དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།

རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-19 10:51:00 ཀློག་གྲངས།:
ཡང་ལུས་ཀྱི་དབྱེ་བ་ནི། ས་བོན་དང་འབྲེལ་བ་ཅན་དང་། ངག་གི་དབྱེ་བ་ནི། ཁྲག་དང་འབྲེལ་བ་ཅན་ཞེས་གསུངས་པའང་། སྤུ་ལ་སོགས་པའི་ཁམས་བཅུ་དྲུག་དང་། ཁྲག་གམ་ཉི་མའི་རང་བཞིན་འཕོ་བ་བཅུ་གཉིས་དང་གཙོ་བོར་འབྲེལ་པས་སོ། །རྡོ་རྗེ་བཞིར་བཞག་པ་ནི། མངལ་གྱི་སྐབས་དང་། བཙས་མ་ཐག་པ་དང་། སོ་སྐྱེས་པའི་གནས་སྐབས་དང་། སོ་གཉིས་པ་སྐྱེས་པ་ཕན་ཆོད་རྣམས་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་བཞག་སྟེ། རིམ་པ་ལྟར་ལུས་རྫོགས་པ་དང་། སྲོག་འབྱུང་བ་དང་། ཡུལ་གསལ་བར་འཛིན་པ་དང་། འཕོ་བ་དེ་རྫོགས་པའི་ཕྱིར་རོ། །གཉིས་པ་ལ་འབྱུང་བའི་དང་། ཚོགས་པའི་རྟེན་དང་བརྟེན་པའོ། །དང་པོ་ནི། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་སྙིང་པོ་ནི། རིམ་པ་ལྟར་མེ་དང་ས་དང་ཆུ་དང་ནམ་མཁའ་རྣམས་ཡིན་ཏེ། འདིར་སྙིང་པོའི་དོན་ནི། དེ་ལས་བྱུང་བ་ལ་བྱེད་པ་གང་ཞིག རྡོ་བརྡབས་པ་ལས་མེ་འབྱུང་བ་དང་། ཆུ་བསྲུབས་པ་ལས་ས་འབྱུང་བ་དང་། མེས་སྲོས་པ་ལས་ཆུ་འབྱུང་བ་དང་། ནམ་མཁའི་ཁོངས་ན་རླུང་དང་ས་སོགས་གནས་པས་སོ། །དེའི་སྙིང་པོ་ཡིན་ཀྱང་། དེའི་རིགས་ཅན་མ་ཡིན་ཏེ། ཡིན་ན་རིགས་དེའི་བྱ་བ་བྱེད་དགོས་པ་ལས་མེས་སྲ་བའི་བྱ་བ་མི་བྱེད་ཅིང་། ཡོན་ཏན་དྲི་མེད་པའི་ཕྱིར་ཏེ་གཞན་ལའང་སྦྱར་རོ། །གཉིས་པ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམས་ཕྱི་མ་ཕྱི་མ་ལ་སྔ་མ་སྔ་མ་བརྟེན་ལ། ནམ་མཁའ་ནི་ཡེ་ཤེས་ལ་བརྟེན་ནོ། །འབྲས་གཟུགས་ཀྱང་། འབྱུང་བ་རྣམས་ནི་ཕུང་པོ་རགས་པའི་རྟེན་ཡིན་ཏེ། ཕ་མའི་འབྱུང་བ་མེད་ན་མངལ་སྐྱེས་ཀྱི་མ་རིག་པ་ལ་སོགས་པའི་རྟེན་འབྲེལ་མེད་ལ་དེ་མེད་ན་ཕུང་པོ་མེད་པས་སོ། །འབྱུང་བ་ནི་རྩ་དང་། རྩ་ནི་རླུང་དང་། རླུང་ནི་སེམས་དང་། སེམས་ནི་རང་བཞིན་ཅན་ཡུལ་གྱི་རང་བཞིན་གསལ་བསད་རྨི་གཉིས་དང་། རང་བཞིན་མེད་པ་གཉིད་འཐུག་བཞི་པ་གཉིས་ཏེ། སྔ་མ་ཕྱི་མ་ལ་བརྟེན་པ་དང་། དེ་ཡང་གཙོ་བོ་སྲིད་པ་གསུམ་གྱིས་བཏུད་ཅིང་གཞོམ་མེད་ཀུན་ཏུ་འགྲོ་བ་གང་ཞེས་པ་གཞིའི་དུས་འཁོར་གཞོམ་མེད་ཀྱི་རླུང་སེམས་ལ་བརྟེན་པར་གསུངས་སོ། །འདིར་རླུང་རྩའི་རྟེན་དུ་བཤད་པ་དང་། གོང་དུ་ལྡོག་ནས་གསུངས་པ་མི་འགལ་ཏེ། གོང་དུ་རྩ་ནང་ནས་རླུང་རྒྱུ་བ་དང་། འདིར་རླུང་གིས་རྩ་མ་གྲུབ་པ་གྲུབ་པ་དང་། གྲུབ་ཟིན་གནས་པར་བྱེད་པ་སྟེ་རླུང་དང་བྲལ་ན་རྩ་མི་འགྲུབ་ཅིང་འཇིག་པ་ལ་དགོངས་པས་སོ། །གསུམ་པ་ལ་ཕུང་པོ་དྲུག དབང་པོ་དྲུག ཉོན་མོངས་དྲུག ལས་དབང་དྲུག རླུང་བཅུ། འཁོར་ལོ་བཅོ་བརྒྱད། སོར་མོ་ཉི་ཤུ། སོ་སོ་གཉིས། སྐྲ་དང་བ་སྤུ་ཁམས་ཀྱི་འགྱུར་བར་འབྱུང་བའོ། །དང་པོ་ནི། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ལས་དྲི་གཟུགས་རོ་རེག་སྒྲ་ཆོས་རྣམས་འབྱུང་། འདིར་ཞི་བ་ཡེ་ཤེས་ལས་སྒྲ་དང་ནམ་མཁའ་ལས་ཆོས་འབྱུང་བར་བཤད་པ་ནི་འགྱུར་གྱི་སྐྱོན་ནོ། །གཉིས་པ་ནི། ལུས་ལྕེ་མིག་སྣ་རྣ་བ་ཡིད་ཀྱི་དབང་པོ་རྣམས་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་ཏེ་ཡུལ་རེག་རོ་གཟུགས་དྲི་སྒྲ་ཆོས་རྣམས་རླུང་མེ་ཆུ་ས་ཡེ་ཤེས་ནམ་མཁའི་ཁམས་ཡིན་པས་རིམ་བཞིན་འཛིན་ཅིང་ཐབས་ཤེས་སྦྱོར་བའོ། །དེ་ལྟར་ཁམས་དྲུག་དང་ཕུང་པོ་དྲུག་ཚོགས་པ་གཅིག་ཏུ་གྲུབ་སྟེ། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཡེ་ཤེས་ཀྱི་ཕུང་པོ་རྣམས་ས་མེ་ཆུ་རླུང་ནམ་མཁའ་རྣམ་ཤེས་རྣམས་ལས་གྲུབ་སྟེ། ས་སྲ་བ་བཞིན་དུ་གཟུགས་ཀྱང་ཕུང་པོ་གཞན་ལ་བལྟོས་ཏེ་སྲ་བ་བེམ་ཆོས་ཡིན་པ་དང་། སྨིན་པའི་བྱ་བ་མེས་བྱེད་པ་བཞིན་དུ་དཀར་ནག་གི་ལས་ཀྱང་ཚོར་བ་བདེ་སྡུག་ཏུ་སྨིན་པས་དང་། ཆུས་དངོས་པོ་སྡུད་འབྱེད་བྱེད་པ་བཞིན་དུ་འདུ་ཤེས་ཀྱིས་ཐ་སྙད་འབྱེད་སྡུད་བྱེད་པ་དང་། རླུང་