ངོས་དང་པོ > ཆོས་ལུགས། > ཆོས་ལུགས་རིག་གནས། > དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།
དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།
རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-19 10:51:00
ཀློག་གྲངས།:
ཁྱིམ་བཅུ་གཉིས་སམ་ཞག་སུམ་བརྒྱ་དྲུག་ཅུ་ནི། ཚིགས་ཆེན་བཅུ་གཉིས་ཀྱི་རྩ་ལ་གསལ་བྱེད་སུམ་ཅུ་ལ་དབྱངས་བཅུ་གཉིས་ཞུགས་པས་དང་། ཟླ་བ་ནི་དཀར་ཆ་ལ་ཐིག་ལེ་དང་ཉི་མ་ནི་དམར་ཆ་ལ་ཚེག་དྲག་དང་། སྒྲ་གཅན་ནི་རྣམ་ཤེས་ལ་གཞོམ་མེད་ཀྱི་ཧ་དང་། ལྷུན་པོ་ནི་ལྟེ་བ་ནས་གསང་བའི་བར་ལ་མིང་ཡིག་དང་པོ་མེ་རུའི་སྲོག་ཨེ་ཡིག་གིས་དང་། གདེངས་ཅན་དང་མི་དང་ལྷ་རྣམས་ཀྱི་གནས་ནི་བླ་མ་དམ་པས་དཔྲལ་མགྲིན་སྙིང་ག་ཞེས་གསུངས་པ་ལྟར། ཡང་ན་ལུས་ཀྱི་སྨད་དང་བར་དང་སྟོད་ཀྱི་ཆ་རྣམས་ལ་ཨོཾ་ཨཱཿཧཱུྃ་གིས་དང་། འཁྱོག་པོ་ནི། ཁྱིམ་ལ་ཡོན་པོར་རྒྱུ་བའི་གཟའ་བཅུ་པོ་རྣམས་ཏེ། སྙིང་གའི་གཡས་གཡོན་གྱི་རྩ་བཅུ་ལ་སྔར་ཟུང་བདུན་དུ་བརྗོད་པའི་ས་བོན་རྣམས་ཀྱིས་དང་། སྐར་མ་ནི། མགྲིན་པའི་རྩ་སོ་གཉིས་ལས་ཉེར་བརྒྱད་ལ་སྦྱོར་དགོས་པར་གསལ་ལ། ཡི་གེ་མ་བཤད་ཀྱང་གཟའི་ཡི་གེ་རྣམས་ཀྱིས་སྟོན་པར་བཅས་ཞེས་པའི་ཚིག་ཟུར་གྱིས་ཤེས། འཕོ་བ་དང་ཟླ་བ་བཅུ་གཉིས་ནི་གསལ་བྱེད་སྡེ་པ་དྲུག་ཐུང་རིང་དུ་ཕྱེ་བས་དང་། ཕྱོགས་ཉེར་བཞི་ནི་དེའི་ཕྱེད་ཀྱི་དང་། ཉིན་མཚན་སུམ་བརྒྱ་དྲུག་ཅུ་ནི་སྡེ་པ་དྲུག་ལ་དབྱངས་ཐུང་ངུ་དྲུག་དང་རིང་པོ་དྲུག་གིས་བསྒྱུར་བས་ཤེས་པར་བྱ་ལ། ནང་གི་འཕོ་བ་བཅུ་གཉིས་ནི། གསལ་བྱེད་ཟླ་བ་དྲུག་ཀྱང་དེ་ཉིད་ལ་བྱ་ཞིང་ཕྱོགས་ཉི་ཤུ་རྩ་བཞི་ནི། རླུང་དགུ་བརྒྱ་པ་རེ་དང་། ཞག་ནི། རླུང་དྲུག་ཅུ་པ་རེ་ལ་བྱེད་དགོས་པར་གསལ་ལོ། །ཕྱི་ནང་གཞན་གསུམ་ཕྱོགས་གཅིག་ཏུ་སྦྱར་བ་ནི། ཡེ་ཤེས་ལེའུའི་རེ་གཅིག་པ་སོགས་ཀྱིས་བཤད་དེ། སྐྲ་དང་བ་སྤུ། ཕྱིའི་ནམ་མཁའ་དང་། གཞན་གྱི་ཀ་སྡེ་དང་རབ་དགའ། ཤ་དང་པགས་པ་རླུང་གི་དཀྱིལ་འཁོར་དང་། ཙ་སྡེ་དང་དྲི་མ་མེད་པ། ཁྲག་ཕྲ་རགས་གཉིས་མེའི་དཀྱིལ་འཁོར། ཊ་སྡེ་འོད་བྱེད། རྔུལ་དང་དྲི་ཆུ་ཆུའི་དཀྱིལ་འཁོར་དང་། པ་སྡེ་དང་འོད་འཕྲོ། རྐང་དང་རུས་པ་སའི་དཀྱིལ་འཁོར་དང་། ཏ་སྡེ་དང་སྦྱང་དཀའ་བ། རྩ་དང་རླུང་བཅུ་བརྟན་པའི་འཇིག་རྟེན་དང་། ས་སྡེ་དང་མངོན་དུ་གྱུར་བ། དུང་ཅན་མ་སྒྲ་གཅན་གྱི་མཇུག་མ་ནི་གཡོ་བའི་འཇིག་རྟེན་དང་། ལ་ཝ་ར་ཡ་ཧ་དང་རིང་དུ་སོང་བ། ཨ་ཝ་དྷུ་ཏཱི་ནི་སྒྲ་གཅན་དང་། ཨལ་ཨོ་ཨར་ཨ་ཨ་དང་མི་གཡོ་བ། རོ་མ་ནི་ཉི་མ་དང་། ཨ་ཨི་རྀ་ཨུ་ལི་དང་ལེགས་བློ། རྐྱང་མ་ནི་ཟླ་བ་དང་། ཧཿཨ་ཆོས་ཀྱི་སྤྲིན་རྣམས་དང་སྦྱར་ནས་གསུངས་པའི་མཐར། ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ན་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་། གོང་རྣམ་བཅུ་དབང་ལྡན་གྱི་སྐབས་སུ་བཤད་ཟིན་པ་ལྟར་རྡོ་རྗེའི་ལུས་ལ་ཤིན་ཏུ་གུས་པར་བྱ་སྟེ། འདི་དག་ནི་དལ་འབྱོར་རྙེད་དཀའི་ཆོས་སྐོར་མང་དུ་བཤད་པ་ཐམས་ཅད་ཀྱང་ཞར་ལ་ལྷག་དང་བཅས་པ་འགྲུབ་པའི་བཤད་པའོ། །དེ་ལྟར་ཁམས་བཅུའི་ནང་ནས་དང་པོ་ལྔ་སོ་སོར་བགྲངས་ཏེ། ནམ་མཁའ་རླུང་མེ་ཆུ་སའི་ཁམས་དང་། ཕྱི་མ་གཅིག་ཏུ་བགྲངས་ནས་ཡེ་ཤེས་ཀྱི་ཁམས་ཞེས་གཅིག་ཏུ་བྱས་པས་ཁམས་དྲུག་པོ་འདི་ནི་མངལ་སྐྱེས་ཀྱི་ལུས་འདི་ལ་འགྲུབ་ལ། དེ་ཡང་ཕ་མ་དང་རང་གིས་རོ་དྲུག་ཟོས་ཤིང་འཐུངས་པ་དག་གི་རྐྱེན་གྱིས་མ་གྲུབ་པ་གྲུབ་པ་དང་། གྲུབ་ཟིན་གནས་པར་འགྱུར་རོ། །རོ་དྲུག་ནི་ལན་ཚྭ་ས། མངར་བ་ཆུ། ཚ་བ་མེ། ཁ་བ་རླུང་། བསྐ་བ་ནམ་མཁའ། སྐྱུར་བ་ཡེ་ཤེས་ཀྱི་ཁམས་རྣམས་སོ། །རོ་དྲུག་རྣམས་ཀྱང་ནམ་མཁའ་རླུང་མེ་ཆུ་ས་སྟེ་འབྱུང་བ་ལྔ་ལས་གྲུབ་པ་ལས། འབྱུང་བའི་ཚོགས་ཀྱང་སྔར་ལེའུ་དང་པོའི་ཚིགས་བཅད་བཞི་པར་བརྗོད་པའི་ནམ་མཁའི་མིང་ཅན་སྟོང་པའི་རྡུལ་ལས་འབྱུང་ལ། སྟོང་པ་དེ་ལ་ཡེ་ཤེས་ཀྱི་མིང་ཅན་སེམས་ཅན་རྣམས་ཀྱི་ལུས་ལ་ཁྱབ་བྱེད་དུ་གནས་པའི་རྣམ་ཤེས་བསྲེས་པ་འདི་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པའི་བར་དོ་དང་གཟུགས་མེད་ཀྱི་སེམས་ཅན་ཡང་འདི་དང་ལྡན་ནོ། །འདི་ནི་ཀུན་རྫོབ་པའི་ཚུལ་གྱིས་གནས་པར་འདིའི་འགྲེལ་པར་གསུངས་ནས། ཡང་སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་མེད་རྟག་པར་རྩ་བས་གསུངས་པ་འདི་ནི། གཙོ་བོར་བསྒོམས་པའི་སྟོབས་ཀྱིས་གྲུབ་པའི་སྟོང་གཟུགས་གཟུང་བྱ་འཛིན་བྱེད་ཀྱི་སེམས་ལ་དགོངས་པ་སྟེ། འདི་ལ་རོ་མཉམ་དང་འགྱུར་མེད་དང་བརྟག་པའི་དོན་རྫོགས་པར་ཚང་བས་སོ་སྙམ་དུ་དགོངས་སོ། །དེ་ཡང་རྟག་པའི་དོན་ནི་སྒྲིབ་བྲལ་དུ་གསུངས་སོ། །དེ་ཡང་རང་གི་ངོ་བོ་སྒྲིབ་པ་མེད་པའམ་འཕོ་བའི་སྒྲིབ་པ་མེད་པ་ལ་དགོངས་ཤིང་། རོ་མཉམ་དབྱེར་མེད་ལ་འདིར་ངོས་འཛིན་མ་མཛད་ཀྱང་གནས་སྐབས་གཞན་ནས་འབྱུང