དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།

རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-19 10:51:00 ཀློག་གྲངས།:
      དེས་ན་ནང་གི་ཞག་བརྒྱ་ལ་ལོ་བརྒྱའི་ཐ་སྙད་མཛད་པའི་སྐབས་འགའ་རེ་མཛད་ཡོད་པ་རྣམས་ཤེས་པར་བྱའོ། །དེ་བཞིན་དུ་སྐར་རྩིས་པ་རྣམས་བུག་པའི་དབྱེ་བས་སོ། །ཞེས་པས་བུག་པ་གཟའ་ལ་སོགས་པ་དང་མཚུངས་པར་གནས་ཏེ། ཞི་གཟའ་རྣམས་གཡོན་གྱི་བུག་པ་དང་དྲག་གཟའ་རྣམས་གཡས་ཀྱི་བུག་པ་དང་སྦྱར་ནས་གནས་པའི་ཕྱིར་ཏེ། བཤང་གཅིའི་བུག་པ་ཟླ་ཉི་ཁུ་བ་དང་ཁའི་བུག་པ་དུས་མ་སྒྲ་གཅན་མིག་གཡོན་གཡས་ལྷག་པ་མིག་དམར། སྣ་གཡོན་གཡས་པ་སངས་ཕུར་བུ། རྣ་བ་གཡོན་གཡས་མཇུག་རིང་སྤེན་པ་ཡིན་པའི་ཕྱིར། འོ་ན་སྲུང་འཁོར་གྱི་གཟའ་སོགས་སྤྲོ་བའི་སྐབས་སུ་སྒྲ་དུས་རྣ་བ་གཡོན་གཡས་ནས་སྤྲོ་བར་གསུངས་པ་ནི་སྤྲོ་བྱ་དང་སྤྲོ་ས་གཉིས་ཀ་ནམ་མཁའི་ཁམས་སུ་འཐད་ལ། ཟླ་ཉི་སྣ་གཡོན་གཡས་ནས་སྤྲོ་བ་ཡང་གཉིས་ཀ་རླུང་ཁམས་པར་མཐུན་པར་འཐད་ཅིང་། ཕུར་བུ་པ་སངས་ལྕེ་དང་ཆུ་ལམ་ནས་སྤྲོ་བ་ཡང་ལྕེ་དང་ཕུར་བུ་ཆུ་ཁམས་པར་མཐུན་པར་འཐད་མོད་ཀྱི་འདིར་བཤད་པ་རྣམས་ཁམས་མ་མཐུན་པས་མི་འཐད་ཅིང་། ཞི་གཟའ་གཡོན་དང་དྲག་གཟའ་གཡས་ཀྱི་བུག་པའི་ངེས་པ་ཡང་ཉམས་ཏེ། ཟླ་བ་གཡོན་དུ་འོང་རིགས་པ་ལས་བཤང་ལམ་གྱི་རྩ་འོག་གི་གཡས་དང་གཅི་བའི་རྩ་མདུན་ན་ཡོད་པས་སོ་ཞེ་ན་སྐྱོན་མེད་དེ། ཟླ་བའི་ལམ་གྱིས་བཤང་བའི་རྩ། །ཉི་མས་གཅི་བ་འབབ་པ་སྟེ། །ཞེས་གསུངས་པས་བཤང་གཅིའི་བུག་པ་གཉིས་རིམ་པ་བཞིན་རྐྱང་མ་དང་རོ་མའི་རྩ་རྒྱུན་ཡིན་པས་སོ། །ཁུ་བའི་བུག་པ་འོག་གི་རྩ་གསུམ་གྱི་གཡས་ཕྱོགས་ན་ཡང་གནས་ཤིང་། དེ་ཡེ་ཤེས་ཀྱི་ཁམས་དང་ཁའི་བུག་པ་དབུ་མའི་ཡས་སྣ་རྗེས་མཐུན་པ་ཡིན་པས་ནམ་མཁའི་ཁམས་ཡིན་ཞིང་། ནམ་མཁའ་ཡེ་ཤེས་སྟེང་འོག་གཡོན་དང་གཡས་ཀྱི་ཆོས་ཡིན་པས་འཐད་དོ། རྣ་བ་དང་སྤེན་འཇུག་ཁམས་མི་མཐུན་ཀྱང་རྣ་བའི་ཡུལ་ཡུལ་ཅན་དང་ནམ་མཁའ་ཡེ་ཤེས་ཡིན། དེ་གཉིས་ལ་བསད་གསོ་བྱ་བར་གསུངས་ཤིང་། སྤེན་འཇུག་ཀྱང་བསད་གསོའི་གཟར་གསུངས་པས་མཐུན། སྣ་དང་ཕུར་སངས་ཁམས་མི་མཐུན་ཀྱང་ཟླ་བོ་རྣམས་བཀོད་པའི་ཟླ་སྟོབས་ཀྱིས་གཞག་པ་ཙམ་ལས་རྒྱུ་མཚན་བཙལ་དཀའོ། །འདིར་ཁ་འཕངས་མཛད་པའི་ཡེ་ལེའི་ཉིས་བརྒྱ་སོ་དྲུག་པར་མུ་སྟེགས་ཀྱི་རིགས་ཀྱི་མདོའི་སྐབས་སུ། མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག་པོ་མིག་དམར། ལྷག་པ། པ་སངས། ཕུར་བུ། སྤེན་པ། མཇུག་རིང་རྣམས་སུ་གསུངས་ཤིང་། མངལ་གྱི་ཀུན་གཞིའི་རྣམ་ཤེས། དགའ་བ། རྡུལ། ཁུ་བ་རྣམས། སྒྲ་གཅན། དུས་མེ། ཉི་མ་ཟླ་བ་རྣམས་སུ་གསུངས་སོ། །འདིའི་རྒྱུ་མཚན་དཀའ་ནའང་མུ་སྟེགས་དང་བསྟུན་པས་སྐྱོན་མེད་དོ། །ལུས་ཀྱི་སོ་སུམ་ཅུ་རྩ་གཉིས་རྒྱུ་སྐར་དང་མཚུངས་ཏེ། ཟུར་གྱི་སྟེང་འོག་གཉིས་གཉིས་ཏེ་བཞི་ནི་དབྱུ་གུའི་རྒྱུ་སྐར་བཞི་ཡིན་ལ། ལྷག་མ་སྟེང་འོག་ཏུ་བཅུ་བཞི་བཅུ་བཞི་ནི་རྒྱུ་སྐར་བྱི་བཞིན་དང་བཅས་པའི་ཉེར་བརྒྱད་པོ་རིམ་པ་རིམ་མིན་གྱི་རྐང་པ་བཅུ་བཞི་ལ་རྒྱུ་བའི་བཅུ་བཞི་པ་ཕྲག་གཉིས་དང་མཐུན་ཏེ། འདི་ལའང་གྲངས་མཐུན་པ་ཙམ་དུ་མ་ཟད་ཀྱི་རིམ་པར་སྐྱེ་བ་དང་རིམ་མིན་དུ་སྐྱེ་བས་རྐང་པ་ལ་ལོངས་སྤྱོད་ཚུལ་དང་མཐུན་པས་བཞག་གོ །ལས་འཁོར་སུམ་བརྒྱ་དྲུག་ཅུ་ནི་ཉིན་མཚན་གྱི་དབྱུ་གུའི་དབུགས་གྲངས་དང་ལོའི་ཉིན་ཞག་དང་མཚུངས་ཏེ། གྲངས་སུམ་བརྒྱ་དྲུག་ཅུར་མཉམ་པ་དང་དེ་དག་ལ་སྤྱོད་པའི་ཡི་གེ་ཐམས་ཅད་མཚུངས། ས་སོ་རྩ་སྟོང་ཕྲག་དོན་གཉིས་ནི། རྒྱ་མཚོར་འབབ་པའི་ཆུ་བོ་སྟོང་ཕྲག་དོན་གཉིས་དང་མཚུངས་ཏེ་རོའམ་ཁུ་བ་འབབ་ཅིང་གྲངས་མཚུངས་སོ། །རྒྱུ་མ་ནི་ཆར་སྤྲིན་དང་མཚུངས་ཏེ་རོ་འབབ་ཅིང་སྒྲ་སྒྲོག་པས་སོ། །ཁམས་བཅུ་དྲུག་ནི་ཚེས་ཞག་དང་མཚུངས་ཏེ། སྤུ་སོགས་ཁམས་བརྒྱད་པ་གཉིས་གཉིས་ཕྱེ་བས་བཅུ་དྲུག་དང་ལུས་ཀྱི་གནས་བཅུ་དྲུག་ལ་ཁུ་བ་འཕེལ་བའི་ཆ་བཅུ་དྲུག་ལ་ཚེས་ཞག་འཇོག་པས་སོ། །དང་པོ་ནི་སྤུ་ལ་ཕྲ་རགས་གཉིས་དང་། པགས་པ་ལ་སྲབ་འཐུག་གཉིས། ཁྲག་དང་ཤ་ལ་ཕྱི་ནང་གཉིས་གཉིས། རྩ་ལ་ཕྲ་རགས་གཉིས། རྒྱུས་པ་དང་རྐང་ལ་ཕྱི་ནང་གཉིས་གཉིས་རྣམས་དང་། ཁུ་བ་ལ་སྐ་སླ་གཉིས་སུ་ཕྱེ་བ་རྣམས་སོ། །སྤུ་དང་། ཤིག་དང་། སྲིན་བུ་རགས་པ་དང་། ཁུ་བ་དང་སྲིན་བུ་མིག་གིས་མི་བཟོད་པའི་ཕྲ་མོ་རྣམས་སྐྱེ་གནས་བཞི་དང་མཚུངས་ཏེ། སྤུ་ནི་བརྟན་པའི་རྫུས་སྐྱེས། ཤིག་སྒོང་སྐྱེས། སྲིན་བུ་རགས་པ་དྲོད་གཤེར་སྐྱེས། ཁུ་བ་མངལ་སྐྱེས། སྲིན་བུ་ཕྲ་བ་རྫུས་སྐྱེས་ཆེན་པོ་རོའི་སྐྱེ་གནས་ཅན་ཡིན་པས་སོ། །རྐང་ལག་གི་སོར་སོགས་དྲུག་ཅུ་པོ་ལོ་གཅིག་ལ་དུས་དྲུག་ཏུ་བྱས་པའི་དུས་ཀྱི་ཞག་གྲངས་དང་མཚུངས་ཏེ། དཀར་ཕྱོགས་ལ་མཐེའུ་ཆུང་ནས་སྤྲོ་རིམ་དང་ནག་ཕྱོགས་ལ་མཐེ་བོང་ནས་སྡུད་རིམ་སྟེ། དེ་ཡང་ཚིགས་ཕྲེང་དང་པོ་གཉིས་པ་གསུམ་པ་རྣམས་མུན་རྡུལ་སྙིང་སྟོབས་ཀྱི་དབྱེ་བས་དགའ་བ་བཟང་པོ་རྒྱལ་བ་སྟོང་པ་རྫོགས་པ་རྣམས་དང་པོ་གཉིས་པ་གསུམ་པ་སྟེ་ཚར་གསུམ་གཡོན་ལ་དང་། གཡས་ཀྱི་ཚིགས་ཕྲེང་གསུམ་པ་གཉིས་པ་དང་པོ་རྣམས་སྙིང་སྟོབས་རྡུལ་མུན་གྱི་དབྱེ་བས་སྦྱར་བའི་ལག་པ་ལ་སྦྱར་བ་ཟླ་བ་དང་པོ་དང་། རྐང་པ་ལ་སྦྱར་བ་ཟླ་བ་གཉིས་པ་སྟེ་ཚར་དྲུག་གིས་ལོ་རྫོགས་སོ། །
      སྤྱི་བོ་ནས་མགྲིན་པའི་བར་དང་། དེ་ནས་དཔྱིའི་བར་དང་། དེ་ནས་རྐང་མཐིལ་གྱི་བར་རྣམས་མཐོ་རིས་མི་ཡུལ་ས་འོག་རྣམས་དང་མཚུངས་ཏེ། འདི་ཡང་སྟེང་འོག་བར་གསུམ་དུ་མཚུངས་པ་ཙམ་དུ་མ་ཟད་ཀྱི། གསང་གནས་མན་ཆད་ཡེ་ཤེས་ཀྱི་ཁམས་ལ་བརྟེན་པའི་དུས་མེའི་སྐྱེ་བ་དམྱལ་བ་ལ་སྦྱར་བ་ལྟ་བུ་དང་མཐུན། སྟེར་ས་ཁམས་ཡིན་པ་ནི། མི་དང་དུད་འགྲོ་ཁམས་དྲུག་ལྡན་ཡིན་པ་དང་མཐུན་པ་སོགས་ཀྱིས་ལུས་ཀྱི་ཁམས་ཀྱི་དབང་གིས་ཕྱིའི་ཁམས་ཕལ་ཆེར་བཞག་པའོ། །ཡང་ལུས་ཀྱི་གཤེར་འཇམ་སྲ་བའི་ཁམས་གསུམ་པོ་རྣམས་མཚོ་དང་གླིང་དང་རི་རྣམས་དང་མཚུངས་པར་གནས་ཏེ། དྲི་ཆུ་དང་། རྡུལ་དང་། ལྕེ་ཆུང་གི་བདུད་རྩི་དང་། བུད་མེད་ཀྱི་འོ་མའམ་སྐྱེས་པའི་བད་ཀན་དང་། ཀླད་པ་དང་། ཞག་དང་། ཁུ་བ་རྣམས་ནི་རིམ་པ་བཞིན། ལན་ཚྭ་དང་། ཆང་དང་། ཆུ་དང་། འོ་མ་དང་། ཞོ་དང་། མར་དང་། སྦྲང་རྩིའི་རྒྱ་མཚོ་རྣམས་དང་མཚུངས། རྐང་ལག་གི་དུམ་བུ་བཅུ་གཉིས། ཤ མཆིན་པ། སྙིང་། ཚིལ་བུ། རྒྱུ་མ། རྩ་རྣམས་ནི། འཛམ་གླིང་། དྲག་པོ། ཁྲུང་ཁྲུང་། མིའམ་ཅི། ཀུ་ཤ འོད་དཀར། ཟླ་བའི་གླིང་རྣམས་སོ། །རྐང་ལག་གི་སེན་མོ། ལག་མཐིལ། ལག་པར། དཔུང་ལྷུ། རྐང་པ། རྐང་ངར། བརླ་རྣམས་ཕྱི་རུས་པ་རྣམས་ནི་རིམ་པ་བཞིན། རྡོ་རྗེ། བསིལ་རི། དྲོ་ཎ། ནོར་བུའི་འོད། ནི་ཥ་ཊ། མནྡྷ་ར། འོད་སྔོན་རྣམས་སོ། །སྒལ་ཚིགས་མཐའ་དག་ནི་རི་བརྒྱད་པ་ལྷུན་པོའོ། །ལུས་ཀྱི་ཁྲག་དང་པགས་པ་ནི་མེའི་དང་རླུང་གི་དཀྱིལ་འཁོར་ཆེན་པོའོ། །སྐྲ་དང་མཆན་ཁུང་དང་འདོམས་ཀྱི་སྐྲ་རྣམས་ནི་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པའི་གྲུབ་པ་རྣམས་སོ། །སྙིང་གའི་པདྨ་གཞུ་དབྱིབས་དང་། མགྲིན་པ་ཟླུམ་པོ་དང་། ལྟེ་བ་གྲུ་བཞི་རྣམས་ན་རིམ་པ་ལྟར་གློག་གམ་ལྷོའི་མེའམ་རྟ་གདོང་གི་མེ་དང་། ཁྱིམ་བདག་གི་མེ་ཞེས་གྲགས་པ་ཉི་མ་དང་། ཤ་ཟའམ་སྲོག་ཟའི་མེ་ཞེས་བྱ་སྟེ་དེ་གསུམ་ལས་ཀྱི་མེ་ཡིན་ལ། དེ་དག་ལ་ཡོན་ཏན་གོང་ན་གནས་པ་གཏུམ་མོའི་མེ་ནི། དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་ཀྱི་གཟུགས་ཅན་མུན་པ་ལས་མེ་དགག་མཐར་གནས་པ་ལྟེ་གསང་དཔྲལ་བ་ན་གནས་པའོ། །ལུས་ཀྱི་རྩ་འཁོར་རྣམས་གཟའ་ལ་སོགས་པ་དང་མཚུངས་པར་གནས་ཏེ། སྙིང་གའི་རྩ་བརྒྱད་ཀྱི་ཤར་ཉི་མ། ཤར་ལྷོ་ཟླ་བ། ལྷོ་དང་ལྷོ་ནུབ་མིག་དམར་དང་ལྷག་པ། ནུབ་དང་ནུབ་བྱང་ཕུར་སངས། བྱང་དང་བྱང་ཤར་སྤེན་པ་དང་རིགས་ལྡན་གྱི་མིང་ཅན་སྒྲ་གཅན་ཏེ་བྱང་ཤར་གྱི་ཕྱེད་ཀྱང་མཇུག་རིངས་སོ། །འདིར་ཕུར་སངས་ནུབ་ཏུ་བྱུང་བ། ཚེའི་འཁོར་ལོ་དང་འདྲ་བར་རྩ་དེ་གཉིས་གཟའ་དེ་གཉིས་ཀྱི་ལོངས་སྤྱོད་གནས་པའི་དབང་གིས་ཡིན་ལ། སྲུང་འཁོར་དུ་གཟའ་དེ་གཉིས་བྱང་དུ་འབྱུང་བ་ནི་གཟའ་རང་གི་ཁམས་ཀྱི་དབང་གིས་ཡིན་ནོ། །ལྟེ་བའི་རྩ་འཁོར་ཆུ་ཚོད་དང་མཚུངས་ཏེ་བཞི་སྟོང་པ་འབབ་པ་དང་དྲུག་ཅུ་པོ་རེ་རེ་ནས་ཆུ་ཚོད་རེ་དེའི་རླུང་འབབ་པས་སོ། །དཔྲལ་པའི་བཅུ་དྲུག་ཟླ་རྐང་དུ་གནས་ཏེ། གཉིས་ནི་སྟོང་པ་འབབ་ལ། བདུན་ཕྱོགས་གཅིག་ལ་རིམ་པ་བཞིན་འབྱུང་དང་འབྱུང་བ་སོགས་དང་ཕྱོགས་གཅིག་ལ་ལུགས་ལྡོག་ཏུ་གནས་པའི་ཕྱིར་ཏེ། དེ་ཡང་ཆུ་ཚོད་ལྔ་དང་ལྔ་ལ་སོགས་པ་འབབ་པས་སོ། །མགྲིན་པའི་རྩ་སོ་གཉིས་རྒྱུ་སྐར་དུ་གནས་ཏེ། བཞི་ནི་སྟོང་པ་འབབ་ལ། མཚམས་བཞིར་གནས་ཤིང་། ལྷག་མ་རྣམས་ཕྱོགས་བཞིར་བདུན་བདུན་གནས་པའི་ཤར་གྱི་དབུས་མ་ནམ་གྲུ། དེ་ནས་གཡོན་སྐོར་དུ་ཐ་སྐར་སོགས་གནས་ཏེ་བྱི་བཞིན་དང་བཅས་པའི་ཉི་ཤུ་རྩ་བརྒྱད་དོ། །ལས་འཁོར་བཅུ་གཉིས་ནི་ཆུ་སྲང་དུ་གནས་ཏེ། ཆུ་ཚོད་དྲུག་ཅུའི་ཆུ་སྲང་སུམ་སྟོང་དྲུག་བརྒྱ་པོ་བཅུ་གཉིས་ཀྱིས་བགོས་པས་ཆུ་སྲང་སུམ་བརྒྱ་རེ་འཁོར་ལོ་རེས་ཐོབ་ལ། འཁོར་ལོ་རེ་རེ་ལ་རྩ་སུམ་ཅུ་ཡོད་པས་རྩ་རེ་ནས་ཆུ་སྲང་བཅུ་རེ་སྟེ་ཆུ་ཚོད་ཀྱི་དྲུག་ཆ་རེ་རྒྱུ་བས་སོ། །གསུམ་པ་རླུང་གི་རང་བཞིན་དུ་གནས་ཚུལ་ལ་གཉིས་ལྟེ་བ་སྲོག་རླུང་གི་དང་། སྙིང་ག་རླུང་བཅུའི་རང་བཞིན་དུ་གནས་ཚུལ་ལོ། །དང་པོ་ལ། རྩ་ཆེན་བཅུ་གཉིས་ལ་འབབ་པའི་འཕོ་ཆེན། ཡལ་ག་དྲུག་ཅུ་ལ་འབབ་པའི་འཕོ་ཆུང་། འཕོ་ཆུང་སོ་སོའི་བདག་པོ་ངོས་བཟུང་བའོ། །དང་པོ་ལ། རླུང་སྤྱིའི་རྣམ་གཞག་དང་། གཞུང་ལ་སྦྱར་བའོ། །དང་པོ་ལ། སྤྱིར་རླུང་ཙམ་གྱི་ངོ་བོ་ནི་གཡོ་བར་བྱེད་པའི་ལས་གཙོ་བོར་ལྡན་པས་རང་གང་ལ་ལྡན་པའི་ཆོས་སྲོག་ལྡན་ལྟ་བུར་སྟོན་པས་ན་སྲོག་ཅེས་པའི་སྒྲ་བཤད་དུ་རུང་བའི་ངོ་བོའོ། །དབྱེ་ན་ཕྱི་ནང་གཉིས། དང་པོ་ལ། འཇིག་རྟེན་ཆགས་པ་ལ་དགོས་པ། འཛིན་པར་བྱེད་པ་དང་། སྲུབ་པར་བྱེད་པ་དང་། དབྱིབས་སུ་བྱེད་པའི་རླུང་གསུམ་གཙོ་བོར་ཆགས་ནས་གནས་པ་ལ་དགོས་པ་ཕྱིའི་སྲོག་འཛིན་དང་ཐུར་སེལ་ལ་སོགས་པ་བཅུའོ། །ནང་གི་རླུང་ལ། སྔར་བཤད་པ་ལྟར་ཆེས་ཤིན་ཏུ་ཕྲ་བ་དང་། ཤིན་ཏུ་ཕྲ་བ་དང་། ཕྲ་མོ་དང་རགས་པ་དེ་བཞིར་གནས་པ་ནི་རིམ་པ་ལྟར་གཞོམ་མེད་ཀུན་འགྲོ་སྟེ་སངས་རྒྱས་ཀྱི་སར་ཡང་འགྲོ་བ་ཡིན་ལ། འདི་སེམས་དང་ངོ་བོ་གཅིག་པས་རླུང་དངོས་མིན་པའི་ཕྱིར་སངས་རྒྱས་ཀྱི་ས་ན་རླུང་མེད་པར་གསུངས་པ་དང་། གཟུགས་མེད་དང་བར་དོའི་སེམས་ཅན་ལའང་ཡོད་པ་དང་། གཉིད་དང་རྨི་ལམ་གྱི་གནས་སྐབས་ན་ཡོད་པ་དང་། སད་པའི་གནས་སྐབས་ན་རྫོགས་པར་རྒྱུ་བའོ། །ཡང་ན་ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་རྟོག་མེད་བདེ་ཆེན་གྱི་རྟེན་ཡོན་ཏན་ཅན་དང་། ལས་ཀྱི་རླུང་ཞེས་བྱ་བ་རྟོག་བཅས་སྡུག་བསྔལ་གྱི་རྟེན་སྐྱོན་ཅན་གཉིས་སུ་གནས་པར་འདིར་ཡང་གསུངས་ཤིང་། རྒྱུད་རྡོར་འཕྲེང་དང་། སམྦུ་ཊ་དང་། ཕྱག་ཆེན་ཐིག་ལེའི་རྒྱུད་རྣམས་སུ་གསུངས་ཏེ། རྣམ་རྟོག་མེད་པའི་རླུང་ཤར་ན། །གང་ཤེས་རྡོ་རྗེ་སེམས་དཔའ་ཡི། །རང་དངོས་གོ་འཕང་བཟང་པོ་ཐོབ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་བདག །སྒོམ་དང་སྒོམ་མིན་གོ་འཕང་བྲལ། །རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །སྣ་ཡི་བུ་ག་ལས་ནི་རྒྱུ། །ཞེས་སོགས་གསུངས་སོ། །འདིའི་ཡེ་ཤེས་ནི། ནམ་མཁའ་རླུང་མེ་ཆུ་སའི་ཟླས་གྲངས་པའི་ཡེ་ཤེས་ཀྱི་རླུང་ལ་མི་བྱ་སྟེ། དེ་ནི་སྣ་བུག་གཉིས་ཀའི་དབུས་ནས་མཉམ་པོར་རྒྱུ་བའི་ཕྱིར་རོ། །རྒྱུད་འདི་དང་རྡོར་འཕྲེང་སོགས་སུ་རླུང་གི་ངོ་བོ་དབྱེ་བསྡུ་སོགས་རྒྱས་པར་གསུངས་པ་རྣམས་ནི་རགས་པའམ་ལས་རླུང་ཉིད་ཀྱི་དབང་དུ་བྱས་པ་ཡིན་ཏེ། འདུས་པ་ཕྱི་མ་ལས། འབྱུང་བ་ལྔ་ཡི་རང་བཞིན་དབུགས། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་ནན་ཏན་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་སོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།