གིས་གཡོ་བར་བྱེད་པ་བཞིན་དུ་འདུ་བྱེད་སེམས་པས་ཀྱང་རྣམ་ཤེས་ཡུལ་ལ་གཡོ་བར་བྱེད་པ་དང་། ནམ་མཁའ་ཀུན་ལ་ཁྱབ་པ་བཞིན་དུ་རྣམ་ཤེས་ཀྱིས་ཀུན་ལ་ཁྱབ་ཅིང་རྟེན་བྱེད་པ་དང་། རྣམ་ཤེས་ཀྱིས་རྟེན་བྱེད་པ་བཞིན་དུ་ཡེ་ཤེས་ཀྱང་ཕུང་པོ་ཐམས་ཅད་ཀྱི་རྟེན་ཡིན་པས་སོ། །འདིར་རྣ་བ་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་རང་བཞིན་དང་། ཡིད་ནམ་མཁའི་རང་བཞིན་དང་། སྣ་སའི། ལྕེ་མེའི། མིག་ཆུའི། ལུས་རླུང་གི་རང་བཞིན་དུ་བཤད་པ་རྣམས་ནི་འགྲེལ་པས་དེ་དང་དེའི་རང་བཞིན་ཅན་གྱི་ཡུལ་འཛིན་པས་དེ་དང་དེའི་རང་བཞིན་དུ་གསུངས་སོ། །གསུམ་པ་ནི། གཏི་མུག ང་རྒྱལ། འདོད་ཆགས། ཕྲག་དོག ཞེ་སྡང་། སེར་སྣ་རྣམས་རིམ་པ་བཞིན། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ལས་འབྱུང་ལ། སེར་སྣ་ཡེ་ཤེས་ཁམས་ལ་འགྱུར་ཏེ་ཞེས་སོགས་བདུན་པ་གནས་གཞིའི་སྒྲས་གསུངས་པ་ནི། ལས་ཞེས་པ་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་སྦྱར་རྒྱུ་ཡིན་པས་ལྔ་པ་ལ་བདུན་པའོ། །ཞེས་གསུངས་ཏེ་སྐབས་གཞན་དུ་ཡང་གོ་བར་བྱའོ། །རྒྱུ་མཚན་འགྲེལ་པར་གསལ་བར་མ་གསུངས་ལ། བུ་སྟོན། དད་འདུན་སྤྲོ་བ་མེད་པ་ལྟ་བུའི་སེམས་སྲ་བ་ནི་ས་ཡིན་པས་དང་། ཆུས་དངོས་པོ་ཐམས་ཅད་བསྐྱེད་ནས་མཐོན་པོར་བྱེད་པ་ལྟར་སེམས་མཐོ་བར་བྱེད་པས་དང་། དྲོད་ཀྱིས་གཏུམ་མོ་འབར་བ་ན་ཆགས་པ་སྐྱེ་བས་དང་། རླུང་གིས་གཡོ་བ་ལྟར་གཞན་གྱི་ཕུང་པོ་ལ་གཡོ་བར་བྱེད་པས་དང་། འཁྲུག་པ་དང་བརྡེག་འཚོག་སོགས་ཀྱི་སྒོ་ནམ་མཁས་འབྱེད་པས་དང་། སེར་སྣ་བདེ་ཚོར་ལས་འབྱུང་གི་སྡུག་བསྔལ་ལས་མི་འབྱུང་ལ་ཡེ་ཤེས་བདེ་བ་ཡིན་པས་སོ་ཞེས་གསུང་། བླ་མ་དམ་པ་དབང་པོ་རེག་པས་སྲ་བའི་བག་ཆགས་སྐྱེ་ལ། དེ་ལས་གཏི་མུག་གི་ཆོས་སེམས་མ་གསལ་བ་འབྱུང་བས་དང་། འདུ་ཤེས་ལས་ང་རྒྱལ་འབྱུང་བས་དང་། བདེ་ཚོར་ལས་ཆགས་པ་སྐྱེ་བས་དང་། རླུང་གིས་མངལ་དུ་བྱང་སེམས་འཕངས་པ་ལ་བར་དོའི་ཕྲག་དོག་འབྱུང་བས་དང་། ནམ་མཁའི་ཁམས་ཀྱི་སྒྲ་མི་སྙན་པ་ལས་ཞེ་སྡང་སྐྱེ་བས་ཞེས་གསུངས་ལ་ཡེ་ཤེས་ལ་རྒྱུ་མཚན་མ་སྦྱར་རོ། །གཟུགས་ཕུང་བླུན་པས་དང་། འདུ་ཤེས་རིག་པས་དང་། ཚོར་བ་ལ་བདེ་སྡུག་ལ་ཕྲད་བྲལ་དུ་སྲེད་པས་དང་། འདུ་བྱེད་སེམས་པས་གཞན་གྱི་ཡོན་ཏན་མི་བཟོད་པས་དང་། རྣམ་ཤེས་གཞན་ལ་མནར་སེམས་པས་དང་། ཡེ་ཤེས་སྙོམས་པར་གནས་པས་གཏི་མུག་སོགས་བསྐྱེད་ལ། ཕུང་པོ་དྲུག་པོས་ཆུ་སོགས་སུ་གནས་པས་སོ་ཞེས་བྱའོ། །བླ་མ་དམ་པས། བརྟག་གཉིས་ཀྱི། ཆུ་ནི་མི་བསྐྱོད་གཟིགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །ཞེས་སོགས་དང་འདི་སྦྱར་བ་ནི། འདོད་ཆགས། ཕྲག་དོག གཏི་མུག་གསུམ་མཐུན་པ་ཙམ་དུ་ཟད་དོ། །བཞི་པ་ནི། ཁ། ལག རྐང་པ། བཤང་ལམ། བྷ་ག མཆོག་གི་དབང་པོ་རྣམས་རླུང་མེ་ཆུ་ས་ནམ་མཁའ་ཡེ་ཤེས་ཏེ། འདི་རྣམས་ལ་ལས་དབང་དྲུག་ཅེས་བྱ་ལ། འདི་རྣམས་ཀྱི་བྱ་བ་ནི། ངག་སྨྲ་བ། ལེན་པ། འགྲོ་བ། བཤང་བ་འདོར་བ། དྲི་ཆུ་འདོར་བ། ཁུ་བ་འཕོ་བ་རྣམས་ཡིན་ལ། དེ་རྣམས་ཀྱི་ཁམས་ནི་རླུང་མེ་ཆུ་ས་ཡེ་ཤེས་ནམ་མཁའ་ཞེས་བྱའོ། །རྒྱུ་མཚན་ནི་སྐབས་འདིར་མ་གསུངས་སོ། །ལྔ་པ་ནི། སྙིང་གའི་སྟེང་གི་རྩའི་རླུང་སྲོག་འཛིན་ནི་ནམ་མཁའི་ཁམས་ཏེ་གཡས་གཡོན་དབུ་མ་ནས་རྒྱུ་བ་གསུམ་གའོ། །རྩ་རྒྱུད་དུ་གཡོན་གཡས་ཆུ་མེར་བཤད་པ་ནི་ནམ་མཁའི་ནང་ཚན་ལ་དགོངས་སོ། །འོག་གི་ཐུར་སེལ་ནི་ཡེ་ཤེས་ཏེ་བཤང་གཅི་ཁུ་བ་གསུམ་གའི་རླུང་ངོ་། །རྩ་རྒྱུད་དུ་བཤང་གཅི་གཉིས་ས་ཆུར་བཤད་པའང་སྔ་མ་བཞིན་ནོ། །སྙིང་གའི་ཤར་དང་ཤར་ལྷོའི་མཉམ་གནས་དང་རུས་སྦལ་རླུང་། ལྷོ་དང་ལྷོ་ནུབ་ཀྱི་གྱེན་རྒྱུ་དང་རྩངས་པ་མེ། བྱང་དང་བྱང་ཤར་གྱི་ཁྱབ་བྱེད་དང་ལྷས་བྱིན་ཆུ། ནུབ་དང་ནུབ་བྱང་གི་ཀླུ་དང་ནོར་ལས་རྒྱལ་ས་ཁམས་པར་བཤད་པ་ནི་ཕྱོགས་ཀྱི་ངེས་པའི་དབང་གིས་སོ། །སྐྱེས་པ་ལ་ལོ་བཅུ་དྲུག་དང་། བུད་མེད་ལ་ལོ་བཅུ་གཉིས་ཀྱི་མཐར་ཐིག་ལེ་གཡོ་བར་བྱེད་པ་དགའ་བའི་རླུང་དང་