་བའི་རྩ་དང་སྟེང་གི་ཉི་མ་འབབ་པ་གཡས་པའི་རྩ་དང་། འོག་གི་ཁུ་བ་འབབ་པ་གསུམ་པོ་མ་ལས་ཐོབ་པ་སོགས་ནས་གཙོ་མོའི་སྐུ་གསུང་ཐུགས་སོ། །སྟེང་གི་ཟླ་བ་འབབ་པ་གཡོན་པའི་རྩ་དང་འོག་གི་ལྕི་བ་འབབ་པ་དང་། སྟེང་གི་དབུ་མ་སྒྲ་གཅན་གྱི་རྩ་རྣམས་ནི་ཕ་ལས་ཐོབ་པ་སོགས་ནས་གཙོ་བོའི་སྐུ་གསུང་ཐུགས་སོ། །འདི་དག་ནི་དབང་མདོར་བསྟན་དུ། ཟླ་ཉི་སྒྲ་གཅན་བཤང་གཅི་དང་། །ཁུ་བ་འབབ་པའི་ལམ་རྣམས་སུ། །ཆུ་མེ་སྟོང་པ་ས་རླུང་དང་། །ཡེ་ཤེས་ཁམས་རྣམས་སྐྱེས་རྣམས་ལ། །ཞེས་སོགས་ཀྱིས་རྒྱས་པར་བཤད་དེ་ཤིན་ཏུ་གསལ་བས་དེར་བལྟའོ། །གཉིས་པ་ལ། ལུས་དང་། བསམ་པ་དང་། ཕན་ཚུན་འཁྱུད་པས་ཐབས་ཤེས་སུ་གནས་ཚུལ་ལོ། །དང་པོ་ནི། དུས་འཁོར་འདིར་ལུས་བསམ་དུ་གྲགས་པའི་ལུས་ནི་འཛིན་པའམ་ཡུལ་ཅན་གྱི་ཆོས་དང་། བསམ་པ་ནི་ཡུལ་ལམ་གཟུང་བྱར་བཤད་ལ། དེ་ཡང་ལྷ་ཡབ་ཡུམ་ལྟ་བུ་ལ། ཡབ་ལ་བལྟོས་ནས་རང་ཉིད་ལུས་དང་ཡུམ་བསམ་པ། ཡུམ་ལ་བལྟོས་ནས་ཡུམ་རང་ཉིད་ལུས་དང་ཡབ་བསམ་པའོ། །དེས་ན་གཟུགས་ཕུང་རྣམ་སྣང་། ལུས་དབང་སྒྲིབ་སེལ། བཤང་ལམ་རེངས་བྱེད་རྣམས་ལུས་སུ་སོང་བའི་ཚེ། རླུང་སྒྲོལ་མ། རེག་རེག་བྱ་རྡོ་རྗེ་མ། བྱ་བ་བཤང་བ་འཛག་པ་རྣམས་བསམ་པ་སྟེ། ལུས་ས་ཁམས་སེར་པོ་ལས་བྱ་བ་རླུང་ཁམས་ནག་པོ་ཕན་ཚུན་དུ་ལུས་བསམ་མོ། །དེ་བཞིན་དུ་ཆུ་ཁམས་ལ་འདུ་ཤེས། ལྕེ། རྐང་པ་རྣམས་དང་། མེ་ཁམས་པ་མེ། རོ། འགྲོ་བའི་བྱ་བ་རྣམས་ཕན་ཚུན་ལུས་བསམ། མེ་ཁམས་ལ་ཚོར་བ། མིག ལག་པ་རྣམས་དང་། ཆུ་གཟུགས། ལེན་པའི་བྱ་བ་རྣམས་ཕན་ཚུན་ལུས་བསམ། རླུང་ཁམས་ལ་འདུ་བྱེད། སྣ་ཁ་རྣམས་དང་ས་དྲི་ངག་སྨྲ་བ་རྣམས་ལུས་བསམ། ནམ་མཁའི་ཁམས་ལ་རྣམ་ཤེས། རྣ་བ། འདོམས་རྣམས་དང་། ཡེ་ཤེས། སྒྲ། དྲི་ཆུ་འདོར་བ་རྣམས་ལུས་དང་བསམ་པ། ཡེ་ཤེས་ཁམས་ལ། ཡེ་ཤེས། ཡིད། མཆོག་གི་དབང་པོ་རྣམས་དང་། ནམ་མཁའ། ཆོས། ཁུ་བ་འཕོ་བ་རྣམས་ལུས་བསམ་དུ་ཤེས་པར་བྱའོ། །དེ་ལྟར་ན་ཁ་དོག་གི་སྒོ་ནས་ཤར་ནུབ་ཀྱི་སེར་ནག་དང་། ལྷོ་བྱང་གི་དཀར་དམར་དང་། སྟེང་འོག་གི་ལྗང་སྔོན་ལུས་བསམ་དུ་བསྟན་ཏེ། དེ་ཡང་གཙོ་བོར་ནང་གི་རླུང་སྲོག་ཐུར་གཉིས་དང་། རྩ་ཁམས་དཀར་དམར་གཉིས་དང་། དྷཱུ་ཏཱིའི་ཡས་སྣ་མས་སྣ་གཉིས་རྣམས་ལུས་བསམ་དང་ཐབས་ཤེས་ཡིན་པས་སོ། །གཉིས་པ་ནི། ལུས་ཀྱི་ཤ་དང་རུས་པ་ཆུ་དང་ཁྲག དྲོད་དང་དྲི་ཆུ། རླུང་དང་བཤང་བ་རྣམས་ཐབས་ཤེས་སུ་སྐབས་འདིར་གསུངས་པའི་དོན་ལ། ལུས་ལ་རུས་པ་ཤ་དང་བྲལ་ན་ལུས་སྲོག་མི་གནས་པས་ཤ་རུས་འབྲལ་མེད་དགོས་པ་བཞིན་དུ། ཤ་རྣམ་པར་དག་པ་དོན་གྲུབ་དང་། རུས་རྣམ་པར་དག་པ་སྤྱན་མ་གཉིས་ཕན་ཚུན་ལུས་བསམ་མམ་ཐབས་ཤེས་སུ་གསུངས། དེ་བཞིན་དུ་ཁྲག་ཆུ་དང་བྲལ་ན་ལུས་གནས་ཀྱི་ཆུ་བསྐམས་པའི་ཁྲག་གིས་ལུས་མི་འཚོ་བས་ཟུང་འབྲེལ་དགོས་པ་བཞིན་དུ་ཁྲག་རིན་འབྱུང་མཱ་མ་ཀི་ཐབས་ཤེས། དྲི་ཆུ་དྲོད་དང་བྲལ་ན་ལུས་མི་འཚོ་བས་ཟུང་འབྲེལ་དགོས་པ་བཞིན་དུ་ཆུ་འོད་དཔག་མེད། མེ་གོས་དཀར་མོ་ཐབས་ཤེས། བཤང་བ་རླུང་དང་བྲལ་ན་འདོར་སྒོང་མི་ནུས་པས་ཟུང་འབྲེལ་དགོས་པ་བཞིན་དུ་བཤང་བ་རྣམ་སྣང་དང་། རླུང་སྒྲོལ་མ་ཐབས་ཤེས་སོ། །ཁུ་བ་རྡུལ་དང་བྲལ་ན་ལུས་མི་གནས་པས་ཟུང་འབྲེལ་དགོས་པ་བཞིན་དུ་ཁུ་བ་རྣམ་པར་དག་པ་མི་བསྐྱོད་པ་དང་། རྡུལ་རྣམ་པར་དག་པ་ཤེར་ཕྱིན་མ་ཐབས་ཤེས། དེ་བཞིན་དུ་རྣ་བ་ནམ་མཁའ་དང་། སྒྲ་ཡེ་ཤེས་གཉིས་ཐབས་ཤེས་ཡིན་པ་སོགས་རྒྱས་པར་སྦྱར་རོ། །དེ་རྣམས་ནི་ལུས་འཕེལ་བའི་རྒྱུ་ཚོགས་ཡིན་ཏེ། ཇི་སྐད་བཤད་པའི་རྟེན་དང་བརྟེན་པ་དང་། ཐབས་ཤེས་སོགས་དེ་རྣམས་ཆ་སྙོམས་ཤིང་རིམ་པ་མ་འཆོལ་བ་སོགས་ཀྱི་ཡོན་ཏན་དུ་གྲུབ་ན་ལུས་ཀྱི་རྩ་ཁམས་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་འཕེལ་བར་འགྱུར་བས་སོ། །གཉིས་པ་ནི། སྔར་བཤད་པ་བཞིན། མངལ་ཟླ་གཉིས་པ་ནས་བརྩམས་ཏེ་ཞག་རེ་ལ་རྩ་ཕྲན་ཉིས་བརྒྱ་རེ་འཕེལ་བས་ཞག་སུམ་བརྒྱ་དྲུག་ཅུའི་བར་དུ་རྩ་འཕེལ་བས་རྩ་བདུན་ཁྲི་ཉིས་སྟོང་རྫོགས་ཤིང་དེའི་ཕྱི་ཉིན་ནས་ཞག་རེ་ལ་རྩ་ཕྲན་གཉིས་གཉིས་བསྐམས་པས། ཞག་དྲུག་ཅུ་ལ་རྩ་བརྒྱ་ཉི་ཤུ། ལོ་གཅིག་ལ་བདུན་བརྒྱ་ཉི་ཤུ། ལོ་བརྒྱའི་ཞག་སུམ་ཁྲི་དྲུག་སྟོང་ལ་བདུན་ཁྲི་ཉིས་སྟོང་ཆད་པར་འགྱུར་ཏེ། རྒྱས་པར་རྩ་ཆད་ཚུལ་དུ་བཤད་པར་བྱའོ། །རྩ་འཕེལ་བ་རྫོགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་དམར་ཆ་དང་བཅུ་དྲུག་གི་བར་དུ་དཀར་ཆ་འཕེལ་ཞིང་དེ་ནས་འཕེལ་བ་རྫོགས་ཏེ་ཉམས་པའི་འགོ་རྩོམས་པ་ཡིན་ནོ། །རླུང་འཕེལ་ཚུལ་ནི། ཡེ་ལེའི་བརྒྱ་ཞེ་གསུམ་པར། བཙས་མ་ཐག་ཡེ་ཤེས་ཀྱི་རླུང་རྫོགས་པའི་རྗེས་ཀྱི་རླུང་དང་པོ་ཡོན་ཏན་མེད་པ་གཅིག དེ་རྗེས་སྙིང་སྟོབས་རྡུལ་མུན་གྱི་རླུང་རེ་རེ་སྟེ་དང་པོ་ཁྱབ་བྱེད་དུ་བྱས་ནས་གྲངས་མི་འཛིན་པས། གསུམ་པོ་དེ་ལ་ཟླ་བའི་ཡོན་ཏན་ལྔ་ལྔའི་དབྱེ་བས་བཅོ་ལྔ། དེ་ལ་སྒོ་གསུམ་གྱི་དབང་གིས་ཞེ་ལྔ། དེ་ལ་གཟའི་འགྲོས་བཞིའི་དབང་གིས་བརྒྱ་བརྒྱད་ཅུ། དེ་ཐབས་ཤེས་ཀྱི་དབང་གིས་སུམ་བརྒྱ་དྲུག་ཅུ་སྟེ་གཡས་གཡོན་གང་རུང་གི་འཕོ་ཆུང་དཀྱིལ་འཁོར་གཅིག དེ་བཞིན་དུ་དཀྱིལ་འཁོར་བཅུ་ག་རིམ་གྱིས་འཕེལ་ནས་དཀྱིལ་འཁོར་དྲུག་ཅུས་ཉིན་མཚན་རྫོགས་ཏེ་གཡས་གཡོན་གྱི་འཕོ་བ་རྫོགས་པས་རྩ་སྟོང་ཕྲག་དོན་གཉིས་རླུང་གི་ས་གང་བར་གསུངས་པས་མངལ་ནང་དུ་རྩ་ཕྲན་ལ་རླུང་མེད་པར་བསྟན། འདིར་དུས་ཀྱི་རྩ་ཞེས་ཡང་ཡང་བཤད་པས་འཕོ་འཚམས་ཀྱི་བུ་ལོན་མེད་པར་བསྟན་ཞེས་ཇོ་ནང་པ་ཟེར་ཏེ་བརྟག་གོ །འདི་ལ་རོང་པ་ཤེར་སེང་རྩ་ཆད་པ་དང་ཁམས་འཕེལ་བ་འགལ་བས་ལོ་བཅུ་དྲུག་གི་བར་དུ་རྩ་ལ་འཕེལ་འགྲིབ་མེད་ཟེར་པ་མི་འཐད་དེ་ལྟ་ན་ལོ་བརྒྱ་ལ་རྩ་ཆད་པ་མི་རྫོགས་པས་སོ། །དེ་ན་རྩ་ཁམས་ཁྱད་པར་ཅན་རྣམས་ཀྱི་ངོ་བོའི་འཕེལ་ཚུལ་ནི་དེ་ལྟར་ཡིན་པས་མངལ་ཟླ་གཉིས་པ་ནས་བགྲངས་པའི་ཟླ་བ་བཅུ་གཉིས་རྫོགས་ནས་རྩའི་ངོ་བོ་ལ་གསར་འཕེལ་མེད་ཀྱི་སྟེང་དུ་ཞག་རེ་ལ་རྩ་ཕྲན་གཉིས་གཉིས་འགྲིབ་ཀྱང་གྲུབ་ཟིན་རྣམས་ཀྱི་ཁྱད་པར་ནི་ལུས་ཀྱི་སྟོབས་རྩལ་ཇི་སྲིད་སྐྱེ་སྐྱེའི་བར་དུ་འཕེལ་བ་དང་། ཁམས་དཀར་དམར་ཡང་མངལ་ཆགས་ནས་ཟླ་བ་བཅུ་གསུམ་གྱི་བར་མི་འཕེལ་ཞིང་། དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་དམར་ཆ་དང་བཅུ་དྲུག་གི་བར་དུ་དཀར་ཆ་འཕེལ་བ་རྫོགས་ཏེ་དེ་ནས་ཁམས་ཀྱི་ངོ་བོ་གསར་འཕེལ་མེད་ཀྱང་གྲུབ་ཟིན་གྱི་ཁྱད་པར་ནི་ལུས་སྟོབས་ལ་ཡང་སྐྱེད་ཇི་སྲིད་ཡོད་ཀྱི་བར་དུ་འཕེལ་ཞིང་ལུས་ཀྱི་ཤེད་སྟོབས་ཉམས་པ་ནས་བཟུང་སྟེ། ཟས་དང་ཏིང་ངེ་འཛིན་གྱི་དབང་གིས་བར་སྐབས་སུ་ཅུང་ཟད་འཕེལ་བ་སྲིད་ཀྱང་། ངོ་བོ་དང་ཁྱད་པར་གྱི་རྒྱུན་ལ་བལྟོས་པའི་འཕེལ་བ་མེད་པར་ཤེས་པར་བྱའོ། །གསུམ་པ་གནས་ཚུལ་ལ་གཉིས། ཕྱི་དང་སྦྱར་བ་དང་། གཞན་དང་སྦྱར་བའི་གནས་ཚུལ་ལོ། །དང་པོ་ལ་ལྔ། རང་བཞིན་དང་སྐྱེས་བུར། ཕྱི་ནང་མཚུངས་པར། རླུང་གི་རང་བཞིན་དུ། རྩའི་རང་བཞིན་དུ་རྒྱུ་ཚུལ་དང་། ཞིང་སོགས་སུ་གནས་ཚུལ་ལོ། །དང་པོ་ལ། མུ་སྟེགས་གྲངས་ཅན་འདོད་པའི་རང་བཞིན་ཉི་ཤུ་རྩ་ལྔར་གྲགས་པ་དང་ལུས་འདི་མཚུངས་པར་གནས་པ་སྟེ། འདི་ལ་མཚུངས་ཡུལ་མུ་སྟེགས་ཀྱི་འདོད་པ་ལ་ཁམས་ལེའི་ཚིགས་བཅད་གཉིས་པའི་འགྲེལ་པར་བཤད་པ་གྲངས་ཅན་སྔ་རབས་པའམ། ཤམྦྷ་ལའི་གྲངས་ཅན་གྱི་འདོད་པ་དང་། དབུ་ཚད་ཀྱི་འགྲེལ་པར་འབྱུང་བ་གྲངས་ཅན་ཕྱི་རབས་པའམ། འཕགས་ཡུལ་གྱི་གྲངས་ཅན་པ་གཉིས་སོ། །དང་པོ་ནི། རྩ་བའི་རང་བཞིན་གཙོ་བོ་ཞེས་བྱ་བ་བཞི་པའི་གནས་སྐབས་བསྐྱེད་པར་བྱེད་པ་སྟེ་རང་བཞིན་ཁོ་ན། དེ་ལས་ས་ཆུ་མེ་རླུང་ཡིད་བློ་ང་རྒྱལ་ཏེ་བདུན་འབྱུང་ལ་དེ་ནི་རང་བཞིན་དང་ཡིད་བློ་གཉིས་ཀ དེ་རྣམས་ལས་དབང་པོ་ལྔ་ཡུལ་ལྔ་ལས་དབང་ལྔ་མཆོག་གི་དབང་པོ་སྟེ་བཅུ་དྲུག་འབྱུང་བ་ནི་རྣམ་འགྱུར་ཁོ་ན། ཉེར་ལྔ་པ་ཤེས་རིག་གི་སྐྱེས་བུ་ནི། ལོངས་སྤྱོད་པ་པོ་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པ་སྟེ། ངོ་བོ་ཉིད་དང་བྲལ་བའོ་ཞེས་བཤད་པའོ། །གཉིས་པ་ནི། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་གཙོ་བོ་རྟག་པ་བ་གཅིག་པུ་ཆ་མེད་ནི་རང་བཞིན་ཁོ་ན། དེ་ལས་བློའམ་ཆེན་པོ་ཞེས་བྱ་བ་འདོད་དེ་མེ་ལོང་ངོས་གཉིས་པ་ལྟ་བུ། དེ་ལས་ང་རྒྱལ་དེ་ལ་རྡུལ་མུན་སྙིང་སྟོབས་ཤས་ཆེ་བ་གསུམ་འབྱུང་རྡུལ་ཤས་ཆེ་བ་ལས་གང་ཡང་མི་འབྱུང་། མུན་པ་ཤས་ཆེ་བ་ལས་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ། དེ་ལས་ནམ་མཁའ་ས་ཆུ་མེ་རླུང་སྟེ་འབྱུང་བ་ལྔ། སྙིང་སྟོབས་ཤས་ཆེ་བ་ལས་དབང་པོ་ལྔ། ལས་དབང་ལྔ། གཉིས་ཀའི་དབང་པོ་ཡིད་དང་བཅུ་གཅིག་འབྱུང་། དེ་ལྟར་ན་བློ་ཡི་ཆེན་པོ་འབྱུང་། ང་རྒྱལ་དང་དེ་ཙམ་ལྔ་སྟེ་བདུན་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་སྟེ་གཞན་ལས་བྱུང་ཞིང་གཞན་བསྐྱེད་པས་སོ། །དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་སྟེ། གཞན་ལས་བྱུང་ཞིང་གཞན་མི་བསྐྱེད་པས་སོ། །ཤེས་རིག་ནི། རིག་པ་གཅིག་པུ་ཆ་མེད་ཟ་བ་པོ་རང་བཞིན་དང་རྣམ་འགྱུར་གང་ཡང་མ་ཡིན་པ་སྟེ་འདི་ཁོ་ན་ཤེས་རིག་ཡིན་ལ། གཞན་ཐམས་ཅད་བེམ་པོར་འདོད་དོ། །མཐུན་ཚུལ་ལ་ཕྱི་མཐུན་ཚུལ་ནི། ཁམས་ལེའི་ཚིགས་བཅད་གཉིས་པའི་འགྲེལ་པར་གསུངས་ཏེ། ནམ་མཁའི་ནི་གཙོ་བོ། ས་ཆུ་མེ་རླུང་དང་མིང་། ཟླ་ཉི་སྒྲ་གཅན་ཡིད་བློ་ང་རྒྱལ་གསུམ། གཟའ་ལྔ་ནི་དབང་པོ་ལྔ། ཡུལ་ལྔ་རང་མིང་། རོ་དྲུག་ནི་ལས་དབང་དྲུག་ཏུ་གསུངས་ལ། ཤེས་རིག་གི་མཚུངས་ཆོས་ལ་སྦྱར་མོད་ཀྱི། ཕྱི་རོལ་སྟོང་པ་གཅིག་པུ་ལྟ་བུ་ལ་སྦྱོར་བར་མངོན་ནོ། །འདིར་ནང་ལ་སྦྱར་ན། མངལ་དང་བཙས་པའི་གནས་སྐབས་ཀུན་གྱི་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའི་ཐིག་ལེ་འགྱུར་མེད་ནི་གཙོ་བོ་སྟེ་ནམ་མཁའི་ཁམས་ཞེས་ཀྱང