་བ་བཞིན། གཟུང་བྱ་འཛིན་བྱེད་ངོ་བོ་གཅིག་པ་དང་། རྒྱུན་འགྱུར་མི་སྲིད་པ་ལ་དགོངས་སོ། །འདི་དག་གིས་ནི་གཞི་ལ་སྟོང་གཟུགས་ཡུན་དང་བཅས་པ་ཡོད་པར་བསྟན་ཏེ། གཞི་ལ་མེད་པ་ལམ་སྟོབས་ཁོ་ནས་བྱུང་ན་གློ་བུར་བར་སོང་བས་འགྱུར་བཅས་དང་རྒྱུན་མི་རྟག་པར་འགྱུར་རོ། །དེ་ལྟར་འབྱུང་བས་རོ་དྲུག་གིས་ཁམས་དྲུག་བསྐྱེད་ཚུལ་ལ་ཡང་མའི་པདྨར་གནས་པའི་ཁུ་རྡུལ་རྣམ་ཤེས་གསུམ་འདུས་པའི་གོང་བུ་དེ་ལ་མའི་ས་སོགས་འབྱུང་བ་རྣམས་ཀྱིས་སྲ་བ་དང་སྡུད་པ་དང་སྨིན་པ་དང་འཕེལ་བ་དང་འཕེལ་བའི་གོ་སྐབས་སྦྱིན་པར་བྱེད་ལ། ས་བོན་ཁོ་རང་གི་སྟེང་གི་ས་སོགས་ལྔས་ཀྱང་བྱ་བ་དེ་དག་བྱས་ནས་མཐར་ལྷ་ཁྱབ་འཇུག་གི་གནས་སྐབས་བཅུ་བསྐྱེད་པར་གསུངས་སོ། །འདིར་ས་བོན་རང་ལ་མངལ་གྲུབ་ཙམ་ནས་རླུང་བཅུ་ཡོད་པར་གསུངས་པ་དང་། འོག་ནས་ཟླ་བ་བདུན་གྱི་བར་དུ་རླུང་བཅུ་མི་འགྲུབ་པར་བཤད་པ་འགལ་ལོ་ཞེ་ན། འདིར་ནང་གི་ཕྱིའི་རླུང་གིས་ལུས་མི་འཇིག་པར་འཛིན་པ་སོགས་ལ་དགོངས་ལ་འོག་ནས་རྩ་ནང་དུ་འགྲུབ་པའི་ནང་གི་རླུང་ལ་དགོངས་པས་མི་འགལ་ལོ། །འདིར་ཁྱབ་འཇུག་གི་འཇུག་པ་བཅུ་ནི་གནས་སྐབས་བཅུ་ལ་སྦྱར་བ་སྟེ། དེའང་དགའ་བོ་མངལ་གནས་དང་ཚེའི་མཐའི་མདོ་ལས་བཙས་པའི་གནས་སྐབས་རྐྱང་པ་ལ། གནས་སྐབས་བཅུ་སྦྱར་བ་ལྟ་བུ་ཡང་མ་ཡིན། མངོན་པ་ལས་མངལ་གྱི་ལྔ་དང་བཙས་པའི་ལྔ་སྟེ་བཅུ་གསུངས་པ་ལྟ་བུ་ཡང་མ་ཡིན་པ་ཞིག་འདིར་གསུངས་ཏེ། དེ་ཡང་སྦྱར་བྱ་འཇུག་པ་བཅུ་ཚངས་པའི་དྲང་སྲོང་གདུག་པ་ཅན་གྱིས་བྱིས་པ་རྣམས་བསླུ་བའི་དོན་དུ་བཀོད་པར་བཟུང་བ་རྣམས་ནི་ལྷ་ཆེན་ཁྱབ་འཇུག་གིས་སྔོན་རིག་བྱེད་བཞི་པོ་རྒྱ་མཚོར་ཤོར་བ་ན། ཉ་རུ་སྤྲུལ་ནས་བཏོན་ཏེ་ལྷ་རྣམས་ལ་བྱིན་པས་དྲིན་ཆེ། དེ་བཞིན་དུ་ས་འཛིན་ལག་པ་ཆེན་པོས་ས་གཞི་འདེགས་མ་ནུས་པས་རུས་སྦལ་དུ་སྤྲུལ་ནས་བཏེག ས་གཞི་རྒྱ་མཚོར་ཤོར་བ་ཕག་ཏུ་སྤྲུལ་ནས་བཏོན། དགྲ་ངན་དང་སྐྱ་སེང་གཡུལ་འགྱེད་པའི་ཚེ། དྲང་སྲོང་ཡ་མད་ཨགྣིའི་བུ་དྲང་སྲོང་རཱ་མ་ཎར་སྐྱེས་ནས་སྲིད་སྒྲུབ་ལ་སོགས་པའི་རྒྱལ་རིགས་བྱེད་ཕྲག་བརྒྱ་བསད། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རྒྱལ་རིགས་རཱ་མ་ཎར་སྐྱེས་ནས་སྲིན་པོ་བཏུལ། ནག་པོར་སྐྱེས་ནས་ཆུ་བོ་ཡ་མུན་ལས་ཆུ་དྲངས་ནས་ཆུ་བྲན་ཐམས་ཅད་བཟོས། ས་ཐམས་ཅད་ཐོང་གཤོལ་གྱིས་རློག་ནས་འབྲུ་བཏབ། མིའི་སེང་གེར་སྐྱེས་ནས་ལྷ་མིན་གྱི་རྒྱལ་པོ་འགྲོ་སྐྱོང་གསེར་ཅན་བསད། མིའུ་ཐུང་དུ་བརྫུས་ནས་ལྷ་མིན་གྱི་རྒྱལ་པོ་སྟོབས་ལྡན་གཡོ་སྒྱུས་བསླུས། སངས་རྒྱས་སུ་སྤྲུལ་ནས་དགྲ་ངན་དཔུང་ཚོགས་བཅུ་གཉིས་བསད་པའི་སྒྲིབ་སྦྱོང་གི་ཆོས་བསྟན། བྲམ་ཟེ་གྲགས་པའི་བུར་སྐྱེས་ནས་རིགས་བཞི་པོ་ཐམས་ཅད་བྲམ་ཟེའི་རིགས་ལྡན་དུ་བྱས་ཞེས་ལྷ་ལས་ཕུལ་བྱུང་གི་འགྲེལ་པར་བཤད་དོ། །ཚིགས་བཅད་དུ་བྱས་ན། ཉ་དང་རུས་སྦལ་ཕག་པ་དང་། །རཱ་མ་གཉིས་དང་ནག་པོ་དང་། །མི་ཡི་སེང་གེ་མི་འུ་ཐུང་། །སངས་རྒྱས་རིགས་ལྡན་དེ་ལྟར་བཅུ། །ཉ་རུ་སྤྲུལ་ནས་རིགས་བྱེད་བཏོན། །རུས་སྦལ་གཟུགས་ཀྱིས་འཇིག་རྟེན་བཏེག །ཕག་རྒོད་མཆེ་བས་ས་གཞི་བཏོན། །དྲང་སྲོང་རཱ་མས་རྒྱལ་རིགས་བསད། །རྒྱལ་རིགས་རཱ་མས་སྲིན་པོ་བཏུལ། །ནག་པོས་ཆུ་དྲངས་འབྲུ་རྣམས་བཏབ། །མི་ཡི་སེང་གེས་གསེར་ཅན་བསད། །མི་འུ་ཐུང་གིས་སྟོབས་ལྡན་བསླུས། །སངས་རྒྱས་སྤྲུལ་ནས་སྒྲིབ་སྦྱོང་བསྟན། །གྲགས་པས་རིགས་ཀུན་བྲམ་ཟེར་བྱས། །ཞེས་བྱའོ། །དེ་ལྟར་བཅུ་པོ་དེའི་ཐ་སྙད་སྒོ་བསྟུན་པའི་ཕྱིར་དུ་གནས་སྐབས་བཅུ་ལ་སྒྲོ་བཏགས་བཞི་ཡོད་པས་སྦྱར་ལ། དོན་ནི་མཆོག་མི་འགྱུར་དུ་རྒྱས་པར་འགོག་པར་མཛད་དོ། །སྦྱོར་ཚུལ་ཡང་། མངལ་གྱི་གནས་སྐབས་ཀྱི་ཟླ་བ་དང་པོ་གཉིས་ལ་ཉ་དང་དབྱིབས་མཐུན། དེ་ནས་ཟླ་བ་གཉིས་ལ་འབུར་པོ་ལྔ་ཅུང་ཟད་དོད་པས་རུས་སྦལ། དེ་ནས་ཟླ་བ་ལྔ་དང་དྲུག་ལ་སོགས་པ་ལ་ཕག་པའི་དབྱིབས་སུ་གནས་པས་ཏེ་མངལ་ལ་གསུམ། བཙས་པའི་སྐབས་ནི་མིའི་སེང་གེ་སྟེ། རླུང་གི་ནུས་པས་རྩལ་ཆེན་པོས་སྐྱེ་གནས་ཀྱི་སྒོ་འབྱེད་པས་སོ། །དེ་ནས་བྱིས་པའི་གནས་སྐབས་ལ་གཉིས་ཏེ། སོ་མ་སྐྱེས་ཀྱི་བར་དུ་མི་འུ་ཐུང་སྟེ་དབྱིབས་མཐུན་པས་སོ། །སོ་སྐྱེས་ནས་ལྷུང་བའི་བར་ལ་དགྲ་སྠྭ་རཱ་མ་ཎ་རྒྱལ་རིགས་གསོད་པ་དང་འདྲ་བར་མི་བདག་གཉིས་ལྷུར་བར་བྱེད་པས་སོ། །གཞོན་ནུ་ལ་གཅིག་སྟེ། སོ་ཕྱི་མ་སྐྱེས་ནས་ལོ་བཅུ་དྲུག་གི་བར་དུ་ལྷ་རཱ་མ་ཎ་སྟེ་སོ་གཉིས་པ་རྣམས་ལྟུང་བར་བྱེད་པས་སོ། །ལང་ཚོ་ལ་གཅིག་སྟེ། ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་ཀྱི་བར་ལ་ནག་པོ་སྟེ་ལུས་རྩལ་སེམས་དུལ་འཛོམ་པས་གཡོ་སྒྱུའི་ལས་བྱེད་པས་སོ། །ལྷ་རཱ་མ་ཎ་དང་ནག་པོ་འདི་གཉིས་ལ་རྒྱས་པ་དང་པོ་དང་གཉིས་པ་ཞེས་བཤད་དོ། །རྒན་པོ་ལ་གཅིག་སྟེ། སྐྲ་དཀར་ནས་འཆི་བའི་བར་ལ་སངས་རྒྱས་ཞེས་བྱ་སྟེ། བུད་མེད་ལ་ཆེར་མི་སྦྱོར་བས་ཚངས་པར་སྤྱོད་པ་