། འཛག་པར་བྱེད་པ་ལྷན་ཅིག་སྐྱེས་དགའི་རླུང་གཉིས་ནི་རིམ་པ་ལྟར་ནམ་མཁའི་ཁམས་དང་། ཡེ་ཤེས་ཀྱི་ཁམས་ལས་བྱུང་བར་བཤད་དོ། །དྲུག་པ་ནི། ནང་གི་འཁོར་ལོ་དྲུག་ནི། གསང་བ་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་གཙུག་ཏོར་གྱི་རྩ་འཁོར་རྣམས་ཡེ་ཤེས་ས་རླུང་མེ་ཆུ་ནམ་མཁའི་ཁམས་ཡིན་ལ། རྐང་པའི་ཚིགས་ཆེན་དྲུག་གི་གཡོན་པ་གསུམ་ས་དང་གཡས་པ་གསུམ་ཆུ། ཕག་པའི་ཚིགས་ཆེན་དྲུག་གི་གཡས་པ་གསུམ་རླུང་དང་གཡོན་པ་གསུམ་མེ་ཁམས་ཡིན་པས། སྐྱེས་བུ་མགོ་ཤར་ལྷོ་དང་རྐང་པ་ནུབ་བྱང་དུ་བསྟན་ནས་གན་རྐྱལ་དུ་ཉལ་བའི་ལག་པ་གཡས་པའི་མཁྲིག་མ་ཤར་གླིང་བྱང་མ། གྲུ་མོ་དབུས་མ། དཔུང་ཚིགས་ལྷོ་མ། ལག་པ་གཡོན་པའི་དཔུང་ཚིགས་ལྷོ་གླིང་ཤར་མ། གྲུ་མོ་དབུས་མ། མཁྲིག་མ་ནུབ་མ། རྐང་པ་གཡོན་མའི་ཚིགས་གསུམ་ནུབ་གླིང་གསུམ། གཡས་པའི་ཚིགས་གསུམ་བྱང་གླིང་གསུམ་དུ་གནས་པར་བཤད་དོ། །ཡེ་ཤེས་ལེའུར་འདི་གོ་ལྡོག་ཏུ་གསུངས་པའི་འདི་བསམ་པ་དང་། ཡེ་ཤེས་ལུས་ཀྱི་དབང་དུ་བྱས་པའོ། །བདུན་པ་ནི། སོར་མོ་ཉི་ཤུའི་མཐེ་བོང་ས། མཛུབ་མོ་ཆུ། གུང་མོ་མེ། མིང་མེད་རླུང་། མཐེའུ་ཆུང་ནམ་མཁའ་སྟེ། རེ་རེ་ལ་མུན་རྡུལ་སྙིང་སྟོབས་ཀྱི་དབང་གིས་རྩ་བ་དང་བར་པ་དང་རྩེ་མོ་སྟེ་ཚིགས་ཕྲེང་གསུམ་པོ་ནག་དམར་དཀར་བ་ལ། སོར་མོ་དྲུག་པ་བྱུང་ན་ཡེ་ཤེས་ཀྱི་ཁམས་སུ་བུ་སྟོན་བཞེད་དོ། །བརྒྱད་པ་ནི། སོ་སུམ་ཅུ་རྩ་གཉིས་ཀྱི། མ་སོ་གཉིས་དང་དེ་རྗེས་ཡ་སོ་གཉིས་གཉིས་སྤེལ་ནས་སྐྱེ་བ་རྣམས་ས་ཆུ་མེ་རླུང་གི་འབྱུང་བཞི་སྡུད་རིམ་དུ་སྐྱེ་སྟེ། མ་སོ་གཡས་པ་ས་དང་། གཡོན་པ་ཆུ། དེ་རྟིང་ཡ་སོ་གཡས་པ་མེ་དང་། གཡོན་པ་རླུང་། ཡང་མ་སོ་གཡས་པ་མེ་དང་། གཡོན་པ་རླུང་། ཡ་སོ་གཡས་པ་ས་དང་། གཡོན་པ་ཆུ། ཡང་མ་སོ་གཡས་པ་མེ་དང་། གཡོན་པ་རླུང་། ཡ་སོ་གཉིས་ས་དང་ཆུ་ཡང་མ་སོ་ནས་བརྩམས་པའི་ལུགས་འབྱུང་དུ་འབྱུང་ལ། གལ་ཏེ་ཡ་སོ་གཉིས་ཐོག་མར་སྐྱེས་ན་གཡས་པ་ནམ་མཁའ་གཡོན