་བྱའོ། །ས་སོགས་བཞི་དང་། ཡོན་ཏན་གསུམ་དང་བཅས་པའི་ཡིད་རྟོག་བཅས་དང་། ཞེན་པས་བསྡུས་པའི་ཤེས་རིག་ནི་བློ། མངོན་པའི་ང་རྒྱལ་སོགས་ཁེངས་པའི་ཆ་ནི་ང་རྒྱལ། དབང་པོ་ལྔ་དང་ལས་དབང་ལྔ་དང་ཡུལ་ལྔ་དང་མཆོག་གི་དབང་པོ་རྣམས་ནི་རྣམ་འགྱུར་བཅུ་དྲུག སེམས་ཀྱི་རང་བཞིན་འོད་གསལ་ནི་ཤེས་རིག་ཏུ་གསུངས་ཏེ། དེ་ལྟར་ལུས་ཀྱི་ཆོས་འདི་དག་ནི། རང་བཞིན་དང་སྐྱེས་བུའི་ཚུལ་དུ་གནས་པར་བརྗོད་དོ། །གཉིས་པ་ལ་མཚན་ཉིད་མཚུངས་པ་དང་། གྲངས་སོགས་མཚུངས་པར་གནས་ཚུལ་ལོ། །དང་པོ་ནི། ལུས་ཀྱི་སྲ་གཤེར་ཚ་ཡང་རྣམས་ནི། ཕྱིའི་ས་ཆུ་མེ་རླུང་། བུག་པ་ནི་ནམ་མཁའ། སྒལ་ཚིགས་མཐའ་དག་ནི་རི་རབ། ལྕེ་ཆུང་གི་བདུད་རྩི་ནི་ཆར་པ། རྒྱུ་མ་འཁྲོག་པའི་སྒྲ་ནི་རྡོ་རྗེའི་སྒྲ་སྟེ་འབྲུག གསང་བ་ནི་འཇའ་ཚོན་སོགས་ཏེ། གཞན་ཡང་མདོག་དབྱིབས་སོགས་ཀྱི་མཚན་ཉིད་ཇི་ལྟར་མཚུངས་པ་རྣམས་ཏེ། ལུས་འདི་ཕྱི་འཇིག་རྟེན་ཁམས་དང་མདོག་དབྱིབས་མཚུངས་པར་གནས་ཞེས་པའོ། །གཉིས་པ་ནི། དབུགས་སོགས་ཆུ་ཚོད་སོགས་དང་མཚུངས་པར་གནས་ཏེ། ནང་གི་དབུགས་རེ་རེ་ནི་ཕྱིའི་ཆུ་ཚོད་རེ་རེ་དང་མཚུངས་ཏེ། དབུགས་ཟུང་དགུ་བརྒྱ་ཉིས་འགྱུར་ཞེས་པ་ཉིས་འགྱུར་ཏེ། འབྱུང་འཇུག་ཟུང་རེ་དབུགས་གཅིག་ཏུ་བགྲངས་པའི་སྟོང་བརྒྱད་བརྒྱ་ལ་ཆུ་ཚོད་ལྔ་ཡོང་ཞིང་ཆུ་ཚོད་ལྔ་ལྔ་ལ་ནང་གི་གཡས་གཡོན་གྱི་འཕོ་ཆེན་རེ་རེ་ཡོང་བ་བཞིན་དུ་ཕྱིའི་ཆུ་ཚོད་སྟོང་བརྒྱད་བརྒྱ་ལ་ཞག་དྲུག་ཚན་ལྔ་ལྔ་སྟེ་འཕོ་ཟླ་གཅིག་སོང་བས་སོ། །དེ་ལྟར་ན་ནང་གི་འཕོ་ཆེན་བཅུ་གཉིས་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པས། ཞག་རེ་ལ་ནང་གི་ལོར་འཇོག་པ་བཞིན་དུ་ཕྱིའི་འཕོ་ཟླའམ་ཁྱིམ་ཟླ་བཅུ་གཉིས་ལ་ཆུ་ཚོད་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱར་ཡོང་བས་ཕྱིའི་ལོ་གཅིག་རྫོགས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།