དང་ལུས་སེམས་ཀྱི་རྩལ་ཉམས་པས་ཞི་བར་གནས་པས་སོ། །འཆི་ཁར་རགས་ལྡན་ཏེ། ཁམས་རགས་པ་ཐམས་ཅད་རྣམ་ཤེས་ཀྱི་ཁམས་གཅིག་ལ་སྡུད་པས་སོ། །གཉིས་པ་ལ། མངལ་ཆགས་ནས་སྐྱེ་ཚུལ། སྐྱེས་པ་འཕེལ་ཚུལ། འཕེལ་ནས་གནས་ཚུལ། གནས་པ་འཇིག་ཚུལ། འཇིག་པ་བསྲུང་ཚུལ་ལོ། །དང་པོ་ལ། མངལ་འགྲུབ་ཚུལ། མདོར་བསྟན། བདེན་པ་དང་སྦྱར་ནས་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་ཕ་མའི་ཁུ་ཁྲག་གི་རྣམ་འགྱུར་ལས། རྡོ་རྗེ་སྙིང་འགྲེལ་ལྟར་ན་ནང་གི་སྐྱེ་བདུན་འགྲུབ་སྟེ། བཅུད་དང་། ཁྲག་དང་། ཤ་དང་། པགས་པ་དང་། རྩ་དང་། རུས་པ་དང་རྐང་རྣམས་སོ། །འགྲེལ་ཆེན་ལྟར་ན་ནང་གི་མཛོད་དྲུག་སྟེ། ཁུ་བ་ལས་ནི་རྐང་དང་རུས་པ་རྒྱུད་པ། རྔུལ་ལས་པགས་པ་ཁྲག་དང་ཤ་རྣམས་ཏེ། མཛོད་དྲུག་པོ་འདི་ནི་སྡོམ་འབྱུང་དང་སམྦུ་ཊིར་ཡང་འདི་ཇི་བཞིན་དུ་བཤད་དོ། །བྱེ་བྲག་ཏུ་ནི་མངལ་བཟུང་བའི་ཟླ་བ་དང་པོ་ལ་ཁུ་ཁྲག་འདྲེས་པ་བདུད་རྩི་ལྔའི་རོ་དང་ལྡན་པར་འགྱུར་ཏེ། ཁུ་བ་ལ་རྐང་དང་དྲི་ཆུ་གཉིས། ཁྲག་ལ་བཤང་བ་སྟེ་དེ་རྣམས་སོ་སོར་ཕ་མ་ལས་ཐོབ་བོ། །འོ་ན་བཤང་གཅི་ཟླ་བ་བརྒྱད་པའི་བར་དུ་མི་འབྱུང་བར་བཤད་པ་ཅི་ཞེ་ན། ཕྲ་རགས་ཀྱི་ཁྱད་པར་ཡིན་ཅིང་། སྔ་མ་ཕ་མའི་དང་ཕྱི་མ་རང་གི་ཡིན་གསུངས་སོ། །ཟླ་བ་གཉིས་པ་ལ་ཉའི་རྣམ་པ་གསལ་པོར་འགྱུར་ཞིང་། ཟླ་སྟོད་ལ་སྙིང་གའི་རྩ་བརྒྱད་དང་སྨད་ལ་ལྟེ་བའི་རྩ་རྣམས་སྐྲ་རྩེ་ལྟར་ཕྲ་བ་གྲུབ་བོ། །ཟླ་བ་གསུམ་པ་ཡན་ལག་གི་འབུར་པོ་ལྔ་ཅུང་ཟད་དོད་པ་དང་། བཞི་པ་ལ་མཉམ་པོར་དོད་ཅིང་རྩ་ཕྲ་མོ་རྣམས་མགྲིན་དཔྲལ་གསང་བའི་རྩ་ཕྲ་མོའང་འགྲུབ་བོ། །ཟླ་བ་དེ་གཉིས་རུས་སྦལ་གྱི་དབྱིབས་སོ། །ཟླ་བ་ལྔ་པ་ལ་ཤ་དང་ཁྲག་སོ་སོར་འབྱེད་ཅིང་སྐྱེ་མཆེད་རྣམས་རྩོམ་པ་དང་། རུས་པ་སུམ་བརྒྱ་དྲུག་ཅུར་སོ་སོར་འགྱེས་ཏེ། དགའ་བོ་མངལ་གནས་ལས། མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བ་དེ་བཞིན་ནོ། །རྣ་རྩ་གཉའ་བའི་རུས་པ་དང་། །རྒན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་བྱིན་པ་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །འདི་ཡི་གྲངས་ཀྱི་ཆ་བཞི་འགྱུར། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེ་བ་ནི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །ཕན་ཚུན་དུ་ནི་གསུམ་གསུམ་འབྲེལ། །གཉིས་གཉིས་དག་ནི་ཚིགས་ཆེན་ཏེ། །ལྷག་མ་དག་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །བསྡུས་ན་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་གསུངས་པ་རྣམས་སོ། །དེ་བཞིན་དུ་ཚིགས་སུམ་བརྒྱ་དྲུག་ཅུ་ཡང་འགྲུབ་པར་གསུངས་ལ། སྒྲུབ་ལེར་ཚིགས་སུམ་བརྒྱ་དྲུག་ཅུ་གསུངས་པ་ནི་དུས་འཁོར་གྱི་ཕྱག་ཉི་ཤུ་རྩ་བཞིའི་སོར་མོའི་ཚིགས་གྲངས་ཡིན་ལ་འདི་ནི་རུས་པ་སུམ་བརྒྱ་དྲུག་ཅུ་པོ་སྤེལ་བའི་ཚིགས་ཡིན་པས་གཅིག་ཏུ་མི་བཟུང་ངོ་། །ཟླ་བ་དྲུག་པ་ལ་ཤ་ཁྲག་རགས་པ་དང་ཚོར་བ་བདེ་སྡུག་འབྱུང་ཞིང་སྔོན་གནས་རྗེས་སུ་དྲན་པ་ལྟ་བུ་འབྱུང་ངོ་། །བདུན་པ་ལ་སྨིན་མ་སྤུ་སྐྲ་བུག་པ་རྐང་ལྕེ་དང་ལྕེའི་རྣམ་ཤེས་རྩ་ནང་གི་རླུང་ཕྲ་མོ་སོགས་འབྱུང་། བརྒྱད་པ་ལ་བཤང་གཅི་ཕྲ་མོ་འབྱུང་། ཟླ་བ་དང་པོའི་ཁུ་ཁྲག་ལ་བཤང་གཅི་ཚང་བར་བཤད་པ་ཕྲ་མོའི་ཕྲ་མོ་དྭངས་མ་ལ་བྱ། ཟླ་བ་དགུ་པ་དང་ཁ་ཅིག་ལ་བཅུ་པ། ཁ་ཅིག་ལ་བཅུ་གཅིག་པའམ་བཅུ་གཉིས་པའི་མཐར་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་བཙིར་བའི་སྡུག་བསྔལ་དྲག་པོ་འབྱུང་ངོ་། །ཟླ་བ་གཉིས་པའི་རྩ་ཕྲ་མོ་རླུང་གི་རྟེན་བྱེད་པར་བཤད་པ་ནི། འཆད་འགྱུར་གྱི་ཟླ་བ་བདུན་པ་ནས་རྒྱུ་བའི་རླུང་གི་རྟེན་བྱེད་འགྱུར་ལ་དགོངས། མངལ་ཟླ་གཉིས་པའི་འགོ་ཟུག་པའི་ཉིན་ཞག་ནས་བཟུང་སྟེ་རྩ་འཁོར་རྣམས་ཀྱི་གྲངས་ལ་མི་གཏོགས་པའི་རྩ་ཕྲ་མོ་ཞག་རེ་ལ་ཉིས་བརྒྱ་རེ་འཆགས་ལ་དེ་ནས་བགྲངས་པའི་མངལ་གྱི་བར་དང་། མངལ་ཐོན་ནས་ཀྱང་རུང་སྟེ་ཞག་སུམ་བརྒྱ་དྲུག་ཅུ་ལ་རྩ་བདུན་ཁྲི་ཉིས་སྟོང་རྫོགས་པར་འཆགས་སོ། །ཡང་མངལ་དུ་ཇི་སྲིད་གནས་པའི་བར་ལ་མངོན་ཤེས་ལྔ་དང་ལྡན་ཞེས་བཤད་པ་ནི། དུས་འཁོར་བ་འདི་སོ་སྐྱེ་ལ་མངོན་ཤེས་མེད་པར་འདོད་པ་དང་། མངལ་དུ་མངོན་ཤེས་ཡོད་པ་འགལ་ཞེ་ན། སོ་སྐྱེ་ལ་མེད་པ་ནི། ཕར་ཕྱིན་ཐེག་པའི་སོ་སྐྱེ་ལ་སྔགས་ཀྱི་མངོན་ཤེས་ལྔ་མེད་པ་ལ་དགོངས་ལ་མངལ་ན་ཡོད་པར་བཤད་པ་ནི་མངལ་གྱི་རིང་ལ་རླུང་དབུ་མ་ནས་ཀྱང་མི་རྒྱུ་བར་གནས་པས་མངོན་ཤེས་ཆ་མཐུན་ཡོད་པ་ལ་དགོངས་པས་སྐྱོན་མེད་དོ། །མངལ་གྱི་གནས་སྐབས་ལ་མངོན་བྱང་བཞི་ཡང་ཚང་བར་བཤད་དེ། དང་པོར་བདེ་བས་བརྒྱལ་བ་སྐད་ཅིག་གཅིག