གསའ་ནག་པོའི་སྙན་ངག
རྩོམ་པ་པོ།:གསའ་ནག་པོ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2026-03-27 08:35:30
ཀློག་གྲངས།:
དབྱངས་ཀྱི་བདག་པོ།
སྒྲོག་ཙེའི་མཐའ་རུ་ནད་ཀྱིས་བརླམས་པའི་མཚུངས་གསལ་གྱི་སྒྲ་དེས
རང་ཉིད་ཀྱི་བདག་པོ་རྙེད་ཨེ་བྱུང
རྙེད་མེད་ན བདག་སྒྲ་དང་སྐུལ་ཚིག་གིས་ཅི་བྱ
ཚིག་གྲུབ་ཀྱི་ནམ་མཁའ་མཛེས་བྱེད་དུ
ཁྱེད་ཀྱིས་གླུ་སྣ་ཚོགས་བླངས་མོད
ཡིན་ནའང གནའ་བོའི་རྡོ་རིང་གི་རྨ་ཤུལ་ཆེ་ནས་ཆེ་རུ་འགྲོ
དུས་ཚོད་འདིར
གསེར་གྱི་ཡིག་ཕུད་དག་ཀྱང་བཙོན་དུ་འཁོད་ངེས་ན
སྲིད་པའི་འགྱུར་ཁུག་ལ་སྙིང་བོ་ཅི
“དུས་མཐར་འཚོ་བའི་མི་དག་ནི
ཤོག་ལྷེབ་སྟོང་བའི་ངོས་ཀྱི་གདུང་བ་ལྕི་མོ་ཁུར་མཁན་དག་ཨེ་ཡིན”
ཀྱེ གཡུ་ཡི་རྣ་རྒྱན་རླུང་ལ་བསྐྱོན་མྱོང་བའི་རོ་རྒན་དངོས་གྲུབ་ཅན
རེ་དོགས་ཀྱི་མིག་ཆུ་ལམ་ནས་སྐྱུར་དུས
ཁྱེད་ཀྱི་སྒྲུང་གླུ་གང་ན ཁ་ཕོ་དང་ང་རྒྱལ་གང་ན།
༢༠༢༢ལོའི་ཟླ༧པའི་ཚེས༣ཉིན།
གྱེས་བཞུད།
——སྙན་ངག་པ་གཅན་མེ་སྟག་ལ་སྐྱེལ་མ་ཞུས་པ།
མིག་ཟུང་བཙུམ་ཚེ་མུན་པ་སྔར་བཞིན་སེམས་ལ་མཛེས
གཙང་བོ་ནག་པོ་དང
དུས་ཚོད་ཀྱི་རལ་བ་ནག་པོ་དེ
ད་ལྟ ཁ་དོག་ཅེས་པའི་ར་བ་ལས་ཡོངས་སུ་བརྒལ་ཟིན
མིག་ཀོང་གི་སྣག་ཚས
ཁ་སང་གི་ནམ་མཁའ་ནག་པོ་ནག་རྐྱང་ཞིག་ཏུ་བསྒྱུར་རྗེས
ང་རང་མཚན་མོ་གཞན་ཞིག་ཏུ་ལྷུང
དེ་ནི2019ལོའི་དགུན་ཁ་སྟེ
ཁྱེད་དང་ཞལ་འཛོམས་ཀྱི་དུས་ཚོད་ཆེས་ལྕི་ཤོས་དེའང་ཡིན
ངས་ཇི་ལྟར་བསམས་ཀྱང
“ཁྱེད་ནི
མུན་པ་དང་ཆེས་ཉེ་བའི་ཁ་དོག་ཅིག་རེད”
ཚེ་ཡི་ཉི་མ་ཁྱེད་ཀྱི་ཕྲག་ཀོང་ནས་ཡར་འཕགས་ཏེ
མི་ལོ52ཕྱིན་སོང
དེ་ཡི་ཉིན་སྲིབ་ཏུ་རྡོ་བའི་ནགས་ཚལ་དང
ལྕགས་འཛེར་གྱི་ང་རོ
རྨ་ཁར་ཁྲག་བརྡོལ་བའི་གངས་རི་སོགས་ཡོད་མྱོང
དེ་ལྟ་ནའང
“ཁྱེད་ཀྱིས་རང་ཉིད་ལ་དབང་བའི་ལོ་རབས་དེར
རང་དབང་གི་སྨྲ་ལྕེ་སྤྲད་ཚར”
འཇིག་རྟེན་འདིར
ཟབ་ཚད་དུ་རློམ་དགོས་པ་མང་པོ་མི་འདུག
ཆེས་དྭངས་གཙང་གི་མིག་ཟུང་ཡང་ཉུང
མི་དག་ནི་འགྱིག་དང
ཤོག་བུའི་ཟོལ་གྱིས་ཡ་ཡོར་འགྲེངས་ཤིང་གསོན་པའི་ཚེ
“ཁྱེད་ཀྱིས་རང་ཉིད་ཀྱི་གླུ་སྐད་དྲུད་ནས
མ་ཡུམ་གཞན་ཞིག་དང་བརྩམས་ཆོས་གཞན་ཞིག་སྙེག་གིན་ཕེབས་སོང”
སྙན་ངག་པ་ལགས
ཁྱེད་ཀྱིས་ང་ལ་ཁེར་རྐྱང་གི་གོ་དོན་གསར་དུ་བཀྲལ་མྱོང་ཕྱིར
ད་ནི་མུན་པའི་འོད་ལ་འཐམ་པར་བྱ
ཚེར་ཕུང་བཞིན་འཛིང་བའི་སེམས་ཀྱི་ཡི་གེ་དེ་ཚོའང་སྐྱུང་བར་བྱ
སྨྲ་བའི་སྒོ་བཅད་པ་ལྟར
ང་སླར་ཡང2019ལོའི་དགུན་ཁ་དེར་ལོག་རྒྱུ་བྱུང་ན།
༢༠༢༢ལོའི་ཟླ༩པའི་ཚེས༢༡ཉིན།
ཉི་ནུབ་ཀྱི་གཞོན་ནུ་དེ།
རྩི་ཏོག་རྐང་གཅིག་གི་དར་རྒུད་ཁྲོད་མི་ཚེའི་རླུང་བུ་ངོས་ཟིན
རླུང་བུ་ཕར་གཡུག་ཚུར་གཡུག
བོར་ཟིན་པའི་སྲང་ལམ་དེ
བརྒལ་དཀའ་བའི་ལ་མོ་དེ
མཚམས་སྤྲིན་ལ་ལག་པ་བསྲིངས་མྱོང་བའི་གཞོན་ནུ་དེས་མིག་ཆུ་བཏང
གཞོན་ནུ་དེ་ཁ་བའི་ཁྲོད་དུ་རྒྱུགས
གཞོན་ནུ་དེ་ཆུ་མིག་དྭངས་མོ་ཞིག་ལྟར་རང་ཉིད་ཀྱི་རི་སྒང་དུ་བཞུར
ཉི་མ་རི་ཟོམ་ནས་མར་ལྷུང
ཡུལ་ཞེས་ལོག་ས་ཞིག་མེད་ནའང
མཚན་མོའི་སྨག་རུམ་ཁྲོད«པད་སྒྲོན་སྐྱོ་གླུ»ལེན་མཁན་གྱི་བུ་མོ་དེས
དུས་ཚོད་ཀྱི་སྒོ་ར་གཞན་ཞིག་ཏུ་ལག་གཡུག་བྱེད
ཉི་མ་ནུབ་ལ་བཞུད་ཀྱང་ཉི་ནུབ་ཀྱི་གཞོན་ནུ་དེ་སྔར་བཞིན་འོད་དུ་འཚེར
རྡོ་རྗེ་ཕ་ལམ་དང་འདྲ་བར
ཞོགས་ཟིལ་ཕྲ་མོ་དང་འདྲ་བར།
༢༠༢༤ལོའི་ཟླ༡༢པའི་ཚེས༧ཉིན།
སྙན་ངག་གི་འགུལ་སྐྱོད་ལ་རྣ་བ་བླགས་པ།
དལ་བ་དལ་བུར་ཉན་ཚེ
སྙན་ངག་ནི་སྐྲ་དང་ཁ་སྤུ་ནང་བཞིན་སྐྱེ་འོང་སྙམ་ཤར
ང་ཆུ་དང་འདྲ་བར་རླུང་དང་འདྲ་བར་སྟོན་ཀ་དང་འདྲ་བར་ཁུ་སིམ་མེར་བསྡད
མདུན་ཅོག་སྟེང་གི་ཅ་ལག་དག་ང་དང་འབྲེལ་མེད་ལྟར་སྡོད
དེ་ལྟར་སྡོད་པ་ལ་རྒྱུ་མཚན་མེད་པ་མིན
ང་སྔར་ལས་ཀྱང་ཁུ་སིམ་མེར་འདུག་དགོས་བྱུང
ཉི་འོད་སྒེའུ་ཁུང་དུ་འཕྲོས་འདུག
ཅི་ཞིག་རྨང་ནས་རྟོགས་པ་ལྟར་ཁུ་སིམ་མེར་སྡོད་མཁན་དེ་ང་རེད
ངའི་ཁ་གཏད་དུའང་ང་གཞན་ཞིག་ཡོད་ཚོད་རེད
ངས་ཁོ་མཐོང་མ་བྱུང
སྐྲ་ཉག་ཅིག་སར་ལྷུང་ཡང་དེས་སྒྲ་མ་ཕྱུང
མི་ཞིག་གསང་སྤྱོད་དུ་ཕྱིན་ཏེ་ཕྱིར་ལོག་ཀྱང་དེས་ངག་མ་སྨྲས
གློ་བུར་མེ་ལྕེ་ལྟ་བུའི་རྨི་ལམ་ལྟ་བུའི་ཚ་རེག་ཅིག་ང་ཡི་ཡིད་ངོར་འཁྱུག་ཙམ་འཁྱུག་ཙམ་བྱས
སྙན་ངག་གི་འགུལ་སྐྱོད་དེ་དུས་ཚོད་ཀྱི་འགུལ་སྐྱོད་དང་འདྲ་བོ་མི་འདུག
སྐད་ཅིག་མ་རེ་རེ་དང
གོམ་སྟབས་རེ་རེར་སིམ་པའི་སྟོང་སངས་དེ
ཆུ་དང་ཆུ་འདྲེས་པ་ལྟར་འཇམ་ཅག་གེར་གྱུར་འགྲོ
དེ་ལྟར་ན
སྙན་ངག་ནི་ཐ་སྙད་ཀྱི་ལྭ་བ་དག་མེས་ཚིག་རྗེས་ཀྱི་གཞོབ་དྲི་ལྟ་བུ་དེ་ཨེ་ཡིན
ང་རང་གི་དབང་བོ་ལའང་དོགས་པ་སྐྱེས།
༢༠༢༤ལོའི་ཟླ༡༠པའི་ཚེས༡༠ཉིན་བྲིས།
༢༠༢༤ལོའི་ཟླ༡༠པའི་ཚེས༡༥ཉིན་བསྐྱར་དུ་བཟོ་བཅོས་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号