་པ་རླུང་། དེ་ནས་མ་སོ་གཉིས་མེ་དང་ཆུ་སྟེ་སྔ་མ་ལས་ལུགས་ལྡོག་ཏུ་འབྱུང་སྟེ་མདོར་ན་ཁམས་བཞིའི་རང་བཞིན་དུ་སྐྱེ་ལ། མཆེ་བ་ལྷག་པོར་བྱུང་ན་ནམ་མཁའི་ཁམས་པའོ། །དགུ་པ་ནི། དེ་བཞིན་དུ་ལུས་ཀྱི་སྐྲ་དང་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཐམས་ཅད་ཀྱང་ཁུ་བ་དང་རྡུལ་གྱི་རྣམ་འགྱུར་དུ་གྱུར་པའི་ཁམས་དྲུག་གི་རང་བཞིན་དུ་ཤེས་པར་བྱ་སྟེ་དེ་ལྟར་ཀུན་འབྱུང་གི་བདེན་པས་ལུས་འགྲུབ་ཚུལ་རྒྱས་པར་གསུངས་ཤིང་། འགོག་པའི་བདེན་པ་ནི་ཤུགས་ལ་ཤེས་པར་བྱ་དགོས་ཏེ་འདིར་མ་གསུངས་སོ། །གཉིས་པ་འཕེལ་ཚུལ་ལ། འཕེལ་བའི་རྒྱུ་དང་། ཚུལ་དངོས་སོ། །དང་པོ་ལ། རྟེན་དང་བརྟེན་པར་གནས་པས་དང་། ཐབས་དང་ཤེས་རབ་ཏུ་གནས་པས་འཕེལ་ཚུལ་ལོ། །དང་པོ་ལ་འཁོར་ལོ་དྲུག་དང་སྐུ་བཞི། འཁོར་ལོ་དྲུག་དང་རིགས་དྲུག རྩ་དྲུག་དང་རིགས་དྲུག་རྟེན་དང་བརྟེན་པར་གནས་པས་འཕེལ་ཚུལ་ལོ། །དང་པོ་ནི། ནང་གིས་འཁོར་ལོ་དྲུག་གི་གཙུག་ཏོར་གསང་གནས་ལྟེ་བ་གསུམ་ནམ་མཁའ་ཡེ་ཤེས་སའི་ཡོན་ཏན་ཡེ་ཤེས་རྡོ་རྗེ་ཡིན་པས། རྟེན་དང་ལྷན་སྐྱེས་ཀྱི་སྐུ་བརྟེན་པ། སྙིང་མགྲིན་དཔྲལ་བ་གསུམ་པོ་རླུང་མེ་ཆུའི་ཡོན་ཏན་ཐུགས་གསུང་སྐུའི་རྡོ་རྗེ་ཡིན་པས་རྟེན་དང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་བརྟེན་པར་བཞག་སྟེ། གསང་གཙུག་ལྟེ་བ་གསུམ་ལྷན་སྐྱེས་ཀྱི་སྐུའི་རྟེན་དུ་འགྲོ་ཚུལ་ནི། གཞིའི་ལྷན་སྐྱེས་རྫོགས་པ་ནིའོ། །བཅུ་དྲུག་གི་མཐར་བྱང་སེམས་རྫོགས་པར་འཕེལ་བའི་བདེ་བ་ཡིན་ལ་དེ་ལ་གསང་གནས་སུ་ཡེ་ཤེས་ཀྱི་ཕུང་ཁམས་མཐའ་དག་རྫོགས་དགོས་པས་དང་། གཙུག་ཏོར་ནམ་མཁའི་ཁམས་ནི་ཐུགས་རྡོ་རྗེ་ཡིན་ལ་ཐུགས་རྡོ་རྗེ་ནི་ཡེ་ཤེས་རྡོ་རྗེའམ་ལྷན་སྐྱེས་ཀྱི་རྟེན་ཡིན་པས་དང་། གཙོ་བོའི་རྒྱབ་ཞལ་ཡེ་ཤེས་རྡོ་རྗེའམ་ལྷན་སྐྱེས་ཀྱི་སྐུ་ཡིན་ལ་དེ་ནུབ་དུས་མེའི་ཁམས་ལ་བརྟེན་པས་སོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།