འབུར་པོ་ལྔ་དོད་རྣམ་པ་ལྔ། སོར་མོ་ཉི་ཤུ་དོད་པ་རྣམ་པ་ཉི་ཤུ། ཕྱིར་བཙའ་སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པའོ། །ཕག་པའི་གནས་སྐབས་ནས་བཙའ་ཁ་བར་ལ་སྦྱོར་ན། བདུན་པ་ནས་སྐྱེ་བའི་ཉིན་ཞག་གི་བར་དུ་མིའི་སེང་གེ་ལ་རབ་ཏུ་སྐྱེ་ཞེས་པ་དང་འགལ་ཞེ་ན། བར་དུའོ་ཞེས་པའི་རྫོགས་ཚིག་ཆད་པའི་འགྱུར་སྐྱོན་ཡིན་གྱི། གཞན་དུ་ན་འོག་ཏུ་ཟླ་བ་དགུ་པ་རྫོགས་པར་གྱུར་པའམ། ཁ་ཅིག་ཏུ་བཅུ་པའམ་བཅུ་གཅིག་པའམ་བཅུ་གཉིས་པ་ལ་ཕག་གི་དངོས་པོའི་མཇུག་ཏུ་མངལ་དྲག་པོར་འགྱུར་ཞེས་པ་དང་འགལ་ལོ། །འོ་ན་ཁྱོད་ཀྱིས་འདིར་བཤད་པའི་ཟླ་གྲངས་ལ་རྩ་འཆགས་ཚུལ་དང་འོག་གི་སྒྲུབ་ལེར་སྦྱང་གཞི་དང་སྦྱར་བའི་སྐབས་མ་མཐུན་པས་སྐྱོན་ཡོད་དོ། །ཞེ་ན་སྐྱོན་མེད་དེ། འདིར་རྩ་རྣམས་ཕྲ་མོ་འགྲུབ་པའི་དབང་དུ་བྱས་ལ། སྒྲུབ་ལེར་རགས་པའི་འགྲུབ་དུས་དང་སྦྱར་བས་སོ། །གཉིས་པ་ལ་སྡུག་བདེན་དང་སྦྱར་བ་ནི། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཟོད་པར་དཀའ་བ་རྣམས་བདག་དང་བདག་གིར་འཛིན་པའི་སྒྱུ་མས་རྨོངས་པར་བྱས་པའི་ཡང་དང་ཡང་དུ་འཁོར་ཞིང་མྱོང་བར་གསུངས་པས། ལུགས་འདི་ལ་བདག་འཛིན་ལས་ཉོན་གྱི་རྩི་བར་མི་འདོད་དོ་ཞེས་སྨྲ་བ་རྣམས་བཀག་གོ །ལམ་བདེན་དང་སྦྱོར་བ་ནི། མིར་སྐྱེ་བ་དང་དགེ་སྡིག་ལ་གླང་དོར་གྱི་བློ་སྐྱེ་བ་དང་། ནང་པ་སངས་རྒྱས་པ་ལ་གུས་པ་དང་། རྒྱུད་སྡེ་ལ་འཇུག་པ་དང་། བདེ་ཆེན་ལ་འཇུག་པ་རྣམས་ཇེ་དཀར་བསྟན་པའི་སྒོ་ནས་ལམ་གྱི་གཙོ་བོ་རྡོ་རྗེ་ཐེག་པ་དང་། ཁྱད་པར་དབང་བཞི་པའི་ལམ་དུ་གསུངས་ཤིང་ཕར་ཕྱིན་ཐེག་པ་དང་རྒྱུ་འབྲས་སུ་བསྟན་པས་ལམ་ཐུན་མོང་བས་རྒྱུད་སྦྱང་དགོས་པ་དང་། སྔགས་ཀྱི་ཡང་རིམ་གཉིས་རིམ་ཅན་དུ་དགོས་པར་བསྟན་ནོ། །འོན་ཀྱང་བསྐྱེད་རིམ་མཐར་མ་ཕྱིན་བར་དུ་རྫོགས་རིམ་ལ་འཇུག་ཏུ་མི་རུང་བ་ནི་མི་བཞེད་དེ་འོག་ཏུ་འཆད་དོ། །ཀུན་འབྱུང་ལ། ལམ་གྱི་འབྲས་བུར་དང་། རྟེན་དང་བརྟེན་པར་དང་། ཁམས་ཀྱི་འགྱུར་བ་འབྱུང་བའི་ཀུན་འབྱུང་ངོ་། །དང་པོ་ནི། ལམ་གྱི་འབྲས་བུ་ནི་སྐུ་བཞི་དང་། རྡོ་རྗེ་བཞི་ཡིན་ལ་དེ་མངལ་སྐྱེས་ཀྱི་ལུས་ལ་ཚང་ཚུལ་གྱི་སྒོ་ནས་གསུངས་ཏེ། དེའི་དང་པོ་སྐུ་བཞི་ལ་ཡང་ཡེ་ཤེས་ཀྱི་དབྱེ་བས་ལུས་གཙོ་བོར་གྱུར་པ་མངལ་གྱི་གནས་སྐབས། རྣམ་ཤེས་ཀྱི་དབྱེ་བས་ངག་གཙོ་བོར་གྱུར་པ་བཙས་པའི་གནས་སྐབས་ཏེ་གཉིས་ལ་སྐུ་བཞི་སྦྱར་ནས་སོ་སོར་དང་། ཐུན་མོང་དུ་སྦྱར་བ་གཉིས་གསུངས་པའི་དང་པོར་ཐུན་མོང་བ་ནི། མངལ་གྱི་གནས་སྐབས་རིལ་པོ་དང་། བཙས་ནས་སོ་སྐྱེས་པའི་བར་དང་། སོ་ལྷུང་ནས་ཡང་སྐྱེས་པའི་བར་དང་། དེ་ནས་འཆི་བའི་བར་རྣམས་ལ་རིམ་པ་བཞིན་དུ་དག་པ་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་ཐ་སྙད་སྦྱར་དུ་རུང་སྟེ། རླུང་དབུ་མར་གནས་པས་སྔོན་གནས་དྲན་པ་སོགས་ཀྱི་མངོན་ཤེས་རྗེས་མཐུན་པ་ཡོད་པ་དང་། ཡུལ་དང་པོར་རིག་པ་སོགས་ཀྱི་འདུ་ཤེས་གསལ་བ་དང་། རླུང་གི་བྱ་བ་རྫོགས་པས་ཚིག་གསལ་པོར་སྨྲ་བ་དང་། གཡོ་སྒྱུ་སོགས་ཀྱིས་ལུས་ཀྱི་བྱ་བ་དུ་མ་སྤྲོ་བར་བྱེད་པ་རྣམས་ཀྱི་ཕྱིར་རོ། །སོ་སོ་ལ་གཉིས་ཀྱི་དང་པོ་མངལ་དང་སྦྱར་བ་ནི། མངལ་དུ་ཁུ་རྡུལ་རྣམ་ཤེས་གསུམ་འདུས་མ་ཐག་པ་དང་། ཟླ་བ་ལྔའི་བར་ལ་ཁམས་དང་། ཕུང་པོ་ལྔ་གྲུབ་པ་དང་། དྲུག་པ་བདུན་པར་ཡུལ་དང་ཡུལ་ཅན་རྣམས་ལོངས་སྤྱད་བྱ་སྤྱོད་བྱེད་དུ་གྲུབ་པ་དང་། བརྒྱད་པ་སོགས་ལ་སྐྲ་སྤུ་བཤང་གཅི་གྲུབ་ནས་བཙའ་བ་རྣམས་དག་ཆོས་ལོངས་སྤྲུལ་ཏེ། རྡུལ་མུན་སྙིང་སྟོབས་ཆ་མཉམ་པས་ཀུན་གཞིའི་རྣམ་ཤེས་བདེ་བ་བཞི་པ་ལ་འཇུག་པའི་དང་། མུན་པའི་དབང་གིས་རྟོག་མེད་གཉིད་ལོག་པའི་དང་། རྡུལ་གྱི་དབང་གིས་ཡུལ་སྣང་རྫུན་པ་རྨི་ལམ་གྲི་དང་། སྙིང་སྟོབས་ཀྱི་དབང་གིས་ཡུལ་རགས་པ་སད་པའི་གནས་སྐབས་རྣམས་ལ་འཇུག་པའི་ཕྱིར་ཏེ། དེ་ལྟར་མངལ་གྱི་སྦུ་བཞི་པོ་གནས་སྐབས་ཀྱི་རྟོག་པ་བཞི་ལ་བཞག་པས་རྣམ་ཤེས་ཀྱིས་ཕྱེ་བར་གསུངས་ཤིང་། དེ་ལའང་རླུང་གྲོགས་སུ་ཡོད་པས་ཡེ་ཤེས་གྲོགས་སུ་ཡོད་པ་དང་། ངག་དང་འབྲེལ་པ་ཅན་ཞེས་གསུངས་ལ། གཙོ་བོར་ཕ་ལས་སྐྱེས་པས་ཁུ་བའི་ཁམས་ལས་གྲུབ་པར་གསུངས་སོ། །བཙས་པའི་གནས་སྐབས་དང་སྦྱར་བ་ནི། བཙས་མ་ཐག་འཕོ་རླུང་མི་རྒྱུ་བའི་མཉམ་རྒྱུ་ཡེ་ཤེས་ཀྱི་རླུང་ཉི་ཟླའི་ཡོན་ཏན་མེད་པ་ང་དྲུག་བཞི་ཆ་རྒྱུ་བ་དང་། དེ་ནས་སོ་སྐྱེས་ཀྱི་བར་དང་། སོ་ལྷུང་ནས་སྐྱར་མི་སྐྱེས་པའི་བར་དང་། དེ་ནས་འཆི་བའི་བར་རྣམས་ཀྱང་སྐུ་བཞི་སྟེ། ཉི་ཟླའི་ཡོན་ཏན་གྱི་སྣང་བ་ཡང་མེད་པ་དང་། འདུ་ཤེས་གསལ་ཞིང་ཚིག་མི་གསལ་བ་དང་། དེ་ཡང་ཤིན་ཏུ་གསལ་བ་དང་། སྒྱུ་མའི་དྲྭ་བ་སྣང་བའི་དངོས་པོ་མཐའ་དག་རིག་པ་དང་། རིམ་པ་ལྟར་དགའ་བ་བཞིའི་གནས་སྐབས་ཡིན་པའི་ཕྱིར་རོ། །དགའ་བཞི་གཙོ་ཆེ་བས་འདི་ལ་ཡེ་ཤེས་སུ་བཞག་ལ་དེ་ལ་ལུས་གྲོགས་སུ་ཡོད་པས་རྣམ་ཤེས་གྲོགས་སུ་ཡོད་པ་དང་། ལུས་དང་འབྲེལ་པ་ཅན་ཞེས་གསུངས་ལ། གཙོ་བོར་མ་ལས་སྐྱེས་པས་རྡུལ་གྱི་ཁམས་ལས་གྲུབ་པར་